སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་དང་པོ། རིན་པོ་ཆེའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་དང་པོ། རིན་པོ་ཆེའི་སྨན་སྡེ་བཤད་པ།

 

དང་པོ་རིན་པོ་ཆེ་ཡི་ནུས་པ་ལ། །མཆོག་དང་ཕལ་པ་གཉིས་ཡིན་མཆོག་གྱུར་པ། །རྒྱལ་དང་ཉན་རང་བྱང་སེམས་རྣལ་འབྱོར་གདུང༌། །རིང་བསྲེལ་མཆོད་འཆང་བསྟེན་པས་གདོན་སྲུང་ཞིང༌། །སྒྲིབ་སྦྱོང་ནད་སེལ་སྐྱེ་བ་དྲན་པ་ཡི། །ལྷ་ལས་ལྷག་པའི་དལ་འབྱོར་གཙང་འབྲས་འཐོབ།།

 

རིན་ཆེན་ཕལ་པར་མི་བཞུ་བཞུ་ཁམས་གཉིས།

མི་བཞུའི་ཁམས་ཀྱི་ནུས་པ་བསྟན་པ་ནི། །རྡོ་རྗེའི་ནུས་པས་ཐོག་ཀུན་བཟློག་པར་བྱེད། །གཡུ་ཡིས་དུག་དང་མཆིན་ཚད་སེལ་བར་བྱེད། །ཨིནྡྲ་ནིལས་ནད་ཀུན་མ་ལུས་སེལ། །ནོར་བུ་རིན་ཆེན་བཻ་ཌཱུརྱའི་རིགས་ཀྱིས། །འོད་དང་འཆང་བས་ནད་ཀུན་སེལ་བར་བྱེད། །པདྨ་རཱ་གས་ནད་དང་གདོན་ཀུན་འཕྲོག །ཆུ་སྙིང་མེ་ཡི་འཇིགས་པ་བསྲུང་སྐྱོབ་ནུས། །ཆུ་ཆུང་ནྰི་ལ་ཡང་ནི་དེ་དང་འདྲ། །སི་རག་དུག་དང་འབྱུང་པོའི་གདོན་ཀུན་སྲུང༌། །ཏཽ་རས་རིམས་དང་མིག་གི་ནད་ལ་ཕན། །མརྒཏ་ནད་རྣམས་ཀུན་ལ་མཆོག་ཏུ་ཕན། །གནྡྷིས་ས་གདོན་མཛེ་ཡི་ནད་ལ་ཕན། །རྡོ་ཡི་སྙིང་པོས་མཆིན་པའི་དུག་ནད་སེལ། །ཛཱ་ཏིས་སྲིད་སྤེལ་བྱིས་པའི་ཆུང་གདོན་ཐུབ། །ཙུ་(ཛུ་)ཏས་གྲིབ་གདོན་རྨི་ལྟས་ངན་པ་བཟློག །རྨ་བྱའི་མགྲིན་འདྲས་ཚད་པ་མ་ལུས་སེལ། །སྦྲུལ་གྱི་ནོར་བུས་དུག་སྲུང་ནད་ལ་ཕན། །ཆུ་ཡི་སྙིང་པོས་གནམ་ལྕགས་ཐོག་སྲུང་བྱེད། །ནལ་གྱིས་དུག་ཚད་སྦྱར་དུག་མཆིན་ནད་སེལ། །ཡིད་བཞིན་ནོར་བུ་འཆང་བས་བསམ་པ་འགྲུབ། །མེ་ཤེལ་གྲང་བའི་ནད་དང་གཟའ་ནད་འཇོམས། །ཆུ་ཤེལ་ཀླུ་གདོན་ཚད་པ་ཞི་བར་བྱེད། །བྷཻ་རོས་གདོན་རིགས་ཀུན་སྲུང་གཟེར་བ་འཇོམས། །ཁྱུང་སྐྱུག་དུག་སོགས་ནད་ཀུན་འཇོམས་པའི་མཆོག །ཁྲ་མེན་གཟའ་ནད་འབྱུང་པོའི་གདོན་ཀུན་ཐུབ། །ཤེལ་གྱིས་སྙིང་འཐིབས་བྱིང་རྨུགས་རྨོངས་པ་སེལ། །བྱུ་རུས་མཆིན་ཚད་རྩ་ནད་དུག་ཚད་སེལ། །མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། །གཟི་རྙིང་གཟའ་ཡི་ནད་དང་གདོན་གཟེར་འཇོམས། །མཆོང་དང་མརྒཏ་དག་ཀྱང་དེ་དང་འདྲ། །སྦུར་ལེན་མིག་གི་རབ་རིབ་ནད་ལ་ཕན། །ཤངྐ་ཤི་ལས་གདོན་ཀུན་སྲུང་བར་བྱེད། །ཆུ་ཡི་ནོར་བུས་ཚད་རིགས་མཐའ་དག་འཇོམས། །མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ། །ཉ་ཕྱིས་མུ་ཏིག་ནུས་པ་ཁྱད་པར་མེད། །པ་ཏྲས་སྦྱར་དུག་བརྟག་དང་སྲུང་བར་ནུས། །ཅེ་སྦྱང་རྭ་ཡིས་ཕྱུགས་ནོར་ནད་རྣམས་སྲུང༌། །དུང་གིས་རྣག་སྐེམ་འགྱིང་འབིགས་རུས་ཚད་སེལ། །ག་ཛ་དནྡས་གདོན་དང་རིམས་ནད་སྲུང༌། །གླ་བའི་ནོར་བུས་སྦྲུལ་སོགས་དུག་སྲུང་བྱེད། །རྡོ་བ་ཆར་འབེབས་སོ་སོར་ནད་བྱུང་སེལ། །ཆུ་ཚན་རིང་བསྲེལ་གདོན་ནད་ཐམས་ཅད་སེལ། །ཀུ་ཤ་བྷནྡྷས་རིམས་ནད་སེལ་བར་བྱེད།།

 

བཞུ་བའི་ཁམས་ཀྱི་ནུས་པ་བསྟན་པ་ནི། །གསེར་གྱིས་ཚེ་རིང་རྒས་སྲ་དབྱིག་དུག་སེལ། །དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །གསེར་དངུལ་ཐལ་བས་ཤ་རོ་རྨེན་རོ་གཅོད། །དངུལ་ཆུས་བཅུད་ལེན་ནད་གདོན་ཀུན་འཇོམས་མཆོག །ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། །ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ། །ལྕགས་ཐལ་མཆིན་དུག་དམུ་རྫིང་སྐེམ་པའི་མཆོག །ལྕགས་ཕྱེས་མིག་ནད་དུག་དང་སྨུག་པོ་འཇོམས། །ལྕགས་ཁུས་མཆིན་ཚད་མིག་ནད་ཤུ་བ་སེལ། །ལྕགས་དྲེག་མིག་ནད་སྦྱོང་དང་སེར་ནད་འཇོམས། །ལྕགས་སོལ་མིག་སེར་རུས་ཞེན་འདོན་པར་བྱེད། །ཐོང་ལྕགས་དུགས་ཀྱིས་ཚད་གཟེར་ཁྲག་གཟེར་འཇོམས། །ལྕགས་ཀྱི་བཙའ་ཡིས་མཆིན་པའི་ནད་ལ་ཕན། །གནམ་ལྕགས་རིགས་ཀྱིས་བགེགས་འཇོམས་སྨྱོ་བྱེད་ཐུབ། །ཐོག་ལྕགས་རྩ་དཀར་ནད་ལ་ཕན་པ་ཡིན། །ལི་ཡིས་མིག་གི་སྐམ་ཚག་རྡོ་འབྲས་འདུལ། །འཁར་བ་ར་གན་གཡའ་ཡིས་མིག་ནད་སེལ། །གཤའ་དཀར་རྨ་གསོ་དངུལ་ཆུ་འཆིང་བྱེད་ཡིན། །ཞ་ཉེས་དུག་འཇོམས་ཤ་རོ་གཅོད་པར་བྱེད། །ཏི་ཚ་དཀར་པོའི་དུད་པས་མིག་ལ་ཕན། །ཟི་ལས་རྨ་ཤུ་རེག་དུག་འཇོམས་པར་ནུས། །འཁྲོ་ནག་གདོན་གཟེར་སྲིན་དང་དུག་ནད་འཇོམས།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:23 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།