སྨན་རྩིས་དྲ་བ། - ཆེད་རྩོམ།

སྐར་མ་རྀཥིའི་ངོ་སྤྲོད་མདོར་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.09.2015
ཆེད་རྩོམ། >>

 


སྐར་མ་རྀཥིའི་ངོ་སྤྲོད་མདོར་བསྡུས།


སྐར་རྩིས་པ་ལྷ་དབང་ཚེ་རིང་།


བོད་ཀྱི་སྐར་རྩིས་གཞུང་དུ་དྲང་སྲོང་རྀཥི་ཞེས་སྐར་མ་རྀཥི་ཤར་བའི་དུས་ནི་བོད་ཟླ་བདུན་པའི་ཚེས་ཉེར་དྲུག་ཉེར་བདུན་ཙམ་ནས་ཞག་བདུན་གཅིག་རིང་འཆར་བ་ཡིན། སྐར་མ་དེའི་འོད་ཕོག་ཚད་ཀྱི་ཆུ་ཚང་མ་སྨན་ཆུར་གྱུར་འགྲོ་བས་བོད་ཀྱི་ཆབ་གཞུགས་དུས་ཆེན་ཟེར་བའི་སྲོལ་རྒྱུན་འདི་ལས་བྱུང་བར་བཤད། སྐར་མ་རྀཥི་ཤར་དུས་ཀྱི་ཆུ་བཟང་བའི་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པ་མཁས་པ་གོང་མས་གསུངས་ཡོད་པ་གཤམ་དུ་འཆད་རྒྱུ། སྐབས་བབ་སྐར་མ་རྀཥི་འཆར་སྐབས་ཆུར་ཞུགས་ན་གཟུགས་པོར་ཕན་པ་དང་། སྨན་སྦྱོར་ན་སྨན་རྣམས་བདུད་རྩིར་གྱུར་སྐོར་སོགས་བཤད་སྲོལ་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། སྔོན་ལ་རྀཥི་ནི་ལེགས་སྦྱར་སྐད་ཡིན་ཏེ། བོད་སྐད་དུ་དྲང་སྲོང་ཞེས་པ་ཡིན།

དེ་ཡང་རྀཥིའི་གཏམ་རྒྱུད་ཐུང་ངུ་ཞིག་དྲངས་ན་འདི་ལྟར་ཏེ། (མངོན་བརྗོད་མཁས་པའི་རྣ་རྒྱན་དུ། ཁྱིམ་ནི་ནོར་བུ་ཀེ་ཏ་ཀ དྲང་སྲོང་རྀཥིའི་ཁང་བཟང་ནི་ནོར་བུ་ཀེ་ཏ་ཀ་ཡིན་པར་གསུངས། ཀེ་ཏ་ཀ་དེ་སྔོན་གྱི་དུས་རིག་བྱེད་པའི་གཏམ་རྒྱུད་དུ་བསྐལ་པ་དང་པོ་ཆགས་དུས་སུ་འཇིག་རྟེན་གྱི་ཁམས་འདི་ཆུས་ཁེངས་ཏེ་ཡོད་སྟབས་འཇིག་རྟེན་བྱེད་པོ་ལྷ་ཆེན་དབང་ཕྱུག་གིས་རྒྱ་མཚོ་བསྲུབས་པས་འོད་ཆེན་པོ་ཞིག་ཐོན་པ་དེ་ནོར་བུ་མེ་ཤེལ་ཡིན་པས་དེ་མ་འོང་པར་འགྲོ་བ་མི་ཆགས་དུས་འོད་སྟོན་མཁན་ཞིག་དགོས་སྙམ་སྟེ་བར་སྣང་རླུང་གི་གོ་ལའི་སྟེང་བཞག་པས་ཉི་མ་དང་། སླར་ཡང་མཚོ་བསྲུབས་པས་ནོར་བུ་ཆུ་ཤེལ་ཞིག་ཐོན་པས་མཚན་མོར་འོད་འཕྲོས་བྱེད་གནམ་ལ་བཞག་པ་ཟླ་བ་དང་། ཡང་མཚོ་བསྲུབས་པས་ཆུ་དྭངས་བྱེད་ཀྱི་ནོར་བུ་རི་ཥིའི་ཁང་བཟང་ཐོན་པས་ཟླ་བ་དང་མཉམ་བར་སྣང་དུ་བཞག་པས་ཀེ་ཏ་ཀའམ་སྐར་མ་ར་ཥིའི་ཁང་བཟང་ཡིན་པར་བཤད། སླར་ཡང་མཚོ་བསྲུབས་པས་དུག་བུམ་པ་གང་ཐོན་པས་དེ་གཞན་དུ་བཞག་ན་སེམས་ཅན་ལ་གནོད་ཅིང་ལྟོ་བར་སོང་ན་ལྟོ་བ་འཚིག་པས་དེ་ལྷ་ཆེན་དབང་ཕྱུག་རང་ཉིད་ཀྱིས་མགྲིན་པར་བཟུང་བས་བཻ་ཌཱུརྱའི་མདོག་ལྟ་བུའི་མགྲིན་པ་ཤིན་ཏུ་ལེགས་པར་གྱུར་བའོ།)  གང་ལྟར་ཀེ་ཏ་ཀ་ཞེས་པ་རྙོག་པ་དྭངས་བར་བྱེད་པའི་དོན་ཡིན་པས་ནོར་བུ་ཀེ་ཏ་ཀ་ཞེས་ར་ཥིའི་ཁང་བཟང་ལ་ངོས་བཟུང་བ་དང་། ར་ཥིའི་ཁང་བཟང་ཞེས་གོང་དུ་བཤད་པ་ལྟར་ཀེ་ཏ་ཀས་ཆུ་རྙོག་དྭངས་བར་བྱེད་པའི་ཁྱད་ཆོས་ལྡན་ཡོད་པས་ན་སྐར་མ་རྀཥི་འཆར་སྐབས་སྐར་མའི་འོད་ཕོག་ཚད་ཀྱི་ཆུ་རྣམས་བདུད་རྩིར་གྱུར་སྐོར་གྱིས་བོད་དུ་མི་རྣམས་ཁྲུས་ལ་གཞུག་ཅིང་སྤྲོ་སྐྱིད་གཏོང་བའི་སྲོལ་ཡོད་དོ།།

སྐར་མ་རྀཥི་ཤར་དུས་ཀྱི་ཆུ་བཟང་བའི་བཤད་སྲོལ་མི་འདྲ་བ་མང་པོ་ཡོད་པ་ནི་འདི་ལྟར། དེ་ཡང་ཆུ་ལ་ངོ་བོའི་སྒོ་ནས་བསིལ་བ་དང་། ཡང་བ། དྭངས་བ། འཇམ་པ། ཞིམ་པ། དྲི་མི་ལྡན་པ་བཅས་ཀྱི་རང་བཞིན་ལྡན་པར་མ་ཟད། འཐུང་ན་རླན་འཛིན་པ་དང་སྐོམ་པ་སེལ་བ། ཚ་གདུང་སེལ་བ་བཅས་ཀྱི་ནུས་པ་ལྡན་ཡོད། ཆུའི་བཟང་ངན་སྐོར་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་ཆུ་རིགས་བདུན་དུ་དབྱེ་བ་ལས། མཆོག་ཏུ་གྱུར་པའི་ཆུ་འགོ་གངས་ལ་ཐུག་པ་བཞིན་ཞེས་སྡོམ་ཚིག་བཀོད་པ་ལྟར་རྩ་བའི་འབྱུང་ཁུངས་ཀྱི་སྒོ་ནས་དབྱེ་ན། ཡུལ་དུས་གཉིས་ཀྱི་ཁྱད་ཡོད་པ་ལས། དང་པོ་ཡུལ་གྱི་ཁྱད་པར་ནི། རླན་གཤེར་ཆེ་བའི་ཡུལ་དང་། བ་ཚྭ་ཅན་གྱི་ཡུལ། འདམ་རྫབ་ཅན་གྱི་ཡུལ། དུག་ཤིང་ནགས་ཚལ་ཅན་གྱི་ཡུལ། ཉི་འོད་དང་རླུང་ཕོག་ཉུང་བའི་ཡུལ་བཅས་ཀྱི་སྐྱེས་ཆུ་རིགས་ལ་ཆུ་ངན་ཟེར། དེ་ལས་ལྡོག་པའི་ཡུལ་ཕྱོགས་ཁ་ལྷོ་ལྟ་ཡིན་པ། ས་གཞི་གཙང་ལ་ཉི་འོད་ལེགས་པར་ཕོག་པའི་ཆུའི་རིགས་ལ་ཆུ་བཟང་ཟེར་གསུངས། ད་དུང་ཆུའི་ཡན་ལག་ལ་ཆར་ཆུ་དང་། གངས་ཆུ། གཙང་ཆུ། ཆུ་མིག་ཆུ། ཁྲོན་པའི་ཆུ། བ་ཚྭའི་ཆུ། ཤིང་ཆུ་སོགས་སོ་སོའི་གནས་དང་འབབ་སའི་དབང་གིས་བཟང་ངན་དབྱེ་བ་མང་པོ་བོད་ཀྱི་གསོ་རིག་གཞུང་ན་གསལ། ཡང་དུས་ཀྱི་ཁྱད་པར་གྱི་སྐོར་ལ་རང་རེའི་རྒན་རབས་པ་རྣམས་ཀྱི་ངག་འགྲོས་སུ་དཔྱིད་ཆུ་ངན། སྟོན་ཆུ་བཟང་ཞེས་གསུངས་པ་ལྟར་རོ།། དེ་ཡང་མཁས་པའི་གསུངས་ལས་དཔྱིད་ཀ་སླེབས་ཚེ་དགུན་དུས་བསགས་པའི་ཁ་རྡུལ་མི་གཙང་བ་རྣམས་དཔྱིད་ཀ་དང་སོས་ཀའི་དྲོད་རླུང་ཆེས་ཆེར་ལྡང་བས་ས་རླུང་འཕེལ་བ་དང་། ས་རླུང་དང་མཚོ་རླངས་འདྲེས་ཏེ་བར་སྣང་དུ་འཕྱུར་བའི་ཁ་ཆར་བབས་པས་རྡུལ་རླུང་མི་གཙང་བ་རྣམས་ས་སྟེང་གི་ཆུ་ནང་དུ་འདྲེས་པའི་རྐྱེན་གྱིས་ཆུ་དེ་ལྕི་ལ་རྩུབ་པ། དྲི་མ་ཅུང་ཟད་ལྡན་པ། བསྐོལ་ན་ལྦུ་བ་ཆེ་བ། བཏུང་ན་ཕོ་བར་གནོད་པ། བརྒལ་ན་ལུས་ལ་གཟན་པ་བཅས་ཀྱི་ཉེས་པ་ཡོད་པས་དཔྱིད་ཆུ་ངན་པའི་རྒྱུ་མཚན་དེ་ལྟར་དང་། དགུན་དཔྱིད་གཉིས་ཀྱི་དུས་སུ་བསགས་པའི་མཁའ་རླུང་མི་གཙང་བའི་རིགས་ཚང་མ་དབྱར་གྱི་དུས་སུ་ཉི་འོད་དང་རླུང་། ཆར་ཆུ་བཅས་ཀྱིས་སྟོབས་ཀྱིས་ཡང་ཡང་ཞི་བར་སྦྱངས་རྗེས་སྟོན་དུས་མཁའ་རླུང་རིམ་བཞིན་གཙང་བས་ཆར་ཆུ་དང་སྐྱེས་ཆུ་དྭངས་ལ་ཡང་བ། བསྐོལ་ན་ལྦུ་བ་མེད་པ། བཏུང་ན་ཕོ་བ་ལ་མི་གནོད་པ་བཅས་ཀྱི་ཡོན་ཏན་ཡོད་པས་ན་སྟོན་ཆུ་བཟང་ཞེས་གསུངས།

མདོར་དོན་བོད་ཀྱི་སྐར་རྩིས་རིག་པའི་གཞུང་ལས་བོད་སྔ་རབས་པ་རྣམས་ཀྱིས་དུས་ཚོད་ངེས་ཅན་ཞིག་གི་ཚད་འཛིན་བྱེད་ས་གཙོ་བོ་ནི་གནམ་གྱི་སྐར་མ་རྟགས་སུ་བཟུང་ནས་ཆུ་བཟང་ངན་དབྱེ་བ་འབྱེད་པར་བྱེད་ལ། ལོ་གཅིག་གི་ནང་དུས་བཞི་ཡང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ། དཔེར་ན། སྐར་མ་སྣྲོན་དང་སྣྲུབས་ཀྱིས་ནམ་སྐྱེལ་བའི་སྐབས་དབྱར་དུས་ཡིན་པས་དྲག་ཆར་བབས་རྗེས་ཆུ་རྙོག་པ་ཡིན་པས་ཆུ་ལ་བརྒལ་མི་ཉན་པ་དང་། སྟོན་ཟླ་འབྲིང་པོའི་ནང་དུ་ལྷོ་རིའི་རྩེ་ནས་སྐར་མ་རྀཥི་ཐོ་རེངས་དུས་སུ་མཐོང་དུས་ཆུ་དྭངས་ཤིང་ཚ་གྲང་སྙོམས་པའི་དུས་ལ་ངོས་འཛིན་གྱིས་བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་སྐབས་དེར་གཙང་འགྲམ་སོགས་ལ་ཁྲུས་བྱེད་པ་དང་སྦྲགས་སྤྲོ་སྐྱིད་གཏོང་སྲོལ་ཡོད། སྐར་མ་ར་ཥིའི་འོད་ཀྱིས་རྩྭ་ཆུ་ཇེ་བཟང་དུ་འགྱུར་ཚུལ་རྩིས་གཞུང་དག་ལས་དྲང་སྲོང་རྀཥི་ཞེས་ཟེར་ཞིང་། གླིང་འདིར་ཐོག་མར་འཆར་དུས་ཐོ་རེངས་དུས་སུ་ལྷོ་སྟོད་ཕྱོགས་ནས་མཐོང་བའི་སྐར་མ་འདི་ཉིད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཡིན་སྟབས་དེའི་འོད་ཆུ་ལ་ཕོག་ཚད་ཞག་བདུན་གྱི་རིང་ཆུ་བོ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་འགྱུར་བས། དེའི་ཚེ་ཁྲུས་ལ་ཞུགས་ན་གྲིབ་དང་འབག་བཙོག་ཐམས་ཅད་དག་པར་གསུངས། འདི་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་སྨོན་ལམ་གྱི་སྟོབས་ཡང་ཡིན་ཞེས་ཟེར་རོ།།


སྨན་རྩིས་ཟླ་གསར་འདོན་ཐེངས་༡༨ ནང་སྤེལ་ཟིན། 

མཐའ་མའི་འདོན་ཐེངས་།: 14.09.2015 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།