སྨན་རྩིས་དྲ་བ། - བོད་ཀྱི་སྨན་རྫས་རིག་པ།

སོ་མ་རཱ་ཛར་ངོས་འཛིན་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.02.2015
བོད་ཀྱི་སྨན་རྫས་རིག་པ། >>

 

༄༅། །བོད་ཀྱི་གསོ་རིག་དང་རྒྱ་གར་ཚེ་ཡི་རིག་བྱེད་གཉིས་ཀྱིས་སོ་མ་རཱ་ཛར་ངོས་འཛིན་ཚུལ་ལ་དཔྱད་པ།

 

 

སྨན་པ་ཚེ་བརྟན་མི་འགྱུར།
དྷ་ས་དབུས་སྨན་རྩིས་ཁང་།

 

བོད་ཀྱི་གསོ་རིག་གཞུང་ལུགས་ཁག་ནང་གསལ་བའི་སོ་མ་རཱ་ཛ་ནི། བདུད་རྩི་སྨན་གྱི་འཁྲུངས་དཔེ་ལས། སོ་མ་རཱ་ཛ་ཀླུང་ཤོད་སྐྱེ། །ལོ་མ་སྔོ་ལ་ཉག་ག་ཅན། །སྡོང་པོ་ཕྲ་ལ་རིང་བ་ཡིན། ཤུན་པ་གོས་དང་ཐག་པའི་རྒྱུར། །འབྲས་བུ་གྲོ་བོ་སྣུམ་པའི་མདངས། །[i]ཞེས་ དང་། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་ཕྲེང་ལས། འདི་རྒྱ་བལ་ལྷོ་མོན་གར་ནས་བྱུང་བས་གང་བུ་ཟུར་གསུམ་པའི་ནང་འབྲས་བུ་ལབ་སོན་ ནམ་ཐང་ཕྲོམ་འབྲུ་ཙམ་ལ་ནག་པོ་མཁལ་དབྱིབས་ནེའུ་ལེའི་རི་མོ་ཡོད་པ་དེ་ཡིན།[ii] ཞེས་སོགས་གསལ་བ་བཞིན། དེར་འཁོད་པའི་པར་རིས་ནང་གི་སྨན་རྒྱུ་དེ་ཉིད་བོད་ཕྱི་ནང་གི་བོད་ལུགས་གསོ་ རིག་མཁས་དབང་རིམ་འབྱོན་ཕལ་ཆེ་ཡིས་ཡོངས་གྲགས་སུ་སོ་མ་རཱ་ཛར་ངོས་འཛིན་གནང་ བཞིན་ཡོད། དེའི་རོ་ནི་ཚ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་ཡང་ཞིང་རྩུབ་ལ་སྐམ། ཕན་ཡོན་ནི། གྲུམ་བུ་ཆུ་སེར་གྱི་ནད་དང་། མཛེ་ནད། པགས་པར་ཤུ་ཐོར་སྐྱེས་པ། ཟ་ཕྲུག་ལངས་པ། སྲིན་ནད་སོགས་ལ་ཕན།  སྐྱེ་གནས་ནི། བོད་དང་། བལ་ཡུལ། རྒྱ་གར། རྒྱ་ནག་སོགས་ཡིན།

 

 

 

དེ་ཡང་དེའི་ཚད་ལྡན་རྒྱལ་སྤྱིའི་སྨན་མིང་ཐ་སྙད་ནི།(Abelmoschus moschatus Medik) ཡིན་ཞིང་མིང་གཞན་ལ་ Hibiscus 
abelmoschus L.
ཞེས་གསལ། དེང་དུས་ཚན་རིག་གིས་ཉམས་ཞིབ་བྱས་པར་གཞིགས་ན། བོད་ལུགས་སོ་མ་རཱ་ཛའི་སོན་ནང་ལྷན་སྐྱེས་སུ་ཡོད་པའི་སྐྱུར་རྫས་རིགས་ (Linoleic acid) ཞེས་པ་དེས་གྲུམ་བུ་དང་པགས་ནད་རིགས་ལ་ཕན་ཐོགས་ཚུལ་ཧི་མ་ལ་ཡའི་འཕྲོད་བསྟེན་བལྟ་སྐྱོང་ཞེས་པའི་དྲ་བ་དང་། རྩི་ཤིང་གི་རྗས་ནུས་དང་འགྲོ་བ་མིས་རྩི་ཤིང་བཀོལ་སྤྱོད་བྱས་པའི་བརྒྱུད་རིམ་ཡིག་ཆ་ཞེས་བྱ་བའི་དྲ་བར་གསལ།
འོན་ ཀྱང་བོད་ལུགས་སོ་མ་རཱ་ཛར་རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ལ་ཏ་ཀ་སི་ཏུ་རི་ཀ་ཞེས་ པར་ངོས་འཛིན་ཅིང་། དེས་ཁོག་པ་སྦོས་བརྒྱངས་དང་། སྙིང་ནད། རྒྱུ་མའི་ནད། ཁའི་ནང་གི་རྨ། སྐོམ་དད། སྐྱུགས་པ་སོགས་ལ་ཕན་པ་ལས་གྲུམ་བུ་ཆུ་སེར་དང་། པགས་ནད་རིགས་ལ་ཕན་པ་རྒྱ་གཞུང་ནང་མི་གསལ།

རྒྱ་གར་ཚེ་ཡི་རིག་བྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་སོ་མ་རཱ་ཛ་ནི། བོད་ལུགས་སོ་མ་རཱ་ཛ་ལས་སྐྱེ་དབྱེབས་སོགས་ཡོངས་སུ་ཐ་དད་ཡིན་ཞིང་། འདིར་པར་རིས་ནང་གསལ་བའི་སྨན་རྒྱུ་དེ་ཉིད་ཡིན། སྨན་དུ་སྤྱོད་བྱ་ནི་རྩ་བ་དང་། ལོ་མ། འབྲུ་གུ་བཅས་ཡིན་པ་དང་། འབྲུ་གུའི་རོ་ནི་ཁ་ལ་ཚ་བ་དང་། ཞུ་རྗེས་ཚ་བ། ངོ་བོ་བསིལ་ལ་སྐམ། ཕན་ནུས་ནི། རྩ་བས་སོ་རུལ་བ་སྔོན་འགོག་ཐུབ་པ་དང་། ལོ་མས་འཁྲུ་བ་སེལ་བ། འབྲུ་གུས་པགས་ནད་སྤྱི་དང་། ཤ་བཀྲ། ཟ་རྐོང་སོགས་ལ་ཕན་པ་དང་། སྙིང་ནད། དབུགས་མི་བདེ་བ། གཉན་ཚད། ཟུངས་ཁྲག་ཞན་པ་སོགས་ལའང་ཕན། སྐྱེ་གནས་ནི། བོད་དང་། བལ་ཡུལ། རྒྱ་གར། རྒྱ་ནག་སོགས་ཡིན། དེའི་ཚད་ལྡན་རྒྱལ་སྤྱིའི་སྨན་མིང་ཐ་སྙད་ནི་
Cullen corylifolium (L.) Medik. ཡིན་ཞིང་མིང་གཞན་ལ་Psoralea corylifolia L. ཞེས་གསལ། དེང་དུས་ཚན་རིག་གིས་ཉམས་ཞིབ་བྱས་པར་གཞིགས་ན་སྨན་དེ་ཡིས་རྒྱ་གར་ཚེ་ཡི་རིག་བྱེད་ནང་གསལ་བ་བཞིན་པགས་ནད་རིགས་ལ་ཕན་པའང་གསལ།[iii]

གང་ ལྟར་འཕགས་བོད་གསོ་རིག་གཞུང་ལུགས་ནང་གསལ་བའི་སོ་མ་རཱ་ཛ་ནི་སྐྱེ་དངོས་ཡོངས་ སུ་མི་འདྲ་བ་གཉིས་ཡིན་པ་གསལ་པོ་ཡིན། དེ་ཡང་སོ་མ་རཱ་ཛ་ཞེས་པའི་སྨན་མིང་ཐ་སྙད་འབྱུང་ཁུངས་ལ་གཞིགས་ན། དེ་ནི་རྒྱ་གར་ལེགས་སྦྱར་སྐད་ལས་བྱུང་ཞིང་། སྔ་མོ་ནས་རྒྱ་གར་ཚེ་ཡི་རིག་བྱེད་ནང་ཡོངས་གྲགས་སུ་བེད་སྤྱོད་བྱེད་བཞིན་པ་ དང་། ཕྱིས་སུ་ཐ་སྙད་དེ་རང་བོད་ཀྱི་གསོ་རིག་གཞུང་ལུགས་ནང་བེད་སྤྱོད་བྱས་པ་ཞིག་ ཡིན། དེ་ཡང་བོད་ཀྱི་གསོ་རིག་གཞུང་ལུགས་ནང་གསལ་བའི་སོ་མ་རཱ་ཛའི་མིང་གཞན་བཱ་གུ་ ཛཱི་ཞེས་པ་དེ་ཡང་རྒྱ་གཞུང་ནང་ གསལ་བའི་སོ་མ་རཱ་ཛའི་མིང་གཞན་གྱི་ཟུར་ཆགས་ཡིན་པར་སྣང་།  དེར་བརྟེན་སྨན་མིང་ཐ་སྙད་འབྱུང་ཁུངས་དང་བེད་སྤྱོད་སྔ་ཕྱི་བྱས་དབང་། ཡང་སྒོས་སུ་རྒྱ་གཞུང་ནང་པགས་ནད་རིགས་ལ་ཕན་པ་གསལ་བ་བཞིན་དེང་དུས་ཚན་རིག་ཉམས་ ཞིབ་རྒྱུད་དངོས་སུ་ཕན་པ་ར་འཕྲོད་བྱུང་ཡོད་པ་ལགས་ན། རྒྱ་གར་ཚེ་ཡི་རིག་བྱེད་ནང་ངོས་འཛིན་གནང་བཞིན་པའི་སོ་མ་རཱ་ཛ་ Cullen corylifolium (L.) Medik ནི་སོ་མ་རཱ་ཛ་དངོས་ཡིན་པར་སྣང་། འོན་ཀྱང་བོད་ཀྱི་གསོ་རིག་གཞུང་ལུགས་ནང་ངོས་འཛིན་བྱེད་བཞིན་པའི་སོ་མ་རཱ་ཛས་ ཀྱང་གཞུང་གསལ་ཕན་ནུས་བཞིན་གྲུམ་བུ་དང་པགས་ནད་རིགས་ལ་ཕན་པའི་རྒྱབ་རྟེན་གོང་ དུ་གསལ་བའི་དེང་དུས་ཚན་རིག་ཉམས་ཞིབ་རྒྱུད་ར་འཕྲོད་བྱུང་ཡོད་པས་སྔར་ལྟར་བེད་ སྤྱོད་བྱེད་འོས་པར་སྣང་བས་དཔྱད་པར་འཚལ།
མཐའ་ དོན་དུ། བོད་ཀྱི་གསོ་རིག་ནང་། དེ་ལྟ་བུའི་རྒྱ་གར་གྱི་སྨན་མིང་ཐ་སྙད་དང་གཅིག་མཚུངས་ཡིན་རུང་། ངོས་འཛིན་བེད་སྤྱོད་ཐད་འཕགས་བོད་གསོ་རིག་དབར་མི་མཐུན་པའི་སྨན་རྒྱུ་གང་ཙམ་ ཡོད། གང་ལྟར་སྨན་མིང་གཅིག་མཚུངས་ཡིན་མིན་ལ་མ་ལྟོས་པར་གཙོ་བོ་རང་རང་སོ་སོའི་སྨན་ གཞུང་ལས་གསུངས་པའི་ཕན་ ནུས་དང་དངོས་སུ་ནད་པའི་སྟེང་བེད་སྤྱོད་སྐབས་དེང་དུས་ཚན་རིག་ཉམས་ཞིབ་ཚད་ལྡན་ རྒྱུད་ཕན་ནུས་གང་ཐོན་མིན་དབར་དཔྱད་ཞིབ་དགོས་གལ་ཤིན་ཏུ་ཆེ།

 

དཔྱད་རྩོམ་གྱི་མཆན།



[i] བདུད་རྩི་སྨན་གྱི་འཁྲུངས་དཔེའི་ཤོག་ངོས་༤༦ ལ་གསལ།

[ii] ཤེལ་གོང་ཤེལ་ཕྲེང་གྱི་ཤོག་ངོས་་༡༩༡ ལ་གསལ།

[iii] Data Base on Medicinal Plants Used in Ayurveda and Siddha, vol 2. P.89

 

དཔྱད་གཞིའི་ཡིག་ཆ་ཁག
1. དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་། མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༥ལོར་པར་སྐྲུན་ཞུས།
2. ཁྲོ་རུ་ཚེ་རྣམ། གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སོང་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༠ལོར་པར་སྐྲུན་ཞུས།
3. ཀརྨ་ཆོས་འཕེལ། བདུད་རྩི་སྨན་གྱི་འཁྲུངས་དཔེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༡༩༩༣ལོར་པར་སྐྲུན་ཞུས།
4. སྨན་རམས་པ་ཟླ་བ། བོད་ཀྱི་གསོ་རིག་སྨན་རིས་གསལ་བའི་མེ་ལོང་། དེབ་ཕྲེང་གཉིས་པ། དྷ་ས་བོད་ཀྱི་སྨན་རྩིས་ཁང་ནས་༢༠༠༥ལོར་པར་ སྐྲུན་ཞུས།
5. སྨན་རམས་པ་ཚུལས་ཁྲིམས་སྐལ་བཟང་། སྐྱེ་དངོས་སྨན་རྗས་ཀྱི་དཔར་རིས་དང་ལག་ལེན་གཅེས་བཏུས། དྷ་ས་བོད་ཀྱི་སྨན་རྩིས་ཁང་ནས་ ༢༠༡༣ལོར་པར་སྐྲུན་ཞུས།
6.སྨན་རམས་པ་ཚེ་རིང་ནོར་བུ། བོད་ལུགས་གསོ་བ་རིག་པའི་སྐྱེ་དངོས་སྨན་རྗས་སྔོ་འབུམ་ཀུན་བཏུས། དེབ་ཕྲེང་གཉིས་པ། དྷ་ས་བོད་ཀྱི་སྨན་ རྩིས་ཁང་ནས་༢༠༡༣་ལོར་པར་སྐྲུན་ཞུས།
7. Data Base on Medicinal Plants Used in Ayurveda and Siddha, vol 2. AYUSH, Government of India

8. www.worldagroforestry.org/treedb/.../Abelmoschus_moschatus.pdf
9. P.S Khushuboo et al. Psoralea corylifolia Linn.—“Kushtanashini. Available from  http://www.ncbi.nlm.nih.gov/pmc/articles/PMC3249905/
10. ww.theplantlist.org
11.
 Dr. Duke's Phytochemical and Ethnobotanical Databases.  Available from www.ars-grin.gov/duke/

12. www.kew.org/http://www.efloras.org/
13. www.himalayahealthcare.com/herbalmonograph/ambrette-plant.htm

 

མཐའ་མའི་འདོན་ཐེངས་།: 02.02.2015 ཉིན། 9:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།