སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཤིང་བཟའ་སྐལ་བཟང་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.02.2018
གསོ་རིག་མཁས་དབང་རིམ་བྱོན། >>

 

ཤིང་བཟའ་སྐལ་བཟང་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

ཤིང་བཟའ་སྐལ་བཟང་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་པའི་ཁྲོ་བོ་ཞེས་བྱ་ཤིང་མོ་གླང་ངམ་སྤྱི་ལོ་ 1925 ལོའི་རྒྱལ་ཟླའི་ཚེས་བཅོ་ལྔ་ལ་ཡབ་ར་རྒྱའི་ཇ་སག་གི་མི་རྒྱུད་དུ་གྲགས་པ་རྟ་མགྲིན་སྐྱབས་དང་། ཡུམ་ཀླགས་རིའི་འགོ་བ་ཚང་གི་མི་རྒྱུད་ཨ་ཁྱབ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་མཛོ་དགེ་ཨ་སྐྱིད་དུ་སྐུ་འཁྲུངས། ར་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་དང་། ལྷ་མོ་གསེར་ཁྲི་རིན་པོ་ཆེ་བློ་བཟང་བསྟན་འཛིན་སེང་གེ། ཀུན་མཁྱེན་སྐྱབས་མགོན་བསྟན་པའི་རྒྱལ་མཚན་གསུམ་གྱི་ཟན་དང་ཐུགས་བརྟག་འདི་ལ་བབས་པས་ཤིང་བཟའ་སྐུ་ཕྲེང་ལྔ་བའི་ཡང་སྤྲུལ་དུ་ངོས་བཟུང་དང་ལྷན་སྐུ་བདག་སྟོད་སྨད་བར་གསུམ་དང་སྒར་འབྲོག་ཀུན་གྱི་ཡིད་ཚིམས་པ་བྱུང་སྟེ་དགུང་ལོ་ལྔའི་སྟེང་ཁ་དར་འཐེན།

དགུང་ལོ་དྲུག་པ་ལྕགས་རྟ་ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་ལ་སོག་ཡུལ་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་དུ་ཆིབས་བསྒྱུར་གནང་། རང་དགོན་དུ་བཤེས་གཉེན་དམ་པ་བློ་བཟང་བཀྲ་ཤིས་ཚང་ཡོངས་འཛིན་དུ་བཀུར་ནས་ཡི་གེ་འབྲི་ཀློག་དང་འདོན་ཆ། གསོ་རིག་གི་རྩ་མདོ་ཆུ་མདོ་བཅས་ལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་པས་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་སྒོ་ཀུན་ནས་མ་འཆུག་པར་མཛད།

དགུང་ལོ་བདུན་གྱི་སྟེང་གཉན་ཐོག་རིན་པོ་ཆེ་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། བློ་བཟང་ཆོས་གྲགས་ཞེས་པའི་ཞང་བོ་སྨན་རྒན་གྱི་གམ་ནས་རྩ་རྟགས་ཀྱི་དམར་ཁྲིད་དང་མེ་བཙའི་ལག་ལེན་སྦྱངས།

དགུང་ལོ་བཅུའི་སྟེང་གཉན་ཐོག་རིན་པོ་ཆེ་ལས་སྨན་གྱི་རྒྱུད་ཆུང་གསུམ་དང་། མན་ངག་བཀའ་རྒྱ་མའི་ལུང་ཐོབ་ནས་སྨན་གྱི་བྱ་བ་སྒྲུབ་པའི་བཀའ་གནང་། སྨན་སྦྱིན་བྱོས་དང་འགྲོ་དོན་འགྲུབ་ཞེས་ལུང་བསྟན་སྤྱི་བོར་ཐོབ། དེར་བརྟེན་བེ་སུའི་སྨན་པ་སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་ཀྱི་སྨན་རྒྱུད་འཛིགས་རྒྱམ་སྨན་གྱི་དགེ་རྒན་གཙོ་བོར་བསྟེན་ནས་ཁོང་གིས་རྒྱུད་བཞིའི་ཟབ་ཁྲིད་དང་ལག་ལེན། བླ་བྲང་ཨ་ཁུ་མཁྲེན་རབ་དང་ཨེ་མག་སྨན་རྒན་སོགས་ཀྱི་ལག་ལེན་དང་སྨན་ཡིག་སྣ་ཚོགས་ལ་བལྟ་རོགས་བྱས།

དགུང་ལོ་བཅུ་གཉིས་པ་མེ་གླང་ལོར་སྟག་ཚང་ལྷ་མོ་ཉིན་དུ་ཆོས་གྲྭར་ཞུགས་ནས་བཀའ་པོད་ལྔ་ལ་གསན་སྦྱོང་གི་འགོ་བརྩམས་ཏེ་ལོ་བཅུའི་བར་དུ་སྦྱངས་པ་མཛད། དེ་དང་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས། དཔང་ལོའི་ཕྱག་རྒྱུན་ལྟར་ལན་ཝར་དང་། ཐིག་རྩ་སྣ་ཚོགས་བསླབ་པ་དང་། སྨན་རྒྱུད་ཆུང་གསུམ་གྱི་ལུང་གསན། སྙན་ངག་སོགས་རིག་གནས་ཆུང་བ་དུ་མ་སྦྱངས། གཙང་བ་ཡོངས་འཛིན་གྱི་མདུན་དུ་ཡིག་རིགས་སྣ་ཚོགས་འབྲི་སྦྱོང་མཛད། འཛམ་ཐང་རི་ཁྲོད་པའི་མདུན་དུ་ལྷ་སྐུ་དང་མཆོད་རྟེན། དཀྱིལ་འཁོར་སོགས་ཀྱི་ཐིག་སྣ་ཚོགས་དང་། སྒས་ཐས་འཕྲིན་ལས་པ་ལས་བཟོ་ཡན་ལག་སྣ་ཚོགས་དང་། ཁྱད་པར་གསེར་རྩི་རྒྱག་པ་དང་། གཡུ་ཆུ་བྱུག་པ། པ་ཊའི་རི་མོ་སོགས་རིག་གནས་ཆུང་བའི་སྐོར་དང་། སྤྱི་ཚོགས་ལོ་རྒྱུས་ཀྱི་ཤེས་བྱའི་སྐོར་མང་པོའི་བཤད་རྒྱུད་གྱི་གཟབ་ཁྲིད་གནང་།

དགུང་ལོ་བཅུ་བདུན་པ་ལྕགས་སྤྲུལ་ཏེ་སྤྱི་ལོ་ 1941 ལོར་ཁམས་ཀྱི་རྒྱུད་པ་མཁན་པོ་ངག་དབང་དཔལ་བཟང་བའི་མདུན་དུ་རྒྱུད་བཞིའི་ཁྲིད་རྒྱུན་ཚང་བར་བསླབ། སློབ་དཔོན་གྱི་བདུད་རྩི་བུམ་པ་དང་བྱང་ཟུར་གྱི་རྒྱུད་འགྲེལ་མང་ཆེ་ཤོས། འབུམ་ནག་གསལ་སྒྲོན་སོགས་གསན་སྦྱངས་མཛད། མཁན་པོའི་ཞལ་བཀོལ་དང་དུ་བླངས་ནས། ཨུ་རུ་སི་ཤེས་རབ་བསྟན་འཕེལ་གྱི་སློབ་མ་རྒྱ་རིགས་དཔོན་མཆོག་དར་རྒྱས་ཀྱི་གམ་དུ་ཟླ་བཞིའི་རིང་ལ་ཕྱི་ལུགས་ཀྱི་སྐྱེ་ལུགས་རིག་པ་དང་། ལུས་ཀྱི་ཆགས་ཚུལ་དང་རོ་བཀྲ་གསར་བའི་འབྲི་སྟངས་སྐོར་སྦྱངས།

དགུང་ལོ་ཉི་ཤུ་བ་ཤིང་སྤྲེལ། སྤྱི་ལོ་ 1944 ལོར་མདོ་སྨད་བསྟན་པའི་མངའ་བདག་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཨ་ཁུ་ལྷ་མོ་ཚུལ་ཁྲིམས་རིན་པོ་ཆེ་ལ་རྒྱུད་བཞིའི་ཁྲིད་གནང་བར་ཞུས་པས། རྩ་རྒྱུད་ལས་ཕྱི་མ་རྣམས་ཁྲིད་ལོང་མ་བྱུང་བར་ཁམས་ཀྱི་ཁྲིད་རྒྱུན་ལྟར་ཨ་ཁུ་ཆོས་རྒྱམ་ཚང་ནས་ཟབ་ཁྲིད་ཞིབ་པར་གནང་། གཞན་ཡང་མཁས་པའི་དབང་པོ་གྲགས་ཅན་སྨན་རམས་པ་མང་པོའི་མདུན་དུ་ཉམས་མྱོང་གང་མང་ཞིག་གུས་པས་ཞུ་ལེན་བྱས། མན་ངག་སོགས་ཟབ་ཆོས་ཀྱི་གདམས་པ་མཐའ་ཡས་པ་གསན་ཏེ་ནད་པ་གསོ་བའི་འཕྲིན་ལས་ཕྱོགས་བཅུར་ཁྱབ།

དགུང་ལོ་ཉེར་གཉིས་ཐོག་གཉན་ཁྲིད་བརྒྱ་རྩ་འགྲིམས། ཁྱད་པར་དུ་རྡོ་རྗེ་འཆང་ལྷ་མོ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་མཛོད་འདུལ་གྱི་ཁྲིད་དང་། གཞན་བཀའ་ཆོས་ཁྱད་པར་བ་དང་དཔེ་ཁྲིད་རྒྱུན་རིང་གནང་བ་སོགས་དམ་པ་གཞན་ལས་བཀའ་དྲིན་ཆེ་བར་བསྐྱངས། བཀའ་དྲིན་མཚོན་ཕྱིར་དུ་དངུལ་སྲང་བདུན་སྟོང་ལྷག་དངོས་འབུལ་བྱས། དགུང་ལོ་སུམ་ཅུ་པར་ཕྱག་དང་མཆོད་པ་མཎྜལ་སོགས་འབུམ་རེ་ཕུལ་ནས་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱས།

དགུང་ལོ་སུམ་ཅུ་བ་ཤིང་རྟ་སྤྱི་ལོ་ 1954 ལོ་ནས་དགུང་ལོ་སོ་གསུམ་པ་མེ་བྱ་ལོའི་བར་སྟག་ཚང་ལྷ་མོའི་ཁྲིད་བསྐྱངས་པ་དང་། སྐྱབས་མགོན་གསེར་ཁྲི་རིན་པོ་ཆེའི་བཀའ་གསུང་སྤྱི་བོར་བླངས་ཏེ་དམུ་དགེས་ཁྲིར་བསྐྱངས།

དགུང་ལོ་སོ་གསུམ་པ་སྤྱི་ལོ་ 1957 ལོར་མཆོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སྲིད་གྲོས་ཀྱི་བྱ་བར་ཞུགས་ནས་ཅང་མ་འགོར་བར་རྫོང་དཔོན་དུ་བསྐོས། ཕྱུགས་ལས་འཛིན་པ་དང་ཕྱུགས་སྨན་ཡང་ཞོར་དུ་བྱས་པས་གྲུབ་འབྲས་འབུར་དུ་ཐོན།

སྤྱི་ལོ་ 1967 ནས་ 1973 ལོའི་བར་རིག་གསར་ཚེར་མའི་འཇིག་རྟེན་དུ་ཚུད་ནས་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་བསྐོན་ཏེ་བསྒྱུར་བཀོད་ཡ་ང་བ་བྱས་ཀྱང་ཁོང་གིས་ནམ་རྒྱུན་དུ་ཐུགས་ལ་ཆོས་ཀྱི་ལས་འབྲས་དང་འཇིག་རྟེན་གྱི་བདེན་དྲང་སྐྱོང་བ་ལ་སུན་སྣང་ཙམ་ཡང་སྐྱེ་མ་མྱོང་བའི་ལོ་རྒྱུས་ལ་སྐྱེ་བོ་རྣམས་ཧ་ལས་པའི་གནས་སུ་གྱུར།  1973 ལོར་ཞྭ་ཕུད་ནས་ཤིང་བཟོ་བྱེད་སྐབས་གསང་སྟབས་ཀྱིས་སྨན་ཡིག་རྙིང་བ་འཚོལ་བསྡུ་བྱས་ནས་རྩ་ཆུའི་བརྟག་པ་དང་ལྕེ་དང་གདོང་ལ་བརྟག་པ་སོགས་ལྗགས་རྩོམ་མཛད།  1977 ནས་ 11978 ལོའི་བར་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བོད་སྨན་གྱི་ལས་དོན་ལ་རྒྱུད་འཛིན་པ་ཡོད་པར་གྱུར། 1979 ལོར་རྒྱལ་ཡོངས་བོད་སྨན་གསོ་རིག་ཀུན་འདུས་རྩོམ་འབྲི་བྱེད་པའི་འགོ་ཚུགས། ཟི་ལིང་ནས་ལོ་གསུམ་ལ་མན་ངག་ཡོན་ཏན་རྒྱུད་ཀྱི་ལེའུ་ ༧༣ རྩོམ་འབྲི་གནང་དགོས་པའི་བགོ་སྐལ་བབས། སྨན་དཔེ་ཤིན་ཏུ་དཀོན་པས་བླ་བྲང་དང་སྡེ་དགེ་སོགས་ནས་སྨན་ཡིག་དུ་མ་དགུ་བཅུ་རྩ་གྲངས་ཞིག་ཡོད་པར་བྱས་པ་དང་། དཔེ་རྒྱུན་ཤིན་ཏུ་དཀོན་པ་སུམ་ཅུ་ལྷག་ཕྱག་བྲིས་མི་གནང་ཀ་མེད་བྱུང་ནས་འཚོལ་བསྡུ་བྱས་པས་བོད་ཀྱི་གསོ་རིག་གི་ལས་དོན་ལ་མཛད་རྗེས་ཉམས་པ་མེད་པར་བཞག ཁོང་གིས་དུས་རྒྱུན་གྱི་བྱ་བའི་ནང་མང་ཚོགས་ལ་འབྲེལ་འདྲིས་དམ་ཟབ་ཞིག་ཆགས་ཡོད་པ་དཔེར་ན་ལམ་ཐག་རིང་པའི་ནད་པར་ལྟ་སྐབས་སུ་ཐུགས་རྒྱུད་ཤིན་ཏུ་འཇམ་པའི་ངང་ནས་ས་ཆ་དེའི་མང་ཚོགས་ཀྱི་འཚོ་བ་དང་བདེ་སྡུག དཔལ་འབྱོར། སྤྱི་ཚོགས་ཀྱི་བདེ་འཇགས། དུས་བབས་ཀྱི་འགྱུར་ལྡོག་སོགས་འདྲི་བཞིན་ནད་པ་རང་གི་གནས་ཚུལ་བཅས་སེམས་ལྷོད་ནས་ཞུ་ཐུབ་པའི་ཐབས་མཁན་ཐུགས་ཀྱིས་སེམས་ཅན་གྱི་དོན་མཛད། གཞན་ཟི་ལིང་། སྐུ་འབུམ། བྱ་ཁྱུང་། གཅན་ཚ་སོགས་དང་དེ་མིན་ཁུལ་དང་རྫོང་སོགས་སུ་བོད་སྨན་སྡེ་ཁག་མི་སྣ་སྐོར་ཚན་མང་པོར་སྔ་གཞུག་ཏུ་གསོ་རིག་གི་རྩ་བའི་ཤེས་བྱ་གཞུང་ཐོག་ནས་ཁྲིད་སྦྱོང་དང་ལག་ལེན་གྱི་མཛུབ་ཁྲིད་གནང་། ད་ལྟ་རང་རྫོང་དུའང་སྨན་རམས་པ་འཇིགས་མེད་དང་ཚེ་བཀྲས་སྨན་གྱི་གཙོ་འགན་བཞེས་པ་ཨ་ལགས་ཨ་ཝས་སམ་བློ་བཟང་འཕྲིན་ལས་དང་། བཀྲ་ཚེ། འཇམ་དབྱངས་ཐུབ་བསྟན་སོགས་དང་། གཞན་ཡང་ས་གནས་སོ་སོ་ན་ཁོང་གི་དངོས་སློབ་མང་པོ་ཞིག་གསོ་རིག་གི་ལས་དོན་གྱི་རྐང་འཛིན་པར་གྱུར་ཡོད་པར་མ་ཟད་འགྲོ་དོན་རྒྱ་ཆེན་པོར་སྒྲུབ་བཞིན་ཡོད། དུས་རྒྱུན་རྒྱ་བོད་སོག་གསུམ་གྱི་ལོ་རྒྱུས་དང་ས་རྒྱུས་རིག་གནས་བཅས་ལ་བརྟག་དཔྱད་ཀྱི་ཆེད་དུ་རྒྱལ་ཡོངས་ཀྱི་ས་ཆ་ཕལ་ཆེར་དང་ཕྱི་རྒྱལ་གྱི་ས་ཆ་འགའ་ཞིག་ཏུ་ཕེབས་ནས་དཔྱད་གཞི་རྒྱུ་ཆ་གང་མང་ཞིག་གི་ལོ་རྒྱུས་ཀྱི་རམ་འདེགས་སུ་གྱུར་ཡོད། མདོ་སྨད་དུ་རིས་མེད་ཀྱི་སེར་སྐྱ་དམངས་ཚོགས་ལ་དམ་ཆོས་བདུད་རྩིའི་བགོ་སྐལ་མང་དུ་སྦྱིན་པ་དང་། ལྷག་པར་ཟི་ཁྲོན་དགའ་བོ་ལུང་དང་མཚོ་སྔོན་རྨ་ལྷོ་རྫོང་ནས་སྔ་མཇུག་ཏུ་དུས་འཁོར་དབང་ཆེན་ཐེངས་གཉིས་གསུངས་པ་དང་། དུས་རྒྱུན་ཁོང་ལ་དད་ལྡན་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་འབྱོར་བ་ཆུད་ཟོས་སུ་མི་གཏོང་བར་དགེ་འདུན་ལ་བསྙེན་བཀུར་དང་། གཙུག་ལག་ཁང་དང་མཆོག་གསུམ་གྱི་རྟེན་བཞེངས་པ་དང་། ལྷག་པར་དུ་འདས་པའི་ལོ་བཅུ་ཕྲག་གི་ནང་དུ་མདོ་དབུས་གཙང་གསུམ་གྱི་དགོན་སྡེ་ཁག་ལ་སྤྱི་འཇོག་དང་དགེ་འདུན་པ་མང་པོར་ཇ་ཐུག་འཛོམས་པའི་ཁར་རེ་རེའི་ཕྱག་ཏུ་དམངས་སྒོར་ 7-100 བར་གནང་ནས་འབྲེལ་ཚད་དོན་ལྡན་བྱས། རང་དགོན་ཤིང་བཟའ་དགོན་པ་དང་ལྷ་མོ་གསེར་ཁྲིའི་དགོན་པ། གཙང་དགུན་པ། བྱ་ཁྱུང་དགོན་པ། དགའ་བོ་ལུང་གི་སེ་ར་དགོན་པ་སོགས་སུ་གཙུག་ལག་ཁང་བཞེངས་པ་དང་རྒྱལ་བའི་གསུང་རབ་རྩ་ཆེན་མང་པོ་བླུས་པ་བཅས་བཀའ་དྲིན་དང་ཕྱག་རྗེས་བསམ་བརྗོད་ལས་འདས་པ་ཞིག་གནང་། ཁོང་དགོངས་པ་ཆོས་དབྱིངས་སུ་མ་ཐིམ་པའི་སྔ་ལོ་སྟེ་ 1996 ལོར་གློ་བུར་དུ་སྨན་ཁང་གི་བྱ་བ་དག་ལ་ཞལ་བཀོལ་མང་དུ་མཛད། དེ་རྗེས་རེ་ཞིག་ལ་ཡང་ 1997 ལོའི་ལོ་སྟོད་ལ་ང་ཚོ་སྨན་པ་འགའ་རེ་ཡུན་ནན་དང་འབར་མ་སོགས་གནས་ཆེན་འགའ་ལ་ལྟ་སྐོར་གྱི་ཚུལ་དུ་སྨན་རྫས་ངོས་འཛིན་བྱས་ཏེ་འདི་ངས་སྨན་ངོས་འཛིན་གྱི་མཐའ་མ་ཡིན་པ་འདྲ་ཞེས་གསུངས། དེ་རྗེས་གནས་ཆེན་ཁག་དེ་དག་ལ་མཇལ་སྐོར་བྱས་ནས་ཕྱིར་ཕེབས་ནས་རྟེན་འགང་ཆེན། སྟོན་པའི་རིང་བསྲེལ་ཞིག་ལ་མཇལ་བའི་ཕྱི་དྲོ་ཁོང་གིས་དེ་རིང་ནི་རྟེན་འབྲེལ་ཧ་ཅང་བཟང་། ནག་ཟླའི་ཚེས་བཅོ་ལྔ་རེད། སྔོན་དཔལ་ལྡན་འབྲས་སྤུངས་ནས་མཉམ་མེད་སྟོན་པ་ཐུགས་རྗེ་ཅན་གྱིས་དུས་འཁོར་རྩ་རྒྱུད་དང་ཤེར་ཕྱིན་གྱི་དམོ་གསུངས་པའི་ཉིན་ཡིན་པས་རྟེན་འབྲེལ་ཤིན་ཏུ་བཟང་། སྔོན་གནས་བརྟན་ཆེན་པོ་འོད་སྲུང་ཡང་ཞག་མ་བཞིའི་སྔོན་ཏག་ཏག་ལ་སྟོན་པའི་རིང་བསྲེལ་ལྷ་ཡུལ་ན་གནས་པ་ལ་སོགས་པ་རེ་རེ་བཞིན་མཇལ་ནས་མཐར་དགོངས་པ་ཆོས་དབྱིངས་སུ་གཤེགས། ང་ལ་མཚོན་ན་རྟེན་འབྲེལ་ཧ་ཅང་བཟང་གསུངས་ནས་གློ་བུར་དུ་ཐུགས་སྐྱོ་བས་སྤྱན་ཆབ་མང་དུ་བསིལ། དེའི་ཕྱི་ལོ་ 1998 ལོར་ཚེ་རྣམ་རིན་པོ་ཆེ་ལ་སྔ་ནས་ཞུས་ཡོད་པའི་མང་ངག་རྒྱུད་ཀྱི་ལུང་ཁྲིད་ལ་ཟི་ཁྲོན་དུ་ཕེབས་རྩིས་ཀྱི་སྐབས་སུ་སྐུ་སྙུན་ཡང་ཅུང་ཟད་ལྕི་རུ་འགྲོ་སྐབས་རེད། དད་ལྡན་བུ་སློབ་ཀུན་གྱིས་ཀྱང་ད་ལན་མ་ཕེབས་ན་ཞེས་ཞུ་བ་ཡང་ཡང་བྱས་ཀྱང་ཁོང་གིས་ང་ཕྱིར་ཡོང་ནས་ཁྱེད་ཅག་ལ་ལུང་རྒྱུན་སོགས་སྤྲོད་ཐུབ་པའི་ངེས་པ་མེད་མོད་ཇི་སྐད་དུ་རིག་པ་ནངས་པར་འཆི་ཡང་སློབ་ཞེས་གསུངས་པ་ལྟར་ང་ད་ཐེངས་ངེས་པར་དུ་འགྲོ་དགོས་ཞེས་གསུངས་པ་ལ་སུས་ཀྱང་བཤོལ་མ་ཐུབ། མཁན་པོས་ཀྱང་ལུང་རྒྱུན་སོགས་དགྱེས་བཞིན་བསྩལ་ཞེས་ཉིན་ཐོ་རེ་བྲིས་ཡོད། ཕྱིར་ཕེབས་ནས་ཅང་མ་འགོར་བར་ཚེས་བཅོ་ལྔ་སྟེ་སྤྱི་རྩིས་ལྟར་ན་ 1998 ལོའི་ ཟླ་ 4 ཚེས་ 16 ཉིན་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

བྱ་དགའ་དང་སྲིད་འཛིན་གོ་གཁྲེས་ནི་རྒྱལ་ཡོངས་སྲིཁྲུ་གྲོས་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། རྨ་ལྷོ་རྫོང་སོག་བོད་སྨན་ཁང་། གཅན་ཚ་བོད་སྨན་ཁང་བཅས་ཀྱི་མཚན་འཛིན་ཡོན་ཀྲང་གི་འཁོན་བཞེས་ཡོད། རྒྱལ་ཡོངས་ཀྱི་ཚན་རིག་ཤེས་བྱའི་བྱ་དགའ་དང་པོ་ཐོབ་པ་དང་། རྒྱལ་ཁབ་རིམ་པའི་བོད་སྨན་ཆེད་མཁས་ཀྱི་མཚན་སྙན་གནང་ཡོད།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 22.02.2018 ཉིན། 9:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།