སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

ལྷ་ས་སྨན་རྩིས་ཁང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

 

 

ལྷ་ས་སྨན་རྩིས་ཁང་།

དེ་ཡང་གངས་རིས་བསྐོར་བའི་ལྗོངས་འདིར་སྙན་པའི་གྲགས་པ་ལེགས་བྱས་སྐྱེ་བ་ལྔ་པའི་དབྱངས་སྙན་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་མཛེས་པ་སྨན་རྩིས་ཁང་ནི་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་(ཕྱི་ལོ་༡༩༡༦)ལོར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གསོ་དཔྱད་སྨན་དང་སྐར་དཔྱད་རྩིས་ཀྱི་རིག་པ་གཉིས་དུས་རབས་དང་མཐུན་པར་ཉམས་པ་སླར་གསོ་དང༌། མི་ཉམས་གོང་འཕེལ་ཆེད་ལྷ་སར་ཕྱག་བཏབ་ཅིང། བླ་སྨན་མཁྱེན་རབ་ནོར་བུ་མཆོག་ལ་གཞུང་ཞབས་རྩེ་སྐོར་ལས་ཚན་པའི་གོ་གནས་ཐོག་སྨན་རྩིས་ཁང་གི་འགོ་འཛིན་དང་དགེ་རྒན་ཆེན་མོ་གཅིག་ལྕོགས་ཀྱི་ལས་འགན་བསྩལ། སློབ་ཕྲུག་ཡོང་ཁུངས་གཙོ་བོ་དབུས་ཁུལ་གྱི་དགོན་སྡེ་དང་དམག་སྒར་ཁག་གི་ལོ་གཞོན་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཡོད་པ་དྲག་གྲས་འདེམ་སྒྲུག་བྱེད་པ་དང། དེའི་རྗེས་རིམ་པས་ཡོང་ཁུངས་རྒྱ་ཆེ་རུ་བཏང་སྟེ་བོད་ཆོལ་ཁ་གསུམ་གྱི་སྟོད་སྨད་བར་གསུམ་ནས་སློབ་ཕྲུག་བསྡུ་འགོ་ཚུགས་ཡོད། སློབ་ཡུན་ནི་སྨན་ལ་ལོ་གསུམ་དང༌། རྩིས་ལ་ལོ་གཉིས། སྨན་རྩིས་གཉིས་ལ་སྦྱངས་ན་ལོ་ལྔའི་གཏན་འབེབས་མཛད། སྨན་སློབ་རྣམས་ཀྱིས་རྒྱུད་བཞི་དང་འགྲེལ་པ་བཻ་སྔོན། སྡོང་འགྲེམས། བྱང་ཁོག་ཡུལ་ཐིག ནད་སྨན་སྤྲོད་པའི་ཉམས་ཡིག སྨན་གྱི་ནུས་པ་ཕྱོགས་བསྡུས། ཆོས་སྤྱོད་སོགས་བློ་འཛིན་རྒྱུགས་སྤྲོད་བྱེད་དགོས། རྩིས་སློབ་རྣམས་ཀྱིས་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་དང༌། སྐར་རྩིས་སྔོན་འགྲོ། ལྔ་པ་འཕྲོད། དུས་སྦྱོར། རྐང་བརྒྱ། དབྱངས་འཆར་སོགས་སྦྱངས་དགོས་པ་མ་ཟད། སྐར་རྩིས་པ་གཉིས་ཐུན་མོང་ནས་ལོ་གཅིག་གི་ལོ་ཐོ་ཆ་ཚང་བརྒྱབ་སྟེ་རྒྱུགས་འབུལ་ཞུ་དགོས།


        སྨན་རྩིས་ཁང་གི་སྤྱི་ཁྱབ་བདག་འཛིན་དེ་རྩེ་ཡིག་ཚང་ལ་ཡོད་པ་དང༌། སྨན་རྩིས་སློབ་ཕྲུག་གསར་བསྡུ་དང་སློབ་ཐོན་སྨན་རྩིས་པར་ལས་བསྐོ། ཕྱི་ནང་རྒྱུ་རྐྱེན་སོགས་ཀྱིས་ཕྱིར་འཐེན་བྱུང་པའི་སློབ་མའི་དགོངས་ཞུའི་རིགས་རྩེ་ཡིག་ཚང་བརྒྱུད་དགོས། སྨན་རྩིས་ཁང་གསར་དུ་བཙུགས་མ་ཐག་ཉིན་རེར་བསྟེན་གཏུགས་བྱེད་མཁན་ནད་པ་བཅུ་ཕྲག་འགའ་ལས་མེད་པ་དང༌། སྨན་རྒྱུའི་ཡོང་ཁུངས་སྔོ་སྨན་རིགས་དབྱར་དུས་དགེ་སློབ་རྣམས་སྨན་འཐོག་ལ་ཕེབས་ནས་བཏོག་པ་དེས་རང་མཁོ་རང་འདང་དང༌། ཁྲོག་སྨན་རིགས་བཀའ་ཤག་གི་བླ་ཕྱག་ལས་ཁུངས་དང༌། རྩེ་ཕྱག་ལས་ཁུངས་སོ་སོ་ནས་སྨན་ཕོགས་ཞུས་ཏེ་ཁུངས་འཁྱོལ་བྱེད་དགོས་པ་ལས་སྨན་གྱི་མ་རྩ་གང་ཡང་མེད། དེ་རྗེས་ནད་པ་མང་དུ་སོང་ཞིང་སྨན་གྱིས་འགྲོ་གྲོན་ཆེ་བའི་དབང་གིས་ཁྲོག་སྨན་ཉོ་སྒྲུབ་ཆེད་སྨན་རྩིས་ཁང་ནས་བལ་ཚོང་བརྒྱབ་སྟེ་རྒྱ་གར་ཀ་ལོན་སྦུག་སོགས་ནས་འབྲས་བུ་གསུམ་དང༌། བཟང་དྲུག ཨར་ནག་སོགས་མཁོ་སྒྲུབ་ཐུབ་པ་དེས་སྨན་རྒྱུའི་དཀའ་ངལ་སེལ་ཐུབ་པ་བྱུང༌།


རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང༌སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་སྐབས་སྨན་རྩིས་ཁང་ལ་སྔར་མུས་ལྟར་གཟིགས་སྐྱོང་གནང་ཡོད་པ་སྟེ། རྩེ་ཡིག་ཚང་བརྒྱུད་སྨན་རྩིས་འགོ་འཛིན་མཁྱེན་རབ་ནོར་བུ་མཆོག་ལ་མཁན་ཆུང་གི་གོ་གནས་བསྩལ་བ་དང་སློབ་ཕྲུག་རྣམས་ལ་དམག་མི་དཀྱུས་མའི་དམག་ཕོགས་སྤྲོད་རྒྱུར་དམིགས་བསལ་གྱི་བདག་རྐྱེན་གསོལ་རས་བསྩལ་བ་བཅས་ཀྱིས་སྨན་རྩིས་ཁང་གི་གནས་སྟངས་སྔར་ལས་དྲག་ཏུ་ཕྱིན་པ་དང༌། ཐོས་བསམ་སློབ་གཉེར་བྱེད་རྒྱུར་བསྐུལ་མ་ངེས་ཅན་ཞིག་ཐེབས་བཅུག་པར་མ་ཟད། སྨན་རྩིས་ཁང་གི་ནུབ་ངོས་སུ་སློབ་ཁང་དང་ལས་ཤག་གསར་བཞེངས་སོགས་ཨར་ལས་གསར་སྐྲུན་གྱི་ལས་སྒོ་རྒྱ་བསྐྱེད་བྱུང་། རྒྱལ་ཚབ་སྟག་བྲག་རིན་པོ་ཆེ་སྐབས་སུ་ཡང་སྨན་རྩིས་ཁང་ལ་སྔར་བཞིན་གཟིགས་རྟོགས་ཆེ་བའི་ཁར། བཀའ་ཤག་བརྒྱུད་མདོ་དབུས་ཁམས་གསུམ་སྟེང་འབྲུག་དང་། འབྲས་ལྗོངས། ལ་དྭགས་བཅས་ནས་སློབ་ཕྲུག་བསྡུ་བཞེས་ཀྱི་གསལ་བསྒྲགས་གནང་སྟེ་ཁྱོན་སྡོམ་དགེ་སློབ་མི་གྲངས་བརྒྱད་ཅུ་ཙམ་ལ་འཕེལ་རྒྱས་ཕྱིན།

 

ཕྱི་ལོ་ ༡༩༥༠ ལོར་ྋསྐྱབས་མགོན་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་བསྟན་སྲིད་ཐུགས་ཁུར་གཙང་བཞེས་གནང་བ་དང༌། བཀའ་ཤག་ནས་ཕྱག་རྟགས་ཕེབས་པ་ལྟར་སླར་ཡང་སྨན་རྩིས་ཁང་གི་ཕྱི་སྣོད་རྒྱ་བསྐྱེད་གནང་སྟེ་སྒོ་ར་ཤར་ནུབ་དབྱེ་བ་མེད་པ་གཅིག་གྱུར་དང༌། མདུན་ལ་སློབ་ཕྲུག་གི་ལས་ཤག་ཁང་མིག་བཅུ་དྲུག་དང༌། སྒོ་ར་རྒྱབ་ཀྱི་དབུས་སུ་ཚོམས་ཆེན་ཀ་བ་དྲུག དེའི་རྒྱབ་སྨན་སྦྱོར་ཁང་ཀ་བ་བཞི། ནུབ་ཏུ་སྨན་བཅོས་ཁང་ཀ་བ་གཉིས། ཤར་དུ་རྩིས་ཁང་ཀ་བ་གཉིས། དཔེ་མཛོད་ཁང་ཀ་བ་གཉིས་རེ་བཅས་བསྡོམས་པས་རྒྱ་ཁྱོན་དེང་སང་ཡོད་མུས་ཀྱི་བོད་ལྗོངས་སྨན་རྩིས་ཁང་གི་རྒྱ་ཁྱོན་དེ་བཞིན་གསར་བསྐྲུན་བྱུང༌།

 

ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་རྗེས། རྒྱ་ནག་གཞུང་གིས་དགའ་ལྡན་ཕོ་བྲང་སྐབས་ཀྱི་འཛིན་སྐྱོང་སྡེ་ཚན་དང་མ་ལག་ཡོད་ཚད་མེད་པར་བཟོས་པའི་དུས་མཚུངས། བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་སའི་ལྟེ་གནས་སྨན་རྩིས་ཁང་དེ་བཞིན་སྨན་ཁང་ཙམ་ལ་བསྒྱུར་བ་དང༌ཆབས་ཅིག ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་ཟླ་བསྒྲིལ་བཏང་སྟེ་མིང་ཙམ་ཡང་མ་བཞག་པར་ལྷ་ས་གྲོང་ཁྱེར་དམག་དོན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་སྒོ་བསྟེན་སྨན་ཁང་ཨང་གཉིས་པ་ཞེས་བཏགས་ཤིང་། ལོ་གཅིག་གི་རྗེས་སྨན་རྩིས་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང༌། དེའི་ཁོངས་སུ་བོད་སྨན་སྡེ་ཁག་གཅིག་འཛུགས་རྒྱུ་སོགས་ཀྱི་ལས་འཆར་བཀོད་ཀྱང། སྐབས་དེར་སྨན་རྩིས་ཁང་ལ་ཉིན་རེར་བསྟེན་གཏུགས་བྱེད་མཁན་གྱི་རྒྱ་བོད་ནད་པ་གྲངས་བརྒྱ་དང་ལྔ་བཅུ་ནས་ཉིས་བརྒྱ་བར་འཕར་སྣོན་བྱུང་ཡོད་པའི་རྐྱེན་གྱིས་འགྱུར་ལྡོག་གཏོང་མ་ཐུབ་པར་མུ་མཐུད་རང་སོར་བཞག་དགོས་བྱུང་བ་ནི་བོད་རང་བཙན་མ་ཤོར་གོང་བཀའ་ཤག་གི་འཛིན་སྐྱོང་འོག་ཡོད་པའི་ལས་ཁུངས་ལྷག་བསྡད་པ་གཅིག་པུ་དེ་ཡིན།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:30 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།