སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

- བྱམས་པ་འཕྲིན་ལས།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད་ནི་རབ་བྱུང་བཅོ་ལྔ་པའི་མེ་གླང་(སྤྱི་ལོ་ 1877) ལོར་ལྷོ་ཁ་གྲ་ནང་སྨིན་གྲོལ་གླིང་གི་ཉེ་འདབས་འདྲེས་བྱུང་སྒང་ཞེས་པར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ཚོང་འདུས་དགོན་དུ་ཆོས་ཞུགས་མཛད། རིང་པོར་མ་སོང་བར་ལྷ་སར་ལྕགས་རི་རིག་བྱེད་གླིང་དུ་རྗེས་འཛིན་རིག་པར་ཐོས་བསམ་གནང་བར་ཕེབས། ལྕགས་རིར་ཕེབས་ནས་སྔོན་དུ་གྲྭ་ཚང་རང་གི་འདོན་ཆ་སྤྱི་དང་། ཡང་སྒོས་དཔལ་ལྡན་རྒྱུད་བཞི་སོགས་ཐུགས་འཛིན་གནང་རྒྱུའི་རིགས་རྣམས་འབད་བརྩོན་ཆེན་པོས་དོན་གཉེར་མཛད་པར་བརྟེན་དུས་ཚོད་ཐུང་ངུ་ཞིག་གི་ནང་ཚོགས་རྒྱུགས་འབུལ་ཐུབ་ཅིང་། སྐབས་དེའི་དགེ་རྒན་རྣམ་པས་ཀྱང་བསྔགས་བརྗོད་ཡང་ཡང་མཛད་འདུག

དེ་རྗེས་རབ་ཚེས་མེ་བྱ་(སྤྱི་ལོ་1897)ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྐུ་བཅར་བླ་སྨན་བཀྲས་ཁང་དངོས་གཞི་བ་བྱམས་པ་ཐུབ་དབང་དང་། བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན་རྣམ་གཉིས་ལ་ལྕགས་རི་རིག་བྱེད་གླིང་ནས་འཚོ་བྱེད་བློ་གསལ་ཁག་ཅིག་བརྒྱུད་འཛིན་པར་སྦྱོང་བདར་བྱེད་དགོས་པའི་བཀའ་བསྒྱུར་ཕེབས་པ་ལྟར། བླ་སྨན་བྱ་སྦུག་པའི་དྲུང་དུ་སྐལ་བཟང་ལེགས་བཤད་གང་ཉིད་ཐེངས་དང་པོར་དམིགས་འཛུགས་ཀྱིས་གྲྭ་ཚང་ནས་གཏོང་གནང་གིས་ཁྱོན་ལོ་དགུའི་རིང་སློབ་དཔོན་བྱ་སྦུག་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་སྒོ་གསུམ་རྣམ་པར་དག་པའི་ངང་ནས་གསོ་དཔྱད་གྱི་གཞུང་བཤད་དང་། མན་ངག་ལག་ལེན་གང་ཅིར་སྙིང་རུས་ཆེན་པོས་གསན་སྦྱོང་དང་འབྲེལ་ཞོལ་ཁང་སེར་ཞེས་པར་གཏན་བཞུགས་གནང་། སློབ་དཔོན་བྱ་སྦུག་པ་དགོངས་པ་གཞན་དོན་དུ་ཕེབས་རྗེས་ལྕགས་རིར་ཕྱིར་ཕེབས་མ་གནང་བར་གཞིས་དགོན་དུ་འགྲོ་དོན་བསྐྱངས་རྒྱུའི་དགོངས་བཞེད་ཐུགས་ལ་བཅངས་དུས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྔར་བཞིན་ལྕགས་རིར་བཞུགས་དགོས་པའི་ཞལ་ཏ་མཛད་ཀྱང་ཨུ་ཚུགས་ཀྱིས་དགོངས་ཞུ་མཐར་སྐྱེལ་གནང་སྟབས་མཐར་བཀྲས་ཁང་སྤྱི་ཁྱབ་མཁན་པོར་སྙན་གསེང་གནང་བས་སྤྱི་ཁྱབ་མཁན་པོས་ཁྱེད་རང་བྱ་སྦུག་པའི་དངོས་སློབ་དྲག་གྲས་ཡིན་པ་དང་། བྱ་སྦུག་པའི་ཕྱག་བཞེས་རྣམས་ལྕགས་པོ་རིའི་དགོན་པར་བརྒྱུད་སྤེལ་བྱེད་རྒྱུ་གལ་ཆེན་ཡིན་པས་ངེས་པར་དུ་ཕྱིར་ལོག་བྱེད་དགོས་ཞེས་བཀའ་ནན་ཕེབས་དུས་ཐབས་ཤེས་མཛད་དེ་གལ་ཏེ་ལྕགས་རིར་ལོག་དགོས་བྱུང་ན་སྐྱ་རྩ་བབས་ཀྱི་ཡིན་ཞེས་ཞུ་གནང་མཛད་པར་བརྟན། བཀྲས་ཁང་སྤྱི་ཁྱབ་མཁན་པོས་ཡང་བསྐྱར་བཀའ་ཕེབས་པར་ཁྱོད་རང་ལྕགས་རིར་དགེ་རྒན་ལས་རོགས་ཀྱི་མིང་འཁྱེར་དགོས་པ་ལས། སློབ་འཁྲིད་དང་། དགེ་རྒན་གྱི་འགན་འཁུར་མ་དགོས་པའི་དམིགས་བསལ་སྤྲད་ཆོག་ཅེས་གསུང་གི་གནང་བ་ཐོབ་རྗེས་གཞི་ནས་ལྕགས་རིར་ཕེབས་དགོས་བྱུང་།

ཤིང་འབྲུག་ (སྤྱི་ལོ་1904) ལོར་དབྱིན་ཇིའི་བཙན་འཛུལ་དམག་བོད་དུ་འབྱོར་པ་ཕྱིར་བཟློག་བྱེད་སྐབས་བོད་དམག་རྒྱལ་རྩེར་ཕེབས་ཤིང་། ས་བྱ་(སྤྱི་ལོ་ 1909)ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་རྒྱལ་ནང་ནས་གདན་ཞུ་བྱེད་མཁན་བཀའ་ཤག་དང་། ཡིག་ཚང་གི་སྨན་སྦྱིན་པར་སོག་ཡུལ་བར་ཕེབས་མྱོང་འདུག སྐབས་དེར་ཡར་ལམ་ཕེབས་ལམ་ལ་གནམ་གཤིས་གྲང་ངར་ཆེ་བ་དང་། ས་ཐག་རིང་བ་སོགས་གང་ཅིར་སྐུ་ངལ་ཆེན་པོ་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་མཚོ་སྔོན་གྱི་ཚ་འདམ་ཞེས་པའི་བར་ཕེབས་བསུར་ཕེབས་ནས་རྒྱལ་བ་ཡབ་སྲས་གཉིས་ཐུགས་ཡིད་གཅིག་གིས་ཉིན་ལྟར་འབྲལ་མེད་ཕེབས་པའི་སྐལ་པ་བཟང་པོའི་སྐོར་མང་པོ་དངོས་སློབ་མཁས་དབང་ཐུབ་བསྟན་ཚེ་རིང་མཆོག་ལ་གསུངས་པ་དྲན་གསོས་མཛད་ནས་ངོ་སྤྲོད་གནང་བྱུང་། ད་དུང་ཆུ་བྱི་ (སྤྱི་ལོ་ 1912) ལོར་ལུའུ་ཅུན་བོད་ལ་འབྱོར་དུས་གདན་ས་གསུམ་གྱི་སེར་དམག་གི་སྨན་སྦྱིན་པ་དང་། གཞུང་གིས་ཚོགས་འདུ་རྒྱས་འཛོམས་ཀྱི་སྨན་སྦྱིན་པའི་ཕྱག་ལས་གནང་བ་སོགས་ཀྱིས་སྙན་གྲགས་ཆེན་པོར་གྱུར། སྨན་གྱི་ལག་ལེན་ཐད་སྟོད་ལུགས་གཙོ་བོ་དང་། ཕྱི་བཅོས་བཅོས་ཀ་གནང་རྒྱུར་སྙིང་སྟོབས་ཆེ་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་སྟབས་སྣོད་ཀ་གཏར་རྒྱུ་དང་། རུས་ཆག་ཆག་བཅིངས་གནང་རྒྱུར་ཤིན་ཏུ་མཁས་པས་ནད་པ་མང་པོ་དྲག་སྐྱེད་བྱུང་། དེ་ཚོའི་ནང་ལ་བོད་རིགས་ནད་པ་ཡོད་ལ་ཕྱི་རྒྱལ་གྱི་ནད་པ་ཡང་ཡོད་པ་དཔེར་ན། རྒྱ་གར་ནས་ཡོང་བའི་སོ་ཚབ་སྒར་མཁན་སན་དྷ་སི་ཟེར་བ་བོད་ལ་ཡོང་བ་དང་། མི་དེ་ཐོག་ཀ་ནས་ཟགས་ཏེ་རྐང་པ་ཧྲུག་ཆག་སོང་བ་རྒན་སྐལ་བཟང་ལགས་ཀྱིས་སྙིང་སྟོབས་ཆེན་པོས་ཆག་བཅིངས་གནང་ནས་སེང་དྲག་བྱུང་བས་སྐབས་དེར་ལྷ་སར་སྙན་གྲགས་ཆེན་པོ་ཐོན་པ་སོགས་ལ་བརྟེན་རྗེས་སུ་ལྕགས་རི་གྲྭ་ཚང་གི་དགེ་རྒན་ངོ་མའི་ཐུགས་འགན་བཞེས་ཏེ་གསོ་རིག་འཆད་ཉན་དང་། སྨན་བཅོས་འགྲོ་དོན་གྱི་བྱ་བ་མ་ཉམས་ཡར་ལྡན་དུ་བྱུང་བའི་ཁར་ལྕགས་རི་གྲྭ་ཚང་གི་ཚེས་གཞིས་གཏོང་ཡོང་ཉམས་ཆག་ཅི་ཆེའི་གནས་སུ་གྱར་བ་རྣམས་ཐབས་མཁས་ཀྱི་སྒོ་ནས་གང་ལ་དེ་འཚམས་ཀྱིས་ཐུགས་ནུས་ཡོད་ཚད་འདོན་གནང་མཛད་དེ་ལེགས་སྤེལ་ཉེས་འགོག་བྱུང་བར་ལྕགས་རིའི་འཚོ་བྱེད་དབུས་ན་མཛད་རྗེས་ཆེ་བའི་གྲས་ཀ་ཡིན། མཐར་དགུང་ལོ་བདུན་ཅུ་དོན་ལྔ་(སྤྱི་ལོ་1951)ལོ་ལ་ལྕགས་རི་རང་ལ་སྐུ་ཚེའི་འདུ་བྱེད་སྟོངས། བརྒྱུད་འཛིན་སློབ་མ་མང་དག་བྱུང་བའི་ནང་ནས། གཙོ་བོ་མཁས་དབང་དགེ་རྒན་ཐུབ་བསྟན་ཚེ་རིང་ལགས་སོགས་བྱུང་སྟེ་བྱ་སྦུག་པའི་ཕྱག་ལེན་མ་ཉམས་གོང་འཕེལ་ངང་དུ་གནས་ཡོད།། །།

-འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།