སྨན་རྩིས་དྲ་བ། - ཆེད་རྩོམ།

ལུས་ནད་གཉེན་པོ་གསུམ་གྱི་འབྲེལ་བའི་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.12.2015
ཆེད་རྩོམ། >>

 


༄༅། །ལུས་ནད་གཉེན་པོ་གསུམ་ངོ་བོ་བདག་གཅིག་གི་འབྲེལ་བའི་སྒོ་ནས་ཕན་ཚུན་བྱ་བ་འབྱུང་བའི་སྐོར་ལ་

ཅུང་ཟད་དཔྱད་པ།

- ཐུབ་བསྟན་ཕུན་ཚོགས།

 

          བོད་ཀྱི་གསོ་བ་རིག་པ་ནི་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པའི་གཞུང་ལུགས་ཤིག་ཡིན་སྟབས། རྒྱུད་ཀྱི་ཚིག་དོན་རྣམས་ལ་ཕྲ་ཞིང་ཞིབ་པའི་རིགས་པས་ཞིབ་འཇུག་བྱེད་དགོས་པ་ནི་གནད་ཀྱི་ངེས་གསང་དུ་མཐོང་སྟེ། འདི་ནི་གསང་བ་མན་ངག་གི་རྒྱུད་གཞུང་ཡིན་པས་ཚིག་རེ་རེ་ལའང་དོན་ཆེ་ལ་དཔག་དཀའ་བའི་གནད་མང་པོ་ཡོད་པ་དང་། མཐོང་བ་བརྒྱུད་པའི་མན་ངག་གི་ཞལ་རྒྱུན་ཐོབ་ཚེ། ཚེགས་ཆུང་བ། བྱ་སླ་བ། ངེས་པར་མྱུར་དུ་འགྲུབ་པའི་ཁྱད་ཆོས་དང་ལྡན་པའི་གཞུང་ཡིན་པས་ན་འདིར་ཕྱི་རྒྱུད་ལས། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་པའི་ཚིག་རྐང་གཅིག་པོ་དེའི་དོན་ལ་དཔྱད་པ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

 

གཅིག འབྱུང་བཞིས་དངོས་པོ་སྤྱིར་སྐྱེད་ཚུལ།

          ལུས་ནད་གཉེན་པོ་གསུམ་ངོ་བོ་བདག་གཅིག་གི་འབྲེལ་བ་གྲུབ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་གསུམ་ཀའི་སྐྱེད་བྱེད་ཀྱི་རྒྱུ་འབྱུང་བའི་ངོ་བོ་གཅིག་ཡིན་པའི་ཕྱིར་ན་དེ་གསུམ་བདག་ཉིད་གཅིག་པའི་འབྲེལ་བ་གྲུབ་ཅེས་གསུངས་བཞིན་ཡོད་པ་རེད། འོ་ན་འབྱུང་བ་ཞེས་པ་དེ་གང་ལ་ངོས་འཛིན་དགོས་ཤེ་ན། དེ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་བྱེད་པའི་རྒྱུ་ཡི་གཙོ་བོ་དེ་ལ་ཟེར། དེས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྐྱེད་པར་བྱེད་ཅིང་། དེ་དག་ཐམས་ཅད་ལའང་ཁྱབ་ཡོད་པ་ཞིག་རེད། དཔེར་ན་ཕྱི་རོལ་གཟུགས་ཀྱི་དངོས་པོ་ཐམས་ཅད་འབྱུང་བྱེད་ཀྱི་རྒྱུ་ཡི་གཙོ་བོ་གཟུགས་ཀྱི་ཆུང་མཐའ་ཕྲ་རབ་ཀྱི་རྡུལ་ཡོད་པ་ནི། དེང་དུས་ཀྱི་མཁས་པ་དང་། གནའ་རབས་ཀྱི་མཁས་པ་གང་ཡིན་ཡང་ཚུར་མཐོང་གི་སྣང་ངོར་གཅིག་མཐུན་དུ་ཁས་ལེན་བཞིན་ཡོད་པ་འདི་རེད། ང་ཚོས་འདིར་བཤད་པའི་འབྱུང་བ་འདི་དག་གིས། བརྟན་གཡོའི་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་གཟུགས་མཐའ་ཕྲ་རབ་ཀྱི་རྡུལ་དེའང་སྐྱེད་ཅིང་། དེ་ལ་ཁྱབ་ཡོད་པ་ཞིག་འདོད་དེ། རྡུལ་རིགས་ཆུང་མཐའ་རྣམས་ལའང་འབྱུང་བ་བཞི་དང་གཟུགས་རེག་གི་རྡུལ་རྫས་རྣམས་འདུས་ཡོད་པའི་ཕྱིར། འབྱུང་བའི་རྡུལ་རྫས་དེ་དག་གི་སོ་སོའི་བྱེད་ལས་གཙོ་བོ་ནི། ས་ཡི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད། ཆུ་ཁམས་ཀྱིས་གཅིག་ཏུ་སྡུད་པར་བྱེད། མེ་ཁམས་ཀྱིས་སྨིན་པར་བྱེད། རླུང་ཁམས་ཀྱིས་གཡོ་བར་བྱེད། འབྱུང་བ་དེ་དག་ཕན་ཚུན་ཆ་སྙོམས་ཤིང་རྣམ་པ་ལུགས་འབྱུང་གི་ཚུལ་དུ་རྒྱུ་བའི་ཚེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་འཕེལ་བའི་དུས་ཏེ། སྐབས་དེར་ས་འོག་གི་གཏེར་དང་ས་སྟེང་གི་རྩི་ཤིང་སོགས་རང་བྱུང་ཁམས་ཀྱི་དངོས་པོ་རྣམས་གང་ཇི་ཙམ་བེད་སྤྱོད་བྱས་པ། དེ་ཙམ་དུ་ཟད་པ་མེད་པ་རང་ཤུགས་ཀྱིས་འཕེལ་རྒྱས་ཡོང་བཞིན་ཡོད་པ་དང་། ནམ་ཞིག་འབྱུང་བ་རྣམས་ནང་ཕན་ཚུན་ཆ་མི་སྙོམས་ཤིང་ཚུལ་མིན་དུ་རྒྱུ་བ་ན། འཇིག་རྟེན་གྱི་ཁམས་རྒུད་པར་འགྱུར་ཏེ། རང་བྱུང་ཁམས་ཀྱི་གཏེར་རྫས་དང་སྐྱེ་དངོས་རྣམས་རིམ་བཞིན་ཇེ་ཉུང་དང་ཇེ་འགྲིབ་འགྲོ་བཞིན་ཡོད་ཚུལ་མདོ་རྒྱུད་རྣམས་ལས་གསུངས་པ་དེ་དག་དོན་ལ་མངོན་སུམ་འབྱུང་བཞིན་ཡོད་པ་འདི་རེད། དཔེར་ན་དུས་ཡུན་ཐུང་ངུའི་ནང་དུ་ཡུལ་གྱི་འགྱུར་བ་མངོན་སུམ་དུ་མཐོང་ཐུབ་པ་ལོ་གཅིག་གི་དུས་ཚིགས་བཞིའི་འཕོ་འགྱུར་ལྟ་བུ་ཞིག་ལ་ཆ་མཚོན་ན། དཔྱིད་ཀྱི་དུས་སུ་དྲོད་རླུང་ལྡང་ཞིང་རྩི་ཤིང་རྣམས་ཁ་འབུས་པ། དབྱར་གྱི་དུས་སུ་རི་ཀླུང་ཀུན་དྲོ་ཞིང་ཆབ་ཆུ་མོད་ལ་རྩི་ཤིང་རྣམས་ལོ་འདབ་དང་མེ་ཏོག་རྒྱས་པ། སྟོན་གྱི་དུས་སུ་རྩི་ཐོག་དང་འབྲུ་རྣམས་སྨིན་པ། དགུན་གྱི་དུས་སུ་ཆུ་ཀླུང་རྣམས་འཁྱགས་པས་ཁེབས་ཤིང་རྩྭ་ཤིང་རྣམས་བསྐམས་ཏེ་རླུང་གིས་འདེད་པ་སོགས་ཀྱང་འབྱུང་བ་སོ་སོའི་ཁམས་འཕེལ་འགྲིབ་སྣ་ཚོགས་པའི་དབང་གིས་འབྱུང་བཞིན་ཡོད་པ་དང་། དེ་བཞིན་དུ་ནང་སྐྱེ་འགྲོའི་ལུས་ཁམས་ལའང་བྱིས་པ་ནས་དར་མའི་བར་ལུས་ཟུངས་རྣམས་འཕེལ་ཞིང་རྒྱས་པ་དང་། དེ་ནས་རྒན་པོའི་བར་ཉམས་ཤིང་རྒུད་པ། དེའི་བར་སྐབས་རྣམས་སུ་འབྱུང་བ་ཆ་མ་སྙོམས་ཤིང་འཁྲུགས་པའི་དབང་གིས་རླུང་མཁྲིས་བད་ཀན་ལ་སོགས་རྣམ་པར་གྱུར་པའི་ནད་ཀྱི་རིགས་རྣམས་སྐྱེད་ཅིང་ལུས་ལ་ཟུག་རྔུས་མནར་བ། དེའི་ཚེ་ན་འབྱུང་བ་གང་ཞིག་འཕེལ་བ་ལ་གོང་གནོན་དང་། ཟད་པ་ལ་ཁ་སྣོན། འཁྲུགས་པ་ལ་སྙོམས་བྱེད་དུ་གྱུར་པའི་རིན་པོ་ཆེའི་སྨན་དང་། ས་སྨན། རྡོ་སྨན། ཤིང་སྨན། རྩི་སྨན། ཐང་སྨན། སྔོ་སྨན། སྲོག་ཆགས་ཀྱི་སྨན་སོགས་ཐམས་ཅད་རང་རྒྱུ་འབྱུང་བ་བཞིས་སྐྱེད་པར་མཚུངས་ཀྱང་། ས་བོན་ཉིད་ཀྱི་འབྱུང་བའི་རང་བཞིན་ཕན་ཚུན་ཤས་ཆེ་ཆུང་གི་དབང་གིས་རོ་ནུས་གཅིག་ཏུ་མ་ངེས་པ། རོ་དྲུག ནུས་པ་བརྒྱད། ཞུ་རྗེས་གསུམ་ལ་སོགས་པ་སྨན་གྱི་ཡོན་ཏན་བཅུ་བདུན་པོ་དེ་དག་ཐམས་ཅད་འབྱུང་བའི་ཁམས་ལས་བྱུང་ཞིང་འབྱུང་བའི་ནུས་པ་རུ་གསུངས་ཏེ། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་དང་།  ཟིན་ཏིག་གཅེས་བཏུས་བདུད་རྩིའི་ཐིགས་པ་ལས། སྤྱིར་སེམས་ཅན་རྣམས་ཀྱི་རྒྱུད་ལ་རྒྱུ་ཉོན་མོངས་པ་དུག་གསུམ་ཡོད་པའི་དབང་གིས་འབྲས་བུ་ཉེས་པ་གསུམ་གྱི་ནད་ལྷན་སྐྱེས་སུ་གནས་ཏེ། དེའང་འདོད་ཆགས་ལས་རླུང་། ཞེ་སྡང་ལས་མཁྲིས་པ། གཏི་མུག་ལས་བད་ཀན། དེ་དག་གཉིས་རེ་འདྲེས་པ་ལས་ལྡན་པ་དང་གསུམ་ཀ་འདྲེས་པ་ལས་འདུས་པའི་ནད། ཤས་ཆེ་ཆུང་ནད་ཀྱི་དབྱེ་བ་མང་དུ་འབྱུང་ཡང་མདོར་བསྡུས་བཅོས་དགོས་ངེས་པ་ཡོངས་གྲུབ་ཚེ་ཡི་ནད་བརྒྱ་རྩ་གཅིག་ཏུ་གསུངས། ཞེས་སོགས་གསུངས་པ་ལྟར་རོ། །དེ་ལྟ་བས་ན་སྤྱིར་དངོས་པོ་ཐམས་ཅད་དང་། ལྷག་པར་དུ་ལུས་ནད་གཉེན་པོ་གསུམ་ངོ་བོ་རང་རྒྱུ་འབྱུང་བ་གཅིག་གི་ངོ་བོ་ལས་སྐྱེས་པའི་ཕྱིར་ན། དེ་དག་གི་ནང་ཕན་ཚུན་གྱི་འབྲེལ་བ་དེ་ཡང་བདག་ཉིད་གཅིག་པའི་སྒོ་ནས་གྲུབ་སྟབས། ཕན་ཚུན་གཅིག་ལ་གཅིག་གིས་བྱ་བ་བྱེད་པའི་ཚེ་ནའང་ཕན་གནོད་ཀྱི་རྣམ་པ་འབྱུང་སླ་བ་འདི་ཡིན།

 

གཉིས། འབྱུང་བཞིས་ལུས་གྲུབ་ཚུལ།

          1. བོད་ཀྱི་གསོ་བ་རིག་པའི་གཞུང་གི་བཞེད་སྲོལ་ལྟར་ན་འགྲོ་བ་སྤྱི་དང་ཁྱད་པར་མི་ཡི་ལུས་རྟེན་འདི་ཉིད་གྲུབ་པའི་རྒྱུ་ཡི་གཙོ་བོ་ནི་འབྱུང་བ་བཞི་ཡིན་ལ། དེས་ནི་ལུས་ཀྱི་ས་བོན་ཏེ་ཕ་མའི་ཁུ་ཁྲག་བསྐྱེད་པར་བྱེད་ཅིང་། དེ་དག་ལ་ཁྱབ་སྟེ་རིམ་བཞིན་མངལ་དུ་ལུས་གྲུབ་པའི་རྒྱུ་ཡི་གཙོ་བོ་བྱེད་བཞིན་ཡོད་པ་ནི། བཻར་སྔོན་ལས། དེ་བཞིན་དུ་ཕ་ཡི་ཁུ་བ་དང་། མའི་ཟླ་མཚན་ལ་རླུང་སོགས་ཀྱི་སྐྱོན་མེད་པ་དང་། སྔོན་གྱི་སྨོན་ལམ་དང་རྗེས་སུ་འབྲེལ་བའི་བར་དོིའི་རྣམ་པར་ཤེས་པ་ལས་ཀྱིས་བསྐུལ་བ་དང་།  དེ་དག་སོ་སོ་རང་རང་གི་འབྱུང་བ་ལྔའི་རང་བཞིན་དང་ཆ་ཤས་རྣམས་ཚང་ཤིང་འདུས་ལ། གནས་གཅིག་ཏུ་ཆགས་པར་རུང་བ་ནི་མངལ་ཆགས་པའི་རྒྱུ་ཡིན་ཏེ། དེའི་ཚེ་ཕ་མ་གཉིས་འཁྲིག་པ་ལ་ཞུགས་པ་ཙམ་གྱིས་ལྟོ་བ་སྦྲུམ་པར་མཐོང་བའི་ཕྱིར་རོ། །འདིའི་སྐབས་ཀྱི་འབྱུང་བ་ལྔ་ཞེས་པ་ནི། སྤྱིར་ཁུ་ཁྲག་སེམས་གསུམ་རང་རང་གི་ཆ་ལ་གནས་པའི་འབྱུང་ལྔའི་ཆ་ཤས་རྣམས་ལ་ཟེར་བ་ཡིན་ཀྱང་། ཁྱད་པར་དུ་བར་དོའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་གནས་པའི་འབྱུང་བ་ལྔ་ཤིན་ཏུ་ཕྲ་ཆ་ཞིག་ཡོད་པ་དེ་ལ་བྱ་ཞིང་། དེ་ཡང་གཞན་རྣམས་དང་མཉམ་དུ་ཚོགས་པར་རུང་བ་ཞིག་གི་དོན་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་འབྱུང་བཞིས་བསྐྱེད་པའི་ཕ་མའི་ཁུ་ཁྲག་དག་ལ་འབྱུང་བཞི་ཆ་མི་སྙོམས་པའི་ནད་ཀྱིས་སྐྱོན་མེད་པའི་ས་བོན་དེ་དང་། ལས་ཀྱིས་བསྐུལ་བའི་བར་དོའི་རྣམ་ཤེས་དེ་ཉིད། ཕ་མ་གཉིས་ཉལ་པོ་བྱས་པ་ལ་རྟེན་ཆགས་ཏེ། ཁུ་ཁྲག་སེམས་གསུམ་གྱི་འབྱུང་བ་ལྔ་པོ་ལྷན་ཅིག་ཏུ་ཚོགས་པ་དེ་ནི་མངལ་དུ་བུ་ཆགས་པའི་རྒྱུ་ཡི་གཙོ་བོ་ཡིན་ཏེ། བཤད་རྒྱུད་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་གཙུབས་ཤིང་དག་ལས་མེ་འབྱུང་མཚུངས། །ཞེས་གསུངས་པའི་ཕྱིར་རོ། །ལུས་ཀྱི་ས་བོན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་དེ་དག་རླུང་མཁྲིས་བད་ཀན་ལ་སོགས་པའི་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱི་སྐྱོན་གྱིས་མ་གོས་པ་ཞེས་པ་དེའང་། དོན་དུ་འབྱུང་བ་བཞི་པོ་དེ་དག་ཆ་སྙོམས་ཤིང་ཕན་ཚུན་མ་འཁྲུགས་པ་ཞིག་དགོས་པའི་དོན་ཏེ། གསོ་བ་རིག་པའི་གཞུང་གི་བཞེད་སྲོལ་ནི། དུག་གསུམ་འབྱུང་བ་བཞི་ལས་སྐྱེས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་དེ་དག་མདོར་བསྡུས་ན་ཚ་གྲང་གི་ནད་གཉིས་སུ་འདུས་ཏེ་མཁྲིས་པ་ལས་མ་སྐྱེས་པའི་ཚ་བ་དང་། བད་ཀན་ལས་མ་སྐྱེས་པའི་གྲང་བ་མི་སྲིད་པའི་ཕྱིར། འོ་ན་རླུང་གི་ནད་དེ་ཚ་གྲང་གང་གི་ཁོངས་སུ་གཏོགས་ཤེ་ན། རླུང་ནི་ཕྱོགས་གཅིག་ཏུ་མ་ཆད་པ་ཚ་གྲང་གཉིས་ཀའི་སྤྱི་ལ་ཁྱབ་བྱེད་ཀྱི་ཚུལ་དུ་འཇུག་སྟེ། ཚ་བའི་ནད་དང་ལྷན་དུ་བྱུང་ན་ལུས་ཟུངས་བསྲེག་པའི་གྲོགས་བྱེད་ཅིང་། གྲང་བའི་ནད་དང་ལྷན་དུ་བྱུང་ན་མེ་དྲོད་འཇོམས་པའི་གྲོགས་བྱེད་ལ། མདོར་ན་ལུས་ཀྱི་སྟོད་སྨད་ཕྱི་ནང་མ་ལུས་པ་ཀུན་ཏུ་ཁྱབ་པར་རྒྱུ་ཞིང་། ཚ་གྲང་གཉིས་ཀ་འཁྲུགས་ཤིང་སློང་བར་བྱེད་པ་སྟེ། དེས་ན་རླུང་ནི་ནད་ཐམས་ཅད་ཀྱི་རྒྱུ་ཡི་གཙོ་བོ་གཅིག་པུ་ཉིད་ཡིན་ཏེ། བཤད་རྒྱུད་ལས། མཁྲིས་པ་འཁྲུགས་པས་ལུས་ཟུངས་བསྲེག་པར་བྱེད། །འདི་ནི་མེ་ཡི་རང་བཞིན་ཚ་བས་ན། །སྨད་ན་གནས་ཀྱང་སྟོད་དུ་འབར་བར་བྱེད། །ཚ་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །བད་ཀན་འཁྲུགས་པས་ལུས་ཀྱི་མེ་དྲོད་འཇོམས། །འདི་ནི་ས་ཆུའི་རང་བཞིན་ལྕི་ལ་བསིལ། །སྟོད་ན་གནས་ཀྱང་སྨད་དུ་ལྷུང་བར་བྱེད། །གྲང་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། །ཉི་མར་ལྡན་ན་བསྲེག་པའི་གྲོགས་བྱེད་ཅིང་། །ཟླ་བར་ལྡན་ན་བསིལ་བའི་གྲོགས་བྱེད་ལ། །སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུ། །ཚ་གྲང་གཉིས་ཀ་འཁྲུགས་ཅིང་སློང་བར་བྱེད། །དེ་བས་རླུང་ནི་ནད་ཀུན་མ་ལུས་རྒྱུ། །ཞེས་གསུངས་པ་ལྟར་རླུང་མཁྲིས་བད་ཀན་གསུམ་པོ་དེ་ངོ་བོ་འབྱུང་བ་བཞི་ལས་མ་འདས་ཀྱང་། ལུས་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་རྣམ་པ་གསུམ་དུ་བསྡུས་ཏེ་རླུང་མཁྲིས་བད་ཀན་ཞེས་པའི་ཐ་སྙད་བྱུང་འདུག དེ་ཡང་རླུང་ནི་རྩུབ་པ། ཡང་བ། གྲང་བ། སྲ་བ། ཕྲ་བ། གཡོ་བ་བཅས་ཁྱད་ཆོས་དྲུག་ལྡན། འབྱུང་བ་རླུང་གི་ཁམས། མཁྲིས་པ་ནི་སྣུམ་པ། རྣོ་བ། ཚ་བ། ཡང་བ། དྲི་མནམ་པ། འཁྲུ་བ། གཤེར་བ་བཅས་ཁྱད་ཆོས་བདུན་ལྡན། འབྱུང་བ་མེ་ཡི་ཁམས། བད་ཀན་ནི་སྣུམ་པ། བསིལ་བ། ལྕི་བ། བརྟུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་བཅས་ཁྱད་ཆོས་བདུན་ལྡན། འབྱུང་བ་ས་དང་ཆུ་ཡི་ཁམས་ཏེ། ཉེས་པ་གསུམ་པོ་འདི་དག་གི་ངོ་བོ་འབྱུང་བ་བཞིའི་ཁམས་ལས་མ་འདས་པར་ཤེས་དགོས།


          2. དེ་ལྟར་ལུས་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་འབྱུང་བ་བཞི་པོ་དེས་ཇི་ལྟར་ལུས་ཀྱི་ས་བོན་བྱེད་ཅིང་ལུས་གྲུབ་པར་བྱེད་ཅེ་ན། བཤད་རྒྱུད་ལས། ཕ་ཡི་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །མ་ཡི་ཟླ་མཚན་ཤ་ཁྲག་དོན་སྣོད་སྐྱེད། །རང་གི་སེམས་ལས་དབང་པོའི་རྣམ་ཤེས་འབྱུང་། །ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །ཞེས་གསུངས་པའི་དོན་ནི་མངལ་དུ་ཆགས་པའི་བྱིས་པ་དེ་ཉིད་ཀྱི་སྤྱིར་ལུས་གྲུབ་བྱེད་དང་། བྱེ་བྲག་ལུས་ཀྱི་ཆ་ཤས་རྣམས་སོ་སོར་གྲུབ་བྱེད་ཀྱི་རྒྱུ་ཡི་གཙོ་བོ་རྣམས་གསལ་པོར་བསྟན་ཡོད་དེ། དེ་ཡང་ཐོག་མར་ཕ་མ་གཉིས་ཀྱི་ས་བོན་དག་ལས་ཕ་ཡི་ཁུ་བས་མངལ་དུ་གནས་པའི་སེམས་ཅན་དེའི་ལུས་ཀྱི་རུས་པ་དང་ཀླད་པ། གཞུང་པ་རྣམས་སྐྱེད་པར་བྱེད་ལ། མའི་ཟླ་མཚན་གྱིས་མངལ་གནས་དེའི་ཤ་དང་། ཁྲག་དང་།  དོན་སྣོད་བཅུ་གཉིས་རྣམས་སྐྱེད་ཅིང་། རང་གི་སེམས་ལས་མིག་ལ་སོགས་པའི་དབང་པོ་ལྔ་དང་རྣམ་པར་ཤེས་པ་ལྔ་པོ་འབྱུང་ཞིང་སྐྱེ་བ་ཡིན་ནོ། །ཚུལ་དེ་དང་མཐུན་པ་འབྱུང་བ་རྣམས་ཀྱི་ནང་ནས་ས་ཡི་ཁམས་ལས་མངལ་གནས་དེའི་ལུས་ཀྱི་ཤ་དང་རུས་པ་ལ་སོགས་སྲ་བའི་ཆ་ཤས་རྣམས་འབྱུང་ཞིང་ཁྱད་པར་དུ་སྣ་ཡི་དབང་པོ་དང་། དེའི་ཡུལ་དྲིའི་རང་བཞིན་རྣམས་སྐྱེད་པར་བྱེད་དོ། །ཆུ་ཡི་ཁམས་ལས་ཁྲག་དང་། ལུས་ཀྱི་རླན་བཤེར་དང་། ཁྱད་པར་དུ་ལྕེའི་དབང་པོ་དང་། དེའི་ཡུལ་རོ་དྲུག་གི་རང་བཞིན་རྣམས་སྐྱེད་པར་བྱེད་དོ། །མེའི་ཁམས་ལས་ལུས་ཁམས་ཀྱི་དྲོད་དང་མདངས་དང་། ཁྱད་པར་དུ་མིག་གི་དབང་པོ་དང་། དེའི་ཡུལ་གཟུགས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད་དོ། །རླུང་གི་ཁམས་ལས་དབུགས་དང་། ཁྱད་པར་ལུས་ཀྱི་དབང་པོ་འཛིན་པའི་པགས་པ་དང་། དེའི་ཡུལ་རེག་བྱའི་རང་བཞིན་རྣམས་སྐྱེད་པར་བྱེད་དོ། །ནམ་མཁའི་ཁམས་ལས་ཕྱི་ནང་གི་བུ་ག་རྣམས་དང་།  ཁྱད་པར་རྣ་བའི་དབང་པོ་དང་། དེའི་ཡུལ་སྒྲའི་རང་བཞིན་རྣམས་འབྱུང་ཞིང་བསྐྱེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་འབྱུང་བ་བཞི་པོ་དེ་དག་ལས་རེ་རེ་མ་ཚང་ནའང་ལུས་ཀྱི་ཆ་ཤས་རྣམས་མ་ཚང་པའམ་ཡན་ལག་ཉམས་པ་ཅན་འབྱུང་ངམ་ཞེ་ན། འབྱུང་བ་བཞི་པོ་དེ་དག་ཕན་ཚུན་མ་སྙོམས་པའམ་འཁྲུགས་པའི་སྐྱོན་བྱུང་ན་མངལ་ཆགས་མི་ནུས་པའམ་གལ་སྲིད་ཆགས་ཀྱང་དབང་པོ་སྐྱོན་ཅན་དང་། ཡང་ན་ཡན་ལག་ཉམས་པ་ཅན་འབྱུང་ལ། གལ་ཏེ་འབྱུང་བ་བཞི་པོ་དེ་དག་ལས་གཅིག་གཏན་ནས་མེད་པར་འགྱུར་ན་དབང་པོ་དང་ཡན་ལག་ཉམས་པ་ཙམ་ཕར་ཞོག མངལ་གཏན་ནས་ཆགས་མི་ནུས་ཏེ། བཤད་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཅེས་གསུངས་པ་ལྟར་འབྱུང་པ་བཞིའམ་ལྔ་པོ་དེ་དག་ལས་གཅིག་ཙམ་ཞིག་མེད་ནའང་མངལ་ཆགས་ཤིང་ལུས་འགྲུབ་མི་ནུས་ཏེ། དཔེར་ན། འབྱུང་བ་དེ་དག་ལས་སའི་ཁམས་མེད་ན་ལུས་འདི་སྲ་བ་ལ་སོགས་པའི་རང་བཞིན་ཕལ་ཆེར་མི་འབྱུང་བ་དང་། ཆུ་ཡི་ཁམས་མེད་ན་དེ་དག་གཅིག་ཏུ་སྡུད་མི་ཐུབ་པ། མེ་ཡི་ཁམས་མེད་ན་སྨིན་པར་མི་འགྱུར་བ། རླུང་གི་ཁམས་མེད་ན་རིམ་བཞིན་ཆེར་འཕེལ་མི་ནུས་པ་དང་། དེ་ཐམས་ཅད་ཡོད་ཀྱང་སྟོང་པའི་ཆ་སྟེ་ནམ་མཁའ་མེད་ན་འཕེལ་བའི་གོ་སྐབས་མི་ཕྱེད་པ། ཚུལ་འདིའི་སྐོར་ལ་དཔེར་དོན་དང་སྦྱར་བའི་འགྲེལ་བཤད་གོ་སླ་བ་ཞིག་བཻར་སྔོན་དུ་དྲངས་བའི་དགའ་བོ་མངལ་འཇུག་གི་ལུང་ལས་གསུངས་ཡོད་པ་འདི་ལྟར་ཏེ། མེར་མེར་བོའི་ལུས་དེ་དག་གལ་ཏེ་སའི་ཁམས་འབའ་ཞིག་དང་ལྡན་ལ། ཆུའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་ཕྱེ་དང་ཐལ་བ་སྐམ་པོ་བཅངས་པ་བཞིན་སྡུད་མི་ཐུབ་པར་འགྱུར་རོ། །གལ་ཏེ་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་སའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་འབྲུ་མར་རམ་ཆུའི་རང་བཞིན་སྣུམ་ཞིང་གཤེར་བ་ལ་སྲ་བ་མེད་པ་བཞིན་དུ་བོ་ཞིང་གྱེས་པར་འགྱུར་རོ། །གལ་ཏེ་ས་དང་ཆུའི་ཁམས་འབའ་ཞིག་དང་ལྡན་ལ་མེའི་ཁམས་མེད་པར་གྱུར་ན་ནི་འདི་ལྟ་སྟེ། དཔེར་ན་དབྱར་ཚ་བའི་དུས་སུ་ཤའི་གོང་བུ་གྲིབ་མ་ལ་བཞག་པ་ཉི་མའི་འོད་ཀྱིས་མ་ཕོགས་པ་བཞིན་དུ་འདྲུལ་ཞིང་མྱགས་པར་འགྱུར་རོ། གལ་ཏེ་ས་དང་ཆུ་དང་མེའི་ཁམས་དང་ལྡན་ཞིང་རླུང་གི་ཁམས་མེད་པར་གྱུར་ན་ནི་འཕེལ་བར་མི་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཁུར་བ་མཁན་ནམ་དེའི་སློབ་མ་མཁས་པས་ཁུར་བ་བཅོས་ནས་དབུགས་ཀྱིས་བུས་ཏེ་ཅི་དང་ཅི་བྱ་རྣམས་མངོན་པར་འདུས་བྱས་པ་དེ་དག་ནང་ཁོང་སྟོང་བྱེད་པ་ལ་གལ་ཏེ་རླུང་གི་སྟོབས་མེད་པར་གྱུར་ན་མངོན་པར་གྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་འབྱུང་བ་ཆེན་པོ་བཞི་པོ་དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་ཡོངས་སུ་བཟུང་ནས་རྣམ་པར་བཞག་པ་ཡིན་པས་དེའི་ཕྱིར་མེར་མེར་པོའི་ལུས་ནི་ཕ་མའི་འབྱུང་བ་ཆེན་པོ་བཞི་དང་ལས་ཀྱི་རླུང་གི་རྒྱུས་སྐྱེ་བར་འགྱུར་བ་དེ་བཞིན་དུ་རྐྱེན་མང་པོ་རྣམས་ཀྱི་ནང་ནས་དམིགས་པ་མི་འགྱུར་ཡང་། འདུས་པའི་སྟོབས་ཀྱིས་ལུས་ཡང་དག་པར་ལེན་པར་འགྱུར་བར་རིག་པར་བྱའོ། །ཞེས་འབྱུང་བ་སོ་སོའི་བྱེད་ལས་དང་།  ནུས་པ། དགོས་གལ་རྣམས་དཔེར་དང་བཅས་པས་བསྟན་ཡོད་པ་འདིས་འབྱུང་བ་བཞིའམ་ལྔ་པོ་འདི་ནི་ལུས་སྐྱེད་བྱེད་ཀྱི་རྒྱུ་དང་། བསྐྱེད་པ་ལ་གྲོགས་བྱེད་པའི་རྐྱེན་བཅས་ཐམས་ཅད་ཡིན་པར་ཤེས་ཐུབ།


          3. དེ་ལྟར་རྒྱུ་རྐྱེན་ཡོངས་སུ་ཚང་ནས་མངལ་ཆགས་ཏེ་རིམ་བཞིན་འཕེལ་བ་བཟུང་། སྲོག་དང་། ལུས་དང་། དབང་ཐང་། རླུང་རྟ་བཞི་པོ་ཕན་ཚུན་ཁ་འབྲལ་ཐབས་མེད་པ་ལྷན་སྐྱེས་སུ་གནས་ཏེ། ཚེ་ཡི་རྒྱུ་ན་མ་རྫོགས་ཀྱི་བར་དུ་བྱ་བ་བྱེད་བཞིན་ཡོད་པ་རེད། དེར་བརྟེན་མིའི་ལུས་ལ་ལྷན་སྐྱེས་སུ་གནས་པའི་སྲོག་ལུས་དབང་རླུང་རྣམས་ཀྱི་ཁམས་དང་།  ཕྱི་རོལ་ཡུལ་དང་དུས་ཀྱི་འབྱུང་བ་རྣམས་མཐུན་འཕྲོད་བྱུང་ཚེ། མི་ཡི་ཚེ་སྲོག་བརྟན་ཞིང་། ལུས་ཁམས་དྭངས་པ་དང་།  ལེགས་ལམ་ཆེ་བ་བཅས་ཡོང་གི་ཡོད་ལ། དེ་རྣམས་འགལ་འཕྲོད་དུ་བྱུང་ཚེ། ན་ཚ་གོད་རྐྱེན་དང་ཆེ་ན་སྲོག་ལ་རྒོལ་བ་སོགས་ཀྱང་འབྱུང་གི་ཡོད་པ་རེད། ཡིན་ནའང་དེང་དུས་ཕལ་ཆེར་གྱིས་སྲོག་ལུས་དབང་རླུང་ཞེས་པ་ནི་མཚན་གཞི་འཇོག་རྒྱུ་མེད་པ་བཤད་ཡམས་ལྟ་བུའི་ཐ་སྙད་ཞིག་ལ་ངོས་འཛིན་གྱིན་འདུག་ཀྱང་།  བསམ་ཚུལ་དེ་དག་ནི་བོད་ཀྱི་སྨན་རྩིས་ཀྱི་རིག་པ་ལ་བློ་མ་བྱང་བའི་ལན་པ་སྟེ། གསོ་བ་རིག་པའི་གཞུང་དུ་བསྟན་པའི་ལུས་ཀྱི་མཚན་ཉིད་རྣམས་ལེགས་པར་བྱང་ཆུབ་པ་ཞིག་བྱུང་ན་ད་གཟོད་སྲོག་ལུས་དབང་རླུང་གི་མཚན་གཞི་དེ་དག་ངོས་ཟིན་ཐུབ།


          དེ་ལས་དང་པོ་སྲོག་ཅེས་པ་དེ་ནི། སྤྱིར་བོད་ཀྱི་བསྟན་བཅོས་དག་ལས་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་དབང་པོ་ཞིག་ཏུ་འདོད་ལ། འདིར་གསལ་བཤད་ཅུང་ཟད་ཞུ་ན། ལུས་ཀྱི་ས་བོན་དུ་གྱུར་པའི་ཕ་མའི་ཁུ་ཁྲག་གཉིས་པོ་ལྷན་ཅིག་མའི་མངལ་དུ་འདྲེས་པ་དང་། ལུས་འདི་གྲུབ་པའི་ཐོག་མར་བྱུང་བའི་རླུང་དང་པོ་སྲོག་རླུང་ཨ་ཡི་རྣམ་པ་ཅན་དེས་ཁུ་ཁྲག་གཉིས་པོ་དཀྲུགས་ཤིང་སྡུད་པར་བྱེད་ཅིང་། དེ་ནས་སྲོག་རླུང་དེ་ལས་འཕྲོས་པའི་རླུང་ཀུན་ཏུ་སྡུད་པ། གཞན་ཡང་ལས་རླུང་མཛོད་ཀ་ཞེས་པ་དེ་གཉིས་ཀྱིས་རིམ་བཞིན་མངལ་ཆགས་ཀྱི་ས་བོན་དེའི་རྣམ་པ་བསྒྱུར་ཏེ། བདུན་ཕྲག་ལྔ་པ་མཁྲང་འགྱུར་གྱི་སྐབས་སུ། རྩ་རླུང་ཐིག་ལེ་ཐམས་ཅད་བསྐྱེད་པའི་རྩ་བ་ལྟ་བུའི་ལྟེ་བ་དང་། དེ་ལ་བརྟེན་ནས་རིམ་བཞིན་ཆགས་པའི་སྲོག་པ་རྩ་སྟེ་ཀུན་གཞིའི་སྲོག་གི་རླུང་དང་བཅས་པའི་རྟེན་དུ་གྱུར་པ་དེ་ནི་འདིར་སྲོག་གི་མཚན་གཞི་ཡིན་ཏེ། ལུས་ཕྱི་ནང་དུ་འབྲེལ་བའི་རྩ་དང་། རླུང་དང་། ཐིག་ལེ་རྣམས་བསྐྱེད་པའི་རྩ་བ་ཡིན་པ་མ་ཟད། དྲོད་དང་རྣམ་ཤེས་ཀྱི་རྟེན་ཡང་འདི་ཡིན་ཏེ། གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད་ལས། སྲོག་རྩའི་སྟོད་དུ་འབྲས་བུ་ལྟར་སྙིང་གནས། དེ་ལ་དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ་སྲིད་དེ། དྭངས་མ་རྩ་ཁྲག་དབུགས་དྲོད་ཐིག་ལེ་ལྔ་འདུས་པའི་ཐིག་ལེའི་དབུས་ན་རྩའི་དྭངས་མ་ཤེལ་གྱི་སྨྱུག་མ་ཞེས་བྱ་བ་ཁ་དོག་དཀར་གསལ། ཆེ་ཕྲ་རྟ་རྔ་ཙམ་ཞིག་ཀུན་གཞིའི་རྟེན་དུ་གནས། དེའི་ཕྱོགས་བཞི་ན་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དང་། ཉོན་མོངས་པའི་རྣམ་ཤེས་རྒྱུ་བའི་རྩ་དང་། ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་གནས། དེའི་འཁོར་རྩ་ཕྲན་ལྔ་བརྒྱ་དང་བཅས་ཏེ་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དྲན་པ་གསལ་བར་བྱེད་པས་ན་རྗེས་སུ་འཛིན་པའོ། །ཞེས་སྲོག་པ་རྩ་ནི་རྣམ་ཤེས་ཀྱི་རྟེན་ཡིན་པའང་གསལ་པོར་གསུངས་ཡོད། མདོར་ན་སྲོག་ཞེས་པ་ནི་མངལ་གནས་དེའི་དྲོད་དང་། དབུགས་དང་། རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་སྲོག་རྩ་དེ་ལ་ཟེར།


          ལུས་ཞེས་པ་དེ་ནི། མའི་མངལ་ན་ཁུ་ཁྲག་སེམས་གསུམ་ལྷན་གཅིག་ཏུ་ཚོགས་ནས་རིམ་བཞིན་བསྐྱེད་པའི་གདོས་བཅས་ཤ་ཁྲག་གི་ཕུང་པོ་ཡོངས་སུ་གྲུབ་པ་འདི་ལ་ཟེར་ཞིང་། ཞིབ་པར་ལུས་ཀྱི་གནས་ལུགས་དང་། མཚན་ཉིད། དབྱེ་བ་བཅས་ནི་བཤད་རྒྱུད་ལེའུ་བཞི་པ་དང་། ལྔ་པ། དྲུག་པ་བཅས་སུ་གསལ་བས་འདིར་མ་སྨྲས་ལ། ཞིབ་ཏུ་རྟོགས་པར་འདོད་ན་དེ་དག་ཏུ་བལྟ་བར་བྱའོ།།


          དབང་ཐང་ཞེས་པ་དེ་ནི། ལུས་སྲོག་གི་ཁམས་ལ་རང་ཆས་སུ་གནས་པའི་ནུས་པ་དེ་ལ་ཟེར་ཏེ། དཔེར་ན། ལུས་སྲོག་ལ་རང་གཤིས་སུ་གནས་པའི་ཁམས་དང་། དབང་པོ་དང་སྟོབས་ཤུགས་དང་། གཟི་མདངས་དང་།  ཐབས་དང་། རིག་པ་ལ་སོགས་པ་རྣམས་ཏེ། ཁམས་ཀྱིས་ལུས་སྲོག་རྒྱས་ཤིང་བརྟན་པར་བྱེད་པ། དབང་པོས་རང་ཡུལ་འཛིན་པར་བྱེད་པ། སྟོབས་ཤུགས་ཀྱིས་གཞན་ཕྱོགས་ཟིལ་གྱིས་གནན་པར་བྱེད་པ། གཟི་མདངས་ཀྱིས་གཞན་གྱི་ཡིད་ལ་དགའ་བ་དང་།  དད་པ་དང་། འཇིགས་སྔངས་ལ་སོགས་པའི་རྣམ་འགྱུར་མི་འདྲ་བ་རྣམས་བསྐྱེད་པར་ནུས་པ། ཐབས་ཀྱིས་བྱ་བ་ཆེ་ཕྲ་ཐམས་ཅད་དབང་དུ་བྱེད་ནུས་པ། རིག་པས་དོན་ཐམས་ཅད་ལ་དཔྱད་ཅིང་གཏན་ལ་འབེབས་ནུས་པ་སྟེ། མདོར་ན་ལུས་ཀྱི་ཆ་ཐམས་ཅད་ལ་ཡོད་པའི་ནུས་པ་ཆེ་ཕྲ་ཐམས་ཅད་ལ་དབང་ཐང་ཟེར་ཏེ། ནུས་པ་དེ་དག་ལུགས་འབྱུང་དུ་ཐོན་ན་འཕེལ་བྱེད་གྲོགས་ཀྱི་དབང་ཐང་དང་།  ལུགས་ལྡོག་ཏུ་ཐོན་ན་རྒུད་བྱེད་དགྲའི་དབང་ཐང་དུ་འགྱུར་འགྲོ་ཞིང་ཡོད་པ་རེད།


          རླུང་རྟ་ཞེས་པ་དེ་ནི། སྲོག་ལུས་དབང་ཐང་བཅས་ཀྱི་ཁམས་དང་ནུས་པ་དེ་དག་བརྟན་ཞིང་རྒྱས་པར་བྱེད་པ་ལ། གྲོགས་བྱེད་པའི་ཕྱི་ནང་གི་རྒྱུ་རྐྱེན་རྣམས་ལ་རླུང་རྟ་ཞེས་ཟེར་ཏེ། དཔེར་ན། ནོར་འདོད་པ་ལ་ཚོང་དང་འཕྲད་པ། སོ་ནམ་རེ་བ་ལ་ཆར་ཆུ་དང་འཕྲད་པ། དགྲ་འདུལ་བ་ལ་དཔུང་རོགས་དང་འཕྲད་པ་ལྟ་བུ་སྟེ། མདོར་ན་ཡུལ་དུས་ཟས་སྤྱོད་ཐམས་ཅད་ལུས་ཁམས་དང་མཐུན་པ་ཁོ་ན་དང་འཕྲད་ཅིང་བྱ་བ་ལེགས་ལམ་དུ་འགྲོ་བ་ལ་རླུང་རྟ་དར་ཞེས་དང་། དེ་ལས་ལྡོག་ན་རླུང་རྟ་རྒུད་ཟེར་ཞིང་ཡོད་པ་འདི། དོན་དུ་རང་གི་དབང་ཐང་ལ་གྲོགས་བྱེད་པའི་ཡུལ་དུས་ཀྱི་འབྱུང་བ་རྣམས་ལ་རླུང་རྟ་ཟེར་ཞིང་ཡོད་པར་ཤེས་ཐུབ། དེ་ལྟར་གནའ་རབས་ཀྱི་བརྡ་རྙིང་གི་མིང་ཚིག་དག་ལ་རྣམ་དཔྱད་ཀྱི་བློ་མིག་དང་ལྡན་པ་རྣམས་ཀྱིས་ཐུགས་དཔྱད་ཞིབ་ཏུ་གནང་ན། རྒྱ་ཆེ་ཞིང་གཏིང་ཟབ་པའི་གོ་དོན་རེ་རྟོགས་རྒྱུ་ཡོད་པ་མ་ཟད། གཞན་དུ་དེ་ལྟ་བུའི་ཐ་སྙད་རྣམས་ལ་རྨོངས་དད་དང་ཆོས་སྐད་ཞེས་རྣ་བར་ཚེར་མར་གྱུར་པའི་རིགས་རྣམས་ཀྱང་། འཇིགས་སྐྲག་གི་འཆིང་རྒྱ་ལས་རང་ཤུགས་ཀྱིས་གྲོལ་བར་འགྱུར་རོ།།

 

གསུམ། འབྱུང་བཞིས་ནད་སྐྱེད་ཚུལ།

          ནད་ཅེས་པ་ནི་ལུས་ཅན་རྣམས་ཀྱི་རྒྱུད་ལ་ཟུག་རྔུ་སྟེར་བར་བྱེད་པ་སྟེ། འབྱུང་བཞི་འཁྲུགས་པའི་འབྲས་བུ་ཞིག་ལ་ཟེར། སྤྱིའི་མིའི་ལུས་ཁམས་འདི་ལ་རང་བཞིན་ལྷན་སྐྱེས་སུ་གནས་པའི་ངོ་བོ་འབྱུང་བ་བཞི་པོ་དེ་རྣམ་པ་རླུང་མཁྲིས་བད་ཀན་གྱི་ཚུལ་དུ་གནས་ཏེ། རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་པ་དེ་ནི་ལུས་ཀྱི་ཟུངས་དང་ནད་ཀྱི་རྒྱུར་བྱེད་ལ། གལ་ཏེ་རྣམ་པར་གྱུར་ནས་ཆ་མ་སྙོམས་པར་འཕེལ་ཟད་འཁྲུགས་པ་གང་ཡང་རུང་བ་ཞིག་ཏུ་གྱུར་ན། རླུང་མཁྲིས་བད་ཀན་གསུམ་པོ་དེ་ནད་ཀྱི་ངོ་བོ་ཏེ། ལུས་དང་སྲོག་ལ་གནོད་ཅིང་གདུང་བ་བསྐྱེད་པར་བྱེད་ཅིང་ཡོད་པ་རེད། དཔེར་ན་རླུང་མཁྲིས་བད་ཀན་གསུམ་པོ་དེ་རྣམ་པར་མ་གྱུར་བའི་ཚེ་ན་ལུས་ཀྱི་ཟུངས་བྱེད་ཚུལ་གང་ལྟར་ཞེ་ན། སྤྱིར་དེ་གསུམ་གྱི་རང་རང་གི་ཁམས་དང་མཐུན་པའི་བྱེད་ལས་མི་འདྲ་བ་རེ་བྱེད་བཞིན་ཡོད་ལ། ཁྱད་པར་དུ་རླུང་ལ་དབྱེ་ན་སྲོག་འཛིན་དང་། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེར་ཏེ་རྣམ་པ་ལྔ། མཁྲིས་པའི་དབྱེ་བ། འཇུ་བྱེད་དང་། མདངས་བསྒྱུར། སྒྲུབ་བྱེད། མཐོང་བྱེད། མདོག་གསལ་ཏེ་རྣམ་པ་ལྔ། བད་ཀན་གྱི་དབྱེ་བ་རྟེན་བྱེད་དང་། མྱགས་བྱེད། མྱོང་བྱེད། ཚིམ་བྱེད། འབྱོར་བྱེད་དེ་རྣམ་པ་ལྔ་ཡོད་པ་དེ་དག་སོ་སོས་བྱེད་ལས་མི་འདྲ་བ་རེ་རེ་བྱེད་བཞིན་ཡོད་པ་རེད། དེ་ཡང་རླུང་སྤྱིའི་ལས་ནི། དབུགས་འབྱིན་པ་དང་། རྔུབ་པ་དང་། འགུལ་བསྐྱོད་ཀྱི་ལས་དང་། ལས་སྤྱོད་པ་དང་། ཤུགས་འབྱིན་པ་དང་། གནོད་བྱ་ལུས་ཟུངས་དྲི་མ་སོགས་ལེགས་པར་རྒྱུ་ཞིང་སྨིན་པ་དང་། དབང་པོ་རྣམས་རང་རང་གི་ཡུལ་འཛིན་པ་ལ་གསལ་བར་བྱེད་པ་སྟེ། རྣམ་པ་དུ་མའི་སྒོ་ནས་ལུས་འདི་ཉིད་ལ་མི་གནོད་ཅིང་རྗེས་སུ་འཛིན་པར་བྱེད་པ་དང་། མཁྲིས་པ་སྤྱིའི་ལས་ནི། མེ་དྲོད་ལ་སོགས་པའི་ཡོན་ཏན་གྱིས་ཁ་ཟས་རྣམས་ལེན་ཞིང་མྱུར་དུ་ཞུ་ནས་ཡང་ཡང་བཀྲེས་པ་དང་། སྐོམ་པ་དང་། ཡི་ག་བྱེ་ནས་ཟས་ལེན་པ་དང་། དེ་ཡང་མྱུར་དུ་འཇུ་བ་དང་།  མདངས་གསལ་བ་དང་།  བྱ་བ་གང་ལའང་མི་འཇིགས་པའི་སྙིང་དཔའ་བ་དང་།  བྱ་བ་ཀུན་ལ་རབ་ཏུ་བཀྲ་བའི་བློ་དང་ལྡན་པ་དང་། དེ་བཞིན་དུ་བད་ཀན་སྤྱིའི་ལས་ནི། ལུས་བརྟན་པ་དང་། བློ་བརྟན་པ་དང་། གཉིད་ལོག་པ་དང་། ཚིགས་རྣམས་འབྲེལ་བ་དང་། གཟོད་བསྲན་ཆེ་བ་དང་།  ལུས་འཇམ་ཞིང་སྣུམ་པར་བྱེད་པ་ཡིན་ལ། འདི་གཉིས་ཀྱིས་ཀྱང་རང་རང་གི་ལས་བྱེད་པ་དང་ལྷན་དུ་ལུས་སྤྱི་ལ་རྗེས་སུ་འཛིན་ཞིང་ཡོད་པ་རེད། ཁྱད་པར་གྱི་ལས་ལ་རླུང་མཁྲིས་བད་ཀན་ཏེ་ལུས་ཀྱི་འབྱུང་བ་བཞི་པོ་དེ་དག་སོ་སོའི་གནས་པའི་ཡུལ། རྒྱུ་བའི་ལམ། བྱེད་པའི་ལས་བཅས་ཕན་ཚུན་མ་ནོར་མ་འཁྲུགས་པ། རང་བཞིན་ཐ་མལ་དུ་གནས་ཚེ་ལུས་ཁམས་བདེ་བའི་རྒྱུ་དང་། འཁྲུགས་པའི་ཚེ་ལུས་འཇིག་བྱེད་ཀྱི་རྒྱུ་བྱེད་བཞིན་ཡོད། དེ་ལྟར་རང་གི་ལུས་ཁམས་དང་ལྷན་སྐྱེས་སུ་གནས་པའི་འབྱུང་བ་བཞིའི་ཁམས་ཀྱི་རྩ་རླུང་ཐིག་ལེ་རྣམས་རང་དབང་དུ་བེད་སྤྱོད་བྱེད་ནུས་པ་ཞིག་བྱུང་ན། དེའི་ཚེ་ཐུན་མོང་མ་ཡིན་པའི་ནུས་པ་མང་པོ་ཞིག་ཐོན་ཐུབ་ཀྱི་ཡོད་དེ། ནད་དང་། མཚོན་དང་། བཀྲེས་ལྟོགས་ལ་སོགས་པའི་གནོད་པ་རྣམས་ཀྱིས་མི་ཚུགས་པར་མ་ཟད། གཞན་གྱི་ལུས་ལ་དེ་བཞིན་ཕན་པར་སྟེར་ནུས་ཤིང་ཡོད་དེ། ལུས་ལ་གནོད་པ་འགོག་བྱེད་ཀྱང་ལུས་ཁམས་ཀྱི་འབྱུང་བ་རྣམས་ཀྱི་ནུས་པ་ཡིན་ལ། དེའང་དེ་དག་རང་དབང་དུ་བེད་སྤྱོད་གཏོང་ཐུབ་མིན་ལ་རགས་ལས་ཡོད། དཔེར་ན་དེང་སང་མི་རིགས་མི་འདྲ་བ་མང་པོ་ཞིག་གིས་ཡིད་སྨོན་གྱི་ཡུལ་དུ་གྱུར་པའི་བོད་ཀྱི་རྩ་རླུང་འཕྲུལ་འཁོར་གྱི་ནུས་པ་དེ་དག་ཀྱང་། དོན་དུ་རང་གི་ལུས་ཁམས་ཀྱི་རྩ་རླུང་ཐིག་ལེ་རྣམས་རང་དབང་དུ་བེད་སྤྱོད་གཏོང་ཐུབ་པའི་ཐུན་མིན་གྱི་གྲུབ་རྟགས་ཤིག་རེད། རྩ་རླུང་འཕྲུལ་འཁོར་ལ་སློབ་གཉེར་བགྱིད་པའི་སྐབས་སུ་གཙོ་བོ་ལུས་ཀྱི་རྩ་ཁམས་དང་། རླུང་ཁམས། སེམས་ཁམས་རྣམས་སྦྱོང་རྩོལ་བྱེད་དགོས་སྟབས། གསོ་བ་རིག་པའི་གཞུང་གི་ལུས་ཀྱི་རྩ་ཁམས་དང་། རླུང་ཁམས་སོགས་འབྱུང་བའི་ཁམས་རྣམས་ཆགས་ཚུལ་ལེགས་པར་ཤེས་དགོས་པ་དང་། དེས་རླུང་སེམས་བཟུང་བ་ལ་ཕན་ནུས་ཆེན་པོ་ཡོད་པར་ཤེས་ཐུབ། རྩ་རླུང་ལེགས་པར་བྱང་ན་ནད་ཉུང་ཞིང་ཚེ་རིང་བ་དང་། རང་གཞན་གྱི་ལུས་ལ་ནད་འགོག་དང་ནད་བཅོས་བྱེད་ཐུབ་པའི་རྒྱུ་མཚན་ཡང་གཙོ་བོ་འབྱུང་བའི་ནུས་པ་ཡིན་པར་འདི་ངེས་དགོས་པ་ཞིག་རེད། དེ་ལྟར་ཐ་མལ་གྱི་ལུས་ལ་རང་བཞིན་དུ་གནས་པའི་རླུང་ལྔ་ལས། དང་པོ་སྲོག་འཛིན་གྱི་རླུང་དེའི་གནས་སའི་ཡུལ་སྤྱི་བོ། རྒྱུ་བའི་ལམ་གྲེ་བ་དང་བྲང་གཞུང་། བྱེད་ལས་ནི་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ། མཆིལ་མ་འདོར་བ་དང་།  སྦྲིད་པ་འབྱིན་པ་དང་། བློ་གསལ་བ་དང་། དབང་པོ་ཚིམ་པ་དང་། སེམས་འཛིན་པ་དང་། དྲན་པ་གསལ་བ་སོགས་བྱེད་དོ། །འདིའི་གནས་སྤྱི་བོ་ཞེས་པ་རྒྱུད་འགྲེལ་རྣམས་སུ་སྤྱི་གཙུག་ཏུ་ངོས་འཛིན་གནང་སྟེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཞེས་འགྲེལ་འདུག་ཀྱང་། དོན་དུ་འཕགས་ཡུལ་ལུགས་ཀྱི་ཡི་གེའི་སྐྱེ་གནས་བརྒྱད་བཤད་སྐབས་ཀྱི་གྲེ་བའི་ཕུག་གོང་གི་སྤྱི་བོ་ཞེས་པ་དེ་ལ་ཡིན་པར་སེམས་ཏེ། རྒྱུ་ལམ་གྲེ་བ་དང་བྲང་ཡིན་པའི་ཕྱིར་དང་། བྱེད་ལས་ཟས་སྐོམ་མིད་པ་དང་། དབུགས་རྔུབ་པ་དང་། མཆིལ་མ་འདོར་བ་སོགས་ཕལ་ཆེར་དེ་ཕྱོགས་ཀྱི་བྱ་བ་མང་བའི་ཕྱིར། འདི་ལ་གཞན་ན་རེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་རྣམས་ཕྱོགས་ཕྱོགས་སུ་གྱེས་ཏེ་བྱ་བ་བྱེད་བཞིན་ཡོད་སྟབས། འདི་གནས་ས་སྤྱི་གཙུག་ཡིན་ཡང་རྒྱུ་ལམ་དང་བྱེད་ལས་ཀྱི་ཡུལ་མགྲིན་པའི་ཕྱོགས་སུ་བྱེད་པ་མི་འགལ་ཞེ་ན། དེ་ལྟར་ན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་རྣམས་ཀྱང་དེ་བཞིན་དུ་གྱེས་ཡོད་པའི་ཕྱིར་ན་གནས་ས་མགྲིན་པའི་ཕྱོགས་སུ་ཡིན་ན་དེ་ལས་ཀྱང་མཐུན་ཕྱོགས་ཆེ་བར་མ་མཐོང་ངམ། དོན་འདིར་གསོ་རིག་སྨྲ་བ་རྣམས་ཀྱིས་ཐུགས་དཔྱད་ཞིབ་མོ་ཞིག་གནང་དགོས་འདུག་སྙམ། གཉིས་པ་གྱེན་དུ་རྒྱུ་བའི་རླུང་དེའི་གནས་སའི་ཡུལ་བྲང་། རྒྱུ་བའི་ལམ་ནི་སྣ་ལྕེ་དང་ལྐོག་མ། བྱེད་པའི་ལས་ནི་ཚིག་འབྱིན་པ་དང་། སྟོབས་བསྐྱེད་པ་དང་། མདངས་གསལ་བ། ཁ་དོག་འབྱིན་པ། འབད་རྩོལ་སྐྱེད་ཅིང་། དྲན་པ་གསལ་བར་བཅས་བྱེད་དོ། །གསུམ་པ་ཁྱབ་བྱེད་ཀྱི་རླུང་དེའི་གནས་སའི་ཡུལ་སྙིང་། རྒྱུ་བའི་ལམ་ལུས་ཀུན་ཁྱབ་པར་རྒྱུ་ཟིང་། བྱེད་ལས་ནི་རྐང་པ་འདེགས་པ་དང་། འཇོག་པ་དང་། འགྲོ་བ་དང་། ཡན་ལག་དང་།  ལྕེ་བརྐྱང་བསྐུམ་བྱེད་ཅིང་བུ་ག་རྣམས་འབྱེད་པ་དང་། འཛུམ་པ་སོགས་ལུས་ཀྱི་བྱ་བ་ཕལ་ཆེར་རླུང་འདི་ཉིད་ལ་རག་ལས་པ་ཡིན། བཞི་པ་མེ་མཉམ་གྱི་རླུང་དེའི་གནས་སའི་ཡུལ་ཕོ་བ། རྒྱུ་བའི་ལམ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་ཀུན་ཏུ་རྒྱུ། བྱེད་ལས་ནི་ཁ་ཟས་འཇུ་བ་དང་། དྭངས་སྙིགས་འབྱེད་པ་དང་། ལུས་ཟུངས་སྨིན་པར་བྱེད་པ་ཡིན། ལྔ་པ་ཐུར་སེལ་གྱི་རླུང་དེའི་གནས་སའི་ཡུལ་གཞང་། རྒྱུ་ལམ་ནི་ལོང་དང་། ལྒང་པ་དང་། གསང་བ་དང་། བརླ་ནང་དུ་རྒྱུ། བྱེད་ལས་ནི་ཁུ་ཁྲག་འབྱིན་པ་དང་། སྡོམ་པ་དང་། མངལ་ན་གནས་པ་རྣམས་འབྱིན་སྡོམ་བྱེད་ཅིང་ཡོད་པ་རེད། དེ་བཞིན་དུ་རང་བཞིན་ཐ་མལ་དུ་གནས་པའི་མཁྲིས་པ་ལྔ་ལས། དང་པོ་མཁྲིས་པ་འཇུ་བྱེད་དེའི་གནས་སའི་ཡུལ་ནི་ཞུ་དང་མ་ཞུའི་བར་ན་ཕོ་བའི་ཟངས་ཚགས་ཀྱི་འོག་གི་རྒྱུ་མའི་འགོ་ལྟེ་བའི་ཐད་ན་གནས། བྱེད་ལས་ནི་ཟས་འཇུ་བ་དང་། དྭངས་སྙིགས་འབྱེད་པ་དང་། ལུས་ཀྱི་དྲོད་བསྐྱེད་པ་དང་། གཞན་ཡང་མཁྲིས་པ་ལྷག་མ་མདངས་བསྒྱུར་ལ་སོགས་པ་བཞི་ཡི་གྲོགས་བྱེད་ཅིང་སྟོབས་ཀྱང་སྐྱེད་པར་བྱེད། གཉིས་པ་མཁྲིས་པ་མདངས་བསྒྱུར་གྱི་གནས་སའི་ཡུལ་ནི་མཆིན་པ། བྱེད་ལས་ནི་དྭངས་མ་སེར་པོར་བསྒྱུར། ཁྲག་དམར་པོར་བསྒྱུར་བ་སོགས་གནོད་བྱ་བཅུའི་རང་རང་གི་ཁ་དོག་སྒྱུར་བར་བྱེད། གསུམ་པ་མཁྲིས་པ་གྲུབ་བྱེད་ཀྱི་གནས་སའི་ཡུལ་ནི་སྙིང་། བྱེད་ལས་ནི་ཡིད་གཞུངས་པ་དང་། ང་རྒྱལ་སྐྱེད་པ་དང་། བློ་དང་འདོད་པ་སྒྲུབ་པར་བྱེད་ཅིང་ཡོད་པ་རེད། བཞི་པ་མཁྲིས་པ་མཐོང་བྱེད་ཀྱི་གནས་ནི་མིག བྱེད་ལས་གཟུགས་མཐོང་བར་བྱེད་པ། ལྔ་པ་མཁྲིས་པ་མདོག་གསལ་གྱི་གནས་སའི་ཡུལ་ནི་པགས་པ། བྱེད་ལས་ནི་པགས་པའི་མདོག་གསལ་བར་བྱེད་དོ། །བད་ཀན་ལྔ་ལས་དང་པོ་བད་ཀན་རྟེན་བྱེད་ཀྱི་གནས་སའི་ཡུལ་བྲང་། བྱེད་ལས་ནི་མྱགས་བྱེད་ལ་སོགས་ལྷག་མ་བཞི་པོའི་རྟེན་དང་། ཆུའི་ལས་ཏེ་ལུས་ཀྱི་གཤེར་བག་བརླན་རྣམས་དང་བསིལ་བར་བྱེད། གཉིས་པ་བད་ཀན་མྱགས་བྱེད་ཀྱི་གནས་སའི་ཡུལ་མ་ཞུའི་གནས་ཕོ་བ། བྱེད་ལས་ནི་ཟས་སྐོམ་མིད་པ་རྣམས་ཞིབ་མོར་མྱག་ཅིང་འདྲུལ་བར་བྱེད། གསུམ་པ་བད་ཀན་མྱོང་བྱེད་ཀྱི་གནས་སའི་ཡུལ་ལྕེ། བྱེད་ལས་ནི་མངར་བ་ལ་སོགས་པའི་རོ་རྣམས་ཚོར་བར་བྱེད། བཞི་པ་བད་ཀན་ཚིམ་བྱེད་ཀྱི་གནས་སའི་ཡུལ་མགོ། བྱེད་ལས་ནི་དབང་པོ་ལྔའི་ཡུལ་འཆར་བས་ཚིམ་པར་བྱེད་པ། ལྔ་པ་བད་ཀན་འབྱེད་བྱེད་ཀྱི་གནས་སའི་ཡུལ་ལུས་ཀྱི་ཚིགས་དམིགས་ཐམས་ཅད། བྱེད་ལས་ནི་ཚིགས་རྣམས་ཕན་ཚུན་འབྱོར་པར་བྱེད་ཅིང་། བརྐྱང་བསྐུམ་བྱེད་པའི་གཉེན་པོ་བྱེད་ཅིང་ཡོད་པ་རེད། །དེ་ལྟར་རླུང་མཁྲིས་བད་ཀན་གསུམ་པོ་དེ་རྣམ་པར་མ་གྱུར་པ་རང་བཞིན་ཐ་མལ་དུ་གནས་ཚེ་ལུས་གནས་པའི་རྒྱུ་དང་། དེ་དག་ལ་འབྱུང་བཞིའི་ངོ་བོར་གྱུར་པའི་རྐྱེན་སྣ་ཚོགས་ཀྱིས་དཀྲུགས་ཤིང་རྣམ་པར་གྱུར་པའི་ཚེ་ལུས་སྲོག་འཇིག་པའི་རྒྱུ་བྱེད་ཅིང་ཡོད། དེ་ཡང་འབྱུང་བཞིའི་ངོ་བོར་གྱུར་པའི་ནད་སློང་བྱེད་ཀྱི་རྐྱེན་ལ་རྒྱུད་དུ་དུས་གདོན་ཟས་སྤྱོད་བཞིར་གསུངས་ཡོད་ལ། ཞིབ་ཏུ་བསམ་ནའང་དེ་ལྟར་མངོན་སུམ་ཡོང་གི་ཡོད་པ་རེད། དཔེར་ན་གང་ཟག་སོ་སོའི་ལུས་ཀྱི་འབྱུང་ཁམས་དང་། ཡུལ་གྱི་འབྱུང་ཁམས་ཕན་ཚུན་ཆ་མ་སྙོམས་ཤིང་འཁྲུགས་པའི་ས་ཆུ་མི་འཕྲོད་པའི་ནད་དེ། བོད་དུ་ལ་དུག་དང་། རྒྱ་ནག་དུ་ཚད་པའི་ནད་ལྟ་བུ། དེ་ཡང་དབྱར་གྱི་དུས་སུ་རོང་ཆེན་དུ་སྡོད་པས་ཚད་ནད་འབྱུང་བ་དང་། དགུན་གྱི་དུས་སུ་བྱང་འབྲོག་གི་ཡུལ་དུ་བསྐྱོད་པས་གྲང་རླུང་གི་ནད་འབྱུང་བ་ལྟ་བུ་ནི་ཡུལ་དུས་ཀྱི་འབྱུང་ཁམས་ཀྱིས་སློང་བའི་ནད་དང་། ཕྱི་ནང་འབྱུང་བ་འཁྲུགས་པའི་རྐྱེན་གྱི་རླུང་སྲོག་རྩ་ལ་སོགས་པ་ལུས་སྟོད་སྨད་ཀྱི་རྩ་རྣམས་སུ་ཞུགས་ཏེ་གློ་བུར་དུ་ཤེས་པ་འཕྱོ་བ། དྲན་པ་མི་གསལ་བ། དབང་པོ་ཉམས་པ་སོགས་ལ་གདོན་གྱིས་བསྐྱེད་པའི་ནད་ཟེར་བ་འདིའི་སྐོར་གྱི་དཔྱད་པ་འོག་གི་ས་བཅད་ལྔ་པ་ན་ཞུ་རྒྱུ་ཡིན། ཚ་བའི་ཡུལ་དུས་རྣམས་སུ་ཤ་ཆང་ལ་སོགས་དྲོད་ཅན་གྱི་ཟས་བརྟེན་དྲགས་པས་མཁྲིས་པའི་ཚད་ནད་སློང་བ་དང་། གྲང་བའི་ཡུལ་དུས་རྣམས་སུ་བཅུད་མེད་པའི་ཟས་སྐོམ་བརྟེན་དྲགས་པས་གྲང་རླུང་གི་ནད་འབྱུང་བ་ལྟ་བུ་ནི་ཟས་ཁམས་ཀྱི་འབྱུང་བས་སློང་བའི་ནད་དང་། ཚ་བའི་ཡུལ་དུས་རྣམས་སུ་གོས་དྲོད་ཅན་གྱོན་ཞིང་ལུས་ངལ་དུབ་ཀྱིས་རྩོལ་བར་བྱས་པས་མཁྲིས་ཚད་བསྐྱེད་པ་དང་། གྲང་བའི་ཡུལ་དུས་རྣམས་སུ་གོས་གཅེར་བུའམ་རས་རྐྱང་བྱ་ཞིང་ལུས་དལ་བར་སྡོད་པས་བད་ཀན་གྲང་བའི་ནད་བསྐྱེད་པ་བཅས་ནི་སྤྱོད་ལམ་གྱི་འབྱུང་ཁམས་ཀྱིས་སློང་བའི་ནད་ལྟ་བུ་སྟེ། མདོར་ན་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་འབྱུང་བཞི་འཁྲུགས་པའི་རྐྱེན་གྱིས་བསྐྱེད་པ་ཤ་སྟག་ཏུ་སྣང་།

 

བཞི། འབྱུང་བཞིས་གཉེན་པོའི་སྨན་སྐྱེད་ཚུལ།

          དེ་ལྟར་འདུ་བ་འཕེལ་ཟད་འཁྲུགས་གསུམ་གྱི་གཉེན་པོར་གྱུར་པའི་སྨན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱང་རང་རྒྱུ་འབྱུང་བ་བཞི་ལས་སྐྱེས་པ་ཁོ་ན་ཡིན་ཏེ། བཤད་རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱེད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ས་སྨན་ལྕི་བརྟན་བརྟུལ་འཇམ་སྣུམ་ལ་སྐམ། །མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་བརྟུལ་སྣུམ་ལ་མཉེན། །བརླན་ཞིང་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞི་སྨན་ལ་སྤྱི་ཁྱབ་སྟེ། །ཁོང་སྟོང་ཡང་པའི་གོ་འབྱེད་འདུས་ནད་སེལ། །དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །གྱེན་འདྲེན་སྨན་ནི་མེ་དང་རླུང་ཡིན་ཏེ། །ཐུར་འགྲོ་ས་དང་ཆུ་ལས་བྱུང་བའི་ཕྱིར། །ཞེས་གསུངས་པ་ལྟར། སྤྱིར་དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པ་ཡིན་པས་འདི་སྨན་གྱི་རིགས་ཐམས་ཅད་ཀྱང་འབྱུང་བ་བཞིས་སྐྱེད་པ་ཡིན་ཡང་། འབྱུང་བ་རྣམས་ཕན་ཚུན་གཅིག་ཏུ་འདུས་པའི་ཚེ་ཤས་ཆེ་ཆུང་གི་དབང་གིས་རོ་དང་ནུས་པ་མི་འདྲ་བ་རེ་འབྱུང་གི་ཡོད་དེ། ས་དང་ཆུ་ལས་རོ་མངར་བ། ས་དང་མེ་ལས་སྐྱུར་བ། ས་དང་རླུང་ལས་བསྐ་བ་སྟེ་འབྱུང་བ་ས་དང་བསྡེབས་པ་ལས་གསུམ། དེ་ནས་ཆུ་དང་མེ་ལས་ལན་ཚྭ། ཆུ་དང་རླུང་ལས་ཁ་བ་སྟེ་ཆུ་དང་བསྡེབས་པ་གཉིས། མེ་དང་རླུང་ལས་ཚ་བ་སྟེ་རོ་དྲུག་པོ་དེ་དག་གིས་འབྱུང་ཁམས་འཁྲུགས་པའི་རྐྱང་ལྡན་འདུས་གསུམ་གྱི་ནད་རྣམས་སེལ་ཞིང་ལུས་ཀྱི་འབྱུང་བ་རྣམས་ཆ་སྙོམས་པར་བྱེད་ཅིང་ཡོད་པ་སྟེ། ས་དང་བསྡེབས་པ་ལས་བྱུང་བའི་རོ་གསུམ་པོ་དེ་ལྡན་པའི་རོ་ཡིན་སྟབས། མངར་བས་རླུང་མཁྲིས་གཉིས་སེལ། སྐྱུར་བས་བད་རླུང་གཉིས་སེལ། བསྐ་བས་བད་མཁྲིས་གཉིས་སེལ། ཆུ་དང་བསྡེབས་པ་གཉིས་དང་མེ་དང་བསྡེབས་པ་གཅིག་སྟེ་གསུམ་པོ་དེ་དག་ནི་རྐྱང་པའི་རོ་ཡིན་པས། ལན་ཚྭས་རླུང་སེལ། ཁ་བས་མཁྲིས་པ་སེལ། ཚ་བས་བད་ཀན་སེལ། དེ་ལྟར་རྐྱང་ལྡན་གཉིས་ཀྱི་རོ་དྲུག་པོ་དེས་རྐྱང་པ་དང་ལྡན་པའི་ནད་རྣམས་སེལ་བར་བྱེད་ལ། །རྐྱང་པའི་རོ་གསུམ་མམ་ཡང་ན་ལྡན་པའི་རོ་གསུམ་པོ་དེ་དག་གཅིག་ཏུ་འདུས་པས། འདུས་པའི་ནད་སེལ་བར་བྱེད་དོ། །མདོར་ན་འབྱུང་བཞིས་བསྐྱེད་པའི་སྨན་གྱི་ཡོན་ཏན་བཅུ་བདུན་པོ་དེ་དག་གིས་འབྱུང་བཞི་འཁྲུགས་ཏེ་རྣམ་པར་གྱུར་པའི་ནད་ཀྱི་མཚན་ཉིད་ཉི་ཤུ་པོ་དེ་དག་འཇོམས་པར་བྱེད་ལ། དེ་ཡང་སྨན་གྱི་ཡོན་ཏན་བཅུ་བདུན་ནི་རོ་དྲུག་སྟེ། མངར་བ་དང་།  སྐྱུར་བ་དང་།  ལན་ཚྭ་བ། ཁ་བ། བསྐ་བ་བཅས་དང་། ཞུ་རྗེས་གསུམ་སྟེ་མངར་བ་དང་ལན་ཚྭ་བ་གཉིས་ཞུ་རྗེས་ཀྱང་མངར་བ་ཞུ་བ་དང་།  སྐྱུར་བ་ཞུ་རྗེས་ཀྱང་སྐྱུར་བ་དང་།  ཁ་ཚ་བསྐ་གསུམ་ཞུ་རྗེས་ཁ་བ་ཞུ་བ་དང་། ནུས་པ་བརྒྱད་དེ་ལྕི་བ། སྣུམ་པ། བསིལ་བ། རྟུལ་བ། ཡང་བ། རྩུབ་པ། ཚ་བ། རྣོ་བ། བཅས་སོ། །ནད་ཀྱི་མཚན་ཉིད་ཉི་ཤུ་ནི་དང་པོ་རླུང་གི་མཚན་ཉིད་དྲུག་སྟེ། རྩུབ་པ། ཡང་བ། གྲང་བ། ཕྲ་བ། སྲ་བ། གཡོ་བ་བཅས་དང་། གཉིས་པ་མཁྲིས་པའི་མཚན་ཉིད་བདུན་ནི། སྣུམ་པ། རྣོ་བ། ཚ་བ། ཡང་བ། དྲི་མནམ་པ། འཁྲུ་བ། གཤེར་བ་བཅས་དང་། བད་ཀན་གྱི་མཚན་ཉིད་བདུན་ནི། སྣུམ་པ། བསིལ་བ། ལྕི་བ། རྟུལ་བ། འཇམ་པ། བརྟན་པ། འབྱར་བག་ཅན་བཅས་བསྡོམས་པས་ཉི་ཤུ་སྟེ། དེ་དག་ཚུལ་མཐུན་གྱི་སྒོ་ནས་ཕན་ཚུན་བསྡེབས་ན་སྨན་གྱི་ཡོན་ཏན་རེས་ནད་ཀྱི་མཚན་ཉིད་རེའི་གཉེན་པོར་བྱེད་ཅིང་འཇོམས་པར་བྱེད་ལ། ཚུལ་མིན་གྱི་སྒོ་ནས་བསྡེབས་ན་ཡོན་ཏན་རེ་རེས་ཉེས་པ་རེ་རེ་སྐྱེད་ཡོང་གི་ཡོད་པ་འདི་དག་ཐམས་ཅད་དོན་དུ་འབྱུང་བའི་ནུས་པ་ཁོ་ན་ཡིན་པས། ཕྱི་མ་ཕྲིན་ལས་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསུངས་པའི་དོན་གནད་ཀྱང་འདི་ལ་ཐུག་ཡོད།

 

ལྔ། མགྲོན་གྱི་གྲིབ་གདོན་ཡང་འབྱུང་བ་བཞི་ལས་བྱུང་ཚུལ།

          བོད་ཡུལ་འདིར་རོང་འབྲོག་གི་ས་ཁུལ་རྣམས་སུ་ནད་བྱུང་ཚེ་མགྲོན་པོ་ནང་དུ་ཡོང་རྒྱུ་ལ་ཧ་ཅང་དོགས་ཟོན་བྱེད་སྲོལ་ཡོད་པ་འདི། མགྲོན་པོ་འགའ་ཞིག་ནད་པའི་ཁྱིམ་དུ་སླེབས་གྲབས་ཡོད་པ་དང་། ཡང་ན་སླེབས་ཚར་རྗེས་སུ་ནད་པའི་ལུས་ལ་ཟུག་རྔུ་ཆེན་པོ་སྐྱེས་ཤིང་ཡོད་པ་དེ་ལ་མགྲོན་པོའི་གྲིབ་ཁའམ་གདོན་ཁ་ཟེར་ཞིང་ཡོད་པ་རེད། གྲིབ་ཁ་སེལ་བྱེད་ཀྱི་ཐབས་བཟང་ཤོས་དེ་ཤུག་ཕྱེ་ལ་སྔགས་བཏབ་པའི་བདུག་པ་དང་། རྩམ་པ་མེ་ལ་བསྲེགས་པའི་དུ་བ་དེ་དག་ནད་པ་དང་མགྲོན་པོ་ལ་བདུག་ཅིང་ཡོད་པར་མ་ཟད། སྒོ་རྒྱབ་ཏུ་མེ་ཕུང་ཆུང་ཆུང་ཞིག་བཞག་སྟེ་སྐབས་སྐབས་སུ་དེའི་ནང་དུ་རྩམ་པ་ཕྲན་བུ་རེ་བསྲེག་ཅིང་ཡོད་པ་རེད། ཐབས་དེ་བོད་མིའི་ཁྲོད་དུ་གནའ་རབས་ནས་བྱུང་བའི་ཡུལ་སྲོལ་རྙིང་པ་ཞིག་ཡིན་སྟབས། བར་མཚམས་ཞིག་ན་དེ་ནི་ཆོས་ལུགས་རྨོངས་དད་གི་བྱ་སྤྱོད་ཅིག་ཡིན་ཏེ། དུ་བ་བདུག་རྒྱུ་དང་མེ་བསྲེག་པ་ནི་འདྲེ་གདོན་འགོག་བྱེད་རེད་ཅེས་ཉ་ཉོབ་མང་པོ་ཞིག་ལབ་རྒྱུ་བྱུང་ཡོད་ཀྱང་། དོན་འདི་དངོས་ཡོད་གནས་ཚུལ་ཞིག་ཡིན་སྟབས་མུ་མཐུད་ནས་བེད་སྤྱོད་གཏོང་བ་ལས། གཡོལ་ཐབས་མེད་པ་ཞིག་རེད་སྙམ། ཐེངས་ཞིག་ལ་ང་དང་རྒྱ་སྨན་པ་ཁྲེན་ཝེན་ཡུས་ཟེར་བ་ང་རང་ལ་རྒྱ་སྨན་སློབ་མཁན་ཞིག་ཡོད་པ། ངེད་གཉིས་ང་ཚོའི་ལུང་པའི་མི་ཚང་ཞིག་གི་ནང་ནད་པའི་རྩར་ཕྱིན་པས། ཁོ་ཚོས་སྔར་སྲོལ་ལྟར་བྱེད་བཞིན་འདུག་ཀྱང་དེའི་སྔོན་ཉ་ཉོབ་མང་པོ་བཤད་མྱོང་སྟབས་ཤུག་སྔགས་དེ་མིས་མི་མཐོང་བའི་ཆེད་དུ་རྩམ་པ་དང་བསྲེས་ནས་བཞག་འདུག སྐབས་དེར་རྒྱ་སྨན་པ་དེས་ཀྱང་ཁོ་ཚོའི་འདོད་པ་ལྟར་མགྲོན་པོ་དང་ནད་པ་ལ་ཤུག་བདུག་དང་། རྩམ་བདུག་བྱེད་རྒྱུ་དེ་གལ་ཆེན་པོ་འདྲ་ཞིག་བརྩིས་ནས་བྱས་སོང་། དེ་སྐབས་ཁོང་གིས་ངར་གསུང་རྒྱུ་ལ་འབྲོག་པའི་མི་རྣམས་ཀྱིས་པགས་པས་བཟོས་པའི་གོས་གྱོན་ཡོད་པས། རང་ཤུགས་ཀྱི་དྲི་མ་ཆེན་པོ་ཡོད་སྟབས་རྩམ་པ་བསྲེག་པའི་དུ་བ་བདུག་ན་ཕན་པ་ཡོང་ངེས་ཞེས་ལབ་བྱུང་། དེ་སྐབས་ང་ལ་དོ་སྣང་གང་ཡང་མ་བྱུང་ཡང་། རྗེས་སུ་སྐད་ཆ་དེ་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་པའི་བསམ་བློ་ཞིག་འཁོར་བྱུང་། གང་ཡིན་ཞེ་ན། ལུས་ནད་གཉེན་པོ་གསུམ་ཀ་རང་རྒྱུ་འབྱུང་བ་བཞི་ལས་བྱུང་ཡོད་ནའང་། དེ་དག་གཅིག་ཏུ་འདུས་ནས་ལུས་ཀྱི་རྒྱུ་བྱེད་པའི་ཚེ་ཕན་ཚུན་ཆ་མང་ཉུང་གི་དབང་གིས་སོ་སོའི་ལུས་ཁམས་མི་འདྲ་བ་རེ་ཆགས་སྟབས་ཕན་ཚུན་ཕན་གནོད་གྱི་བྱ་བ་བྱེད་དགོས་པ་ནི་ཆོས་ཉིད་ཀྱི་རིགས་པ་ལ་ཐུག་འདུག ཡིན་ནའང་འབྱུང་བ་ཆ་སྙོམས་ཤིང་རྣམ་པ་མ་གྱུར་པ་ལུས་ཐ་མལ་དུ་གནས་པའི་ཚེ་ན་ཕན་གནོད་ཀྱི་རྣམ་པ་དེ་ཙམ་ཞིག་འབྱུང་ཞིང་མེད་ལ། རྣམ་འགྱུར་ནད་ཀྱིས་བཅོམ་པའི་ལུས་ཀྱི་ཁམས་ལ་ཕན་གནོད་ཀྱི་རྣམ་པ་འཕྲལ་དུ་ཐོན་ཐུབ་པ་ནི། དཔེར་ན་དབྱར་དུས་སུ་རང་གར་དུ་སྐྱེ་བའི་རྩྭ་སྔོ་རྣམས་ཉི་མས་སྐེམ་པར་མི་བྱེད་ཅིང་། བཅད་ཟིན་པའམ་སྐྱོན་གྱིས་ཐེབས་པའི་རྩྭ་སྔོ་རྣམས་ནི་ལམ་སང་སྐེམ་པར་བྱེད་པའི་རིགས་པས་རྟོགས་ཐུབ། དེ་ལྟར་ཁམས་མི་མཐུན་པའི་ལུས་ཀྱིས་གནོད་པར་བྱེད་པ་མ་ཟད། ལུས་ཁམས་ལ་གནས་པའི་དྲི་མ་ངན་པ་དེ་ཚོས་ནད་པའི་ལུས་ཁམས་ལ་གནོད་པ་ནི་སྨོས་མ་དགོས་པ་ཞིག་སྟེ། ཕྱི་རོལ་ཡུལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་འབྱུང་བའི་ཁམས་ལས་བྱུང་བས། དེ་དག་རྣམས་ལ་ཕན་གནོད་ཀྱི་ལས་བྱེད་པའི་ནུས་པ་རེ་ཡོད་པ། དཔེར་ན་མུན་པའི་ནང་དུ་སྡོད་དྲགས་པས་མུན་དུག་ན་བ་ལ་སྣང་བའི་ཡུལ་དུ་ཕྱིན་པས་ནད་དྭངས་པ་དང་། གཞན་ཡང་ཁ་དོག་དམར་པོ་དང་སེར་པོ་སོགས་ཀྱིས་ཁྲག་དང་མཁྲིས་པའི་ཁམས་འཁྲུགས་པར་བྱེད་པ་འདི་དག་གཟུགས་ཀྱིས་སྐྱེད་པའི་ཕན་གནོད་དང་། དེ་བཞིན་དུ་འོ་དོད་དང་། ངུ་འབོད་སོགས་ཡིད་དུ་མི་འོང་བའི་སྒྲས་རླུང་ནད་དང་། སྙིང་ནད། བརྒྱལ་གཟེར་སོགས་སྐྱེད་ཅིང་། སྒྲ་སྙན་པོ་དང་རང་བློ་དང་མཐུན་པའི་གཏམ་སོགས་ཀྱིས་དེ་དག་སེལ་བར་བྱེད་ནུས་པ་ནི་སྒྲ་ཡིས་སྐྱེད་པའི་ཕན་གནོད་དང་། མི་གཙང་བའི་དྲི་མས་ཡིད་ག་ལྡོག་པ་སོགས་ལ་སྤོས་དྲི་སོགས་ཀྱིས་སངས་པར་བྱེད་པ་ནི། ནད་རྣམས་གསོ་བ་བྱེད་པའི་གཉེན་པོ་བཞིའི་ནང་གི་སྤྱོད་ལམ་གྱིས་བཅོས་པའི་ཐབས་སྟེ་རྟག་ཏུ་བེད་སྤྱོད་བྱེད་བཞིན་པ་འདི་ཡིན་ན། འདིར་མིའི་ལུས་ཁམས་ཀྱི་བཤུལ་དྲི་ལ་སོགས་པ་ལུས་ལ་གནོད་བྱེད་ཀྱི་དྲི་མ་སྣ་ཚོགས་སེལ་བའི་ཆེད་དུ་ཤུག་ཕྱེ་དང་རྩམ་པའི་དྲི་མ་བདུག་པ་ནི་ཚན་རིག་དང་མཐུན་པའི་ཐབས་ཤེས་སུ་སྣང་། གནའ་རབས་མིའི་བསམ་བློའི་ནང་དུ་རྗེས་ལུས་ཀྱི་རྣམ་པ་ཡོད་པ་ནི་བོད་མི་གཅིག་པུ་མ་ཡིན་པ་འགྲོ་བ་མིའི་རིགས་སུ་གྱུར་བ་ཐམས་ཅད་ཀྱི་ནང་དུ་གནས་ཡོད་པ་འདྲ་ནའང་། རང་བྱུང་གི་མཐུན་རྐྱེན་དང་སོ་སོའི་བརྩོན་འགྲུས་དང་སྙིང་རུས་ལ་བརྟེན་ནས་ཡར་ཐོན་དང་འཕེལ་རྒྱས་འབྱུང་སྔ་ཕྱི་བྱུང་འདུག གནའ་རབས་བོད་ཀྱི་སྨན་དང་རྩིས་ཀྱི་རིག་གཞུང་གི་ནང་དུ་ཚན་རིག་དང་མཐུན་པའི་ཆེས་ངོ་མཚར་ཅན་མང་པོ་ཞིག་ཡོད་པ་མ་ཟད། །ཆོས་ཀྱི་རིག་གཞུང་དག་ལས་ཀྱང་དེ་འདྲ་བ་མང་པོ་ཞིག་ཡོད་པ་དཔེར་ན། རྒྱལ་པོ་བཀའ་ཐང་ལས། མཚོ་ཡི་རླངས་ལས་མཁའ་ལ་སྤྲིན་དུ་ཆགས། །འབྱུང་བ་ཚ་གྲང་ཕྲད་པས་གློག་ཏུ་འཁྱུག །དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། །དྲག་ཅིང་ངར་ན་བར་ནས་ཐོག་ཏུ་འབབ། །དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན། །ཞེས་པ་ལྟ་བུ་དེང་དུས་ཀྱི་ཚན་རིག་མཁན་པོ་རྣམས་ཀྱིས་བློས་བརྟགས་ནས་རྟོགས་པ་ནང་བཞིན་བཤད་ཐུབ་མཁན། མི་ལོ་སྟོང་ཕྲག་སྔོན་གྱི་བོད་མིའི་ཁྲོད་ན་བྱུང་མྱོང་ཡོད་པ་དེ་ཡ་མཚན་དགོས་པ་ཞིག་མ་རེད་དམ། གྲིབ་དང་གདོན་ཞེས་པ་དེའང་། ལུས་ཀྱི་རྩ་ཁམས་རྣམས་ལ་འབྱུང་བ་འཁྲུགས་ཞིང་རྙོག་མ་མི་གཙང་བར་གྱུར་བའི་རླུང་། གློ་བུར་དུ་ཞུགས་ནས་རྣམ་པ་སྣ་ཚོགས་པའི་ནད་རྟགས་ཀྱིས་ལུས་བཅོམ་པར་བྱེད་པའི་ནད་ཞིག་གི་མིང་ཡིན་པ་ལས། ཁ་གདངས་ཞིང་མིག་བགྲད་པའི་གདོན་འདྲེ་ཞིག་ཡོད་པ་དེ་ལ་གྲིབ་གདོན་ངོས་འཛིན་དགོས་ཚུལ་བོད་ཀྱི་གསོ་རིག་གཞུང་གང་ནའང་མ་མཐོང་། གལ་སྲིད་དེ་འདྲ་ཞིག་ལ་ངོས་འཛིན་བྱས་ཡོད་པའི་དབང་དུ་བཏང་ནའང་། དེ་བསྐྲད་པའི་ཐབས་གཞན་ཞིག་བྱས་ཡོད་དགོས་པ་ལས། རྩམ་པ་མེ་ལ་བསྲེགས་ནས་འདྲེ་བསྐྲད་པའི་ལུགས་སྲོལ་དེ་བོད་འདིར་ལོ་རྒྱུས་སྟེང་ནས་བྱུང་མ་མྱོང་ཞིང་། དེ་བས་འདི་དང་འདི་འདྲའི་བོད་ཀྱི་རིག་གཞུང་ཁག་གི་ཐ་སྙད་མང་པོ་ཞིག་ལ་བློ་ཆུང་ཁག་གཅིག་གི་དོགས་སེལ་གྱི་ཆེད་དུ། བོད་ཀྱི་མཁས་པ་སྤྱི་དང་ཁྱད་པར་གསོ་རིག་འཛིན་པ་རྣམས་ཀྱིས་གོ་སླ་གནད་ལྡན་གྱི་འགྲེལ་བཤད་རེ་གནང་དགོས་པ་གལ་ཆེ་སྙམ།

མེས་པོའི་བློ་ལས་སྐྱེས་པའི་སྣང་བྱེད་འོད།།

དཔྱོད་ལྡན་མཁས་པའི་དཔལ་དུ་མཛེས་མོད་ཀྱང་།།

བློ་མིག་མུན་པས་སྒྲིབ་པའི་འབྱུང་བྱ་ལ།།

མི་བཟོད་སྙིང་ལ་གཟན་པ་ཆོས་ཉིད་ལགས།།

 

- འདི་ནི་ཕྱི་ལོ་༡༩༩༠ ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་ཞིབ་པའི་ནང་བཞུགས་པ་དེ་ནས་ཟུར་འདོན་ཞུས།

 


མཐའ་མའི་འདོན་ཐེངས་།: 21.12.2015 ཉིན། 3:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།