སྨན་རྩིས་དྲ་བ། - ཆེད་རྩོམ།

རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་མིའི་ལུས་སེམས་བདེ་ཐང་ཡོང་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.07.2015
ཆེད་རྩོམ། >>



༄༅། །རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་མིའི་ལུས་སེམས་བདེ་ཐང་ཡོང་ཐབས་སྐོར་ལ་རགས་ཙམ་དཔྱད་པ།

- འབལ་གཞུང་སྨན་པ་དབང་གྲགས་བསོད་ནམས།


རྩ་རླུང་ལུས་སྦྱོང་གི་རིགས་ལམ་ནི་རང་རེའི་གངས་ཅན་ལྗོངས་ཀྱི་གསང་སྔགས་གཞུང་ལུགས་སྙིང་བསྡུས་ཀྱི་རིག་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། མིའི་ལུས་སེམས་ལ་བསྙོན་དུ་མེད་པའི་ཕན་བདེའི་བཅུད་ལེན་སྟེར་བའི་རང་བྱུང་ཚན་རིག་ཅིག་ཀྱང་ཡིན། དེར་བརྟེན། ཉེ་ལམ་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་འདིར་འཛམ་གླིང་དུ་མིའི་ཤེས་རིག་དང་ཚན་རིག་ལག་རྩལ་ཇེ་རྒྱས་སུ་ཕྱིན་ནས་རང་བྱུང་ཚན་རིག་ལ་སྔོན་དཔོག་ཚོད་ལེན་དང་ཡིད་འཇོག་བརྟན་པོ་བྱུང་ཡོད་པ་མ་ཟད། རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་མིའི་ལུས་སེམས་ལ་ཕན་བདེ་དང་ཚེ་སྲོག་བསྲིངས་ཐུབ་པ་གསལ་རྟོགས་བྱུང་ཡོད་པ་རེད།

རྩ་རླུང་ལུས་སྦྱོང་གི་རིག་ལམ་འདི་གནའ་སྔ་མོ་ནས་གངས་ཅན་ཡུལ་དུ་དར་ལ། སྤྱི་ཚོགས་འཕེལ་རྒྱས་ངེས་ཅན་ཞིག་གི་བརྒྱུད་རིམ་འོག་ནས་མིའི་རིགས་ཀྱིས་ཤེས་རིག་ལ་རྩིས་མཐོང་ཆེན་པོ་གནང་བ་དང་། མིའི་རིགས་ཀྱི་འདུ་ཤེས་དེས་འཇིག་རྟེན་ཁམས་ལ་ཁ་ལོ་བསྒྱུར་ཐུབ་པའི་ནུས་པ་འདོན་བཞིན་ཡོད་པས་མི་རྣམས་ཀྱིས་རང་བྱུང་ཁམས་ལས་དངོས་སྟོབས་ཀྱི་རིག་པ་མང་པོ་རྙེད་པ་དང་། མཚོ་བོད་མཐོ་སྒང་གི་རང་བྱུང་ཁམས་ཀྱི་ཁྱད་ཆོས་དེ་དང་བསྟུན་པའི་རྩ་སྦྱོང་རིག་པའི་རྐང་ལམ་ཕྲ་མོ་དེའང་དུས་དེ་ནས་འགོ་བརྩམས་པ་ཡིན། སྔོན་བྱོན་མཁས་པ་མང་པོས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཕྱི་འཇིག་རྟེན་ཁམས་ཆེན་པོའི་འབྱུང་རྩ་དང་། མིའི་ལུས་སེམས་དང་སྲོག་རྩའི་འབྱུང་རྩ། འདུ་ཤེས་དང་ཚེ་སྲོག་གི་འབྱུང་རྩ་སོགས་ལ་སྦྱང་བཤད་དང་ཞིབ་འཇུག ཁྱབ་སྤེལ་གྱི་རྐང་རྗེས་བཞག་མྱོང་བ་མ་ཟད། སྒོམ་པའི་སྒྲུབ་སྦྱོང་གི་རྫུ་འཕྲུལ་མངོན་པར་མི་རྟོགས་པའི་མཛད་རྗེས་རླབས་པོ་ཆེའི་རྣམ་ཐར་ཡང་གང་མང་མང་སྒྲུབ་ཡོད་པ་རེད། རང་རེའི་བོད་མི་རིགས་རྣམས་ཀྱིས་དུས་རབས་ཀྱི་ལོ་ཟླའི་ནང་དུ་ཚེ་སྲོག་ལ་ཕན་བདེ་དང་ནད་ཡམས་ལ་འཐབ་རྩོད་བྱས་པ་བརྒྱུད་བོད་རང་གི་ཐུན་མོང་མ་ཡིན་པའི་རྩ་རླུང་ལུས་སྦྱོང་གི་རིག་གཞུང་མང་དག་ཅིག་མཛད་ཡོད་པ་འདིས་མིའི་ལུས་ཀྱི་འདུ་ཁམས་སྙོམས་སྒྲིག་བྱེད་པའམ་མི་ན་བའི་ཚེ་སྲོག་ཡུན་རིང་དུ་འཚོ་བ་དང་ན་བའི་ལུས་སེམས་གསོ་བའི་རིག་ལམ་ཞིག་ཡིན་པས། དེང་གི་དུས་འདིར་རྒྱལ་ཁབ་ཕྱི་ནང་གི་རྩ་རླུང་ལུས་སྦྱོང་བྱེད་མཁན་དང་རང་བྱུང་ཚན་རིག་མཁན། སྐྱེས་ལུགས་རིག་པ། སེམས་ཁམས་རིག་པ། གསོ་བ་རིག་པ་སོགས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་རྩ་བའི་དམིགས་ཡུལ་ངེས་ཅན་ཞིག་གི་སྟེང་ནས་རྩ་རླུང་ལུས་སྦྱོང་ལ་འགྲེལ་བཤད་དང་རྟོག་ཞིབ་མཛད་པས་རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་སྐྲན་རིགས་ཀྱི་ནད། ཁྲག་རིགས་ཀྱི་ནད། སྙིང་ནད་དང་ཀླད་པའི་ནད་རིགས་གསོ་བཅོས་བྱེད་ཐུབ་པ་དང་སེམས་ནད་དབང་རྩའི་གདོན་ནད་སོགས་ནད་རིགས་མི་འདྲ་བ་མང་པོ་གསོ་བཅོས་བྱེད་ཐུབ་པ་མ་ཟད། ནད་རིགས་སྣ་ཚོགས་ཤིག་སྔོན་འགོག་བདེ་སྲུང་བྱེད་ཐུབ་པས། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཚེ་སྲོག་རིང་འཚོ་བྱེད་པ་མང་པོ་ཞིག་གིས་རྩ་རླུང་ལུས་སྦྱོང་ལ་བརྩི་བཀུར་དགའ་པོ་བྱེད་པ་དང་། རྩ་རླུང་ལུས་སྦྱོང་བྱེད་མཁན་དང་རྩ་རླུང་ལུས་སྦྱོང་ལ་ཞིབ་འཇུག་བྱེད་མཁན་ཡང་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་གི་ཡོད་པ་རེད། ཡིན་ནའང་། རྩ་རླུང་ལུས་སྦྱོང་ལ་ཞིབ་འཇུག་བྱེད་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན་ལ། བསམ་ཚུལ་དང་བལྟ་ཀློག་བསྡུ་སྒྲིག་ཙམ་གྱིས་ཆོག་པ་ནི་དེ་བས་ཀྱང་མ་ཡིན། རྩ་རླུང་ལུས་སྦྱོང་ནི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏིང་ཟབ་པ། གོ་རིམ་ལྡན་པའི་ཉམས་ལེན་བརྩོན་པའི་མཐར་ཐུག་གི་འབྲས་བུ་ཡིན་སྟབས། ཕྲན་གྱིས་བོད་ལུགས་གསོ་རིག་གི་བདེ་སྲུང་དང་བསྡུར་ནས་ཅུང་ཙམ་གླེང་བར་འདོད་དོ།།


གཅིག
     རྩ་རླུང་ལུས་སྦྱོང་གི་བདེ་སྲུང་དང་བོད་ལུགས་གསོ་བ་རིག་པའི་བདེ་སྲུང་གི་འབྲེལ་བ། 

སྤྱིར་བོད་ལུགས་གསོ་བ་རིག་པའི་གཞུང་ལུགས་ཀྱི་ཁྱབ་ཁོངས་ནི་ཕྱི་ནང་གི་འབྱུང་བའི་ཁམས་རགས་པ་ཉིད་གཙོ་བོའི་སྒོ་ནས་རླུང་མཁྲིས་བད་ཀན་གསུམ་གྱི་བདག་ཉིད་ཅན་མིའི་ལུས་སེམས་བདེ་སྲུང་དང་ནད་འགོག་གསོ་བཅོས་རང་བཞིན་ལྡན་པའི་ཚན་རིག་རིག་གནས་གཞུང་ལུགས་ཤིག་ཡིན་པས་དུས་རབས་སྔ་མོ་ཞིག་ནས་བཟུང་མིའི་ལུས་སེམས་ཀྱི་བདེ་སྲུང་ལ་དོ་སྣང་དང་ཚེ་སྲོག་རིང་འཚོ་བྱེད་པར་རྩིས་མཐོང་ཆེན་པོ་གནང་གི་ཡོད་པ་རེད། དེ་ལ་རྒྱུད་ལས། རྣམ་པར་མ་གྱུར་ཐ་མལ་ལུས་པོ་ལ།། མི་ན་གནས་དང་རིང་དུ་འཚོ་བར་བྱ།།1 ཞེས་རྣམ་པར་མ་གྱུར་པ་ནད་མེད་ཐ་མལ་དུ་གནས་པའི་མིའི་ལུས་པོ་དེ་ལ་མི་ན་ཁོ་ནར་གནས་པ་དང་། དེ་ཉིད་ཡུན་རིང་དུ་འཚོ་བར་བྱ་བ་དང་། མི་ན་བར་བྱེད་པ་དང་། ན་བ་གསོ་བའི་ཐབས་ལམ་ཆེན་པོ་འདིས་སྤྱི་དོན་གྱི་སྒོ་ནས་ཚེ་སྲོག་རིང་འཚོ་བྱེད་པ་དང་མིའི་ལུས་སེམས་བདེ་སྲུང་བྱེད་ནུས་འདོན་བཞིན་ཡོད་པ་རེད། ང་ཚོས་ཞིབ་འཇུག་བྱེད་བཞིན་པའི་རྩ་རླུང་ལུས་སྦྱོང་རིག་པ་འདིའང་དེ་ལས་མ་འདས་ལ་ཕྱིའི་འབྱུང་བའི་ཁམས་དང་ནང་གི་ཆེས་ཕྲ་ཞིང་ཕྲ་བའི་འབྱུང་སྟོབས་དེ་ལ་རླུང་རྩལ་སྦྱོར་སྒོམ་གྱི་ནུས་པས་ཐ་མལ་མི་ན་བའི་ལུས་དེའི་རླུང་མཁྲིས་བད་ཀན་གསུམ་པོ་རང་རང་གནས་ལས་གཞན་དུ་རྣམ་པར་མ་གྱུར་པར་བྱེད་པ་དང་རྣམ་འགྱུར་ན་བའི་ལུས་སེམས་ཀྱི་འདུ་བ་སྙོམས་སྒྲིག་བྱེད་པའི་རིགས་ལམ་ཞིག་ཡིན་པས་རྩ་རླུང་ལུས་སྦྱོང་དང་གསོ་བ་རིག་པ་གཉིས་ནི་མིའི་ལུས་སེམས་ལ་ཕན་བདེ་དཔགས་མེད་སྦྱིན་པའི་ཉི་ཟླ་གཉིས་དང་མཚུངས།  རྩ་རླུང་ལུས་སྦྱོང་གི་རིག་ལམ་དང་བོད་ལུགས་གསོ་བ་རིག་པ་གཉིས་ཕན་ཚུན་བསྣོལ་མར་སྦྲེལ་འདྲེས་ཀྱི་གཞུང་བཤད་ཅིག་ཡིན་ནའང་རྩ་རླུང་ལུས་སྦྱོང་དང་གསོ་བ་རིག་པ་གཉིས་འཛམ་གླིང་ཤེས་རིག་གི་ཁྲོད་དུ་བེད་སྤྱད་དངོས་མའི་བཀོད་རིམ་དང་ཁྱབ་ཁོངས། གཙོ་ཕལ་སོགས་ཁྱད་རྟགས་ཡོད་ངེས་ཀྱང་བོད་ལུགས་གསོ་བ་རིག་པ་དང་རྩ་རླུང་ལུས་སྦྱོང་གཉིས་ཀྱི་རྩ་བའི་གཞུང་ལུགས་ཀྱི་ལྟ་ཚུལ་དང་། ནང་དོན་། དམིགས་བསལ་སོགས་སྤྱིའི་ཆ་ནས་ས་གཅིག་མཐུན་བྱུང་ཡོད། དོན་གཞི་ངོ་མའི་སྟེང་ནས་དེ་གཉིས་རིགས་ལམ་གཅིག་མཚུངས་ཡིན་ཡང་སྤྱད་ཐབས་དང་བེད་སྤྱོད་བྱེད་སྟངས་མི་འདྲ་བའི་ཆ་ནས་ཕན་འབྲས་དང་ནུས་མཐུ་ལ་སོགས་དམིགས་བསལ་གྱི་ཁྱད་པར་ཡང་ཤིན་ཏུ་ཆེ་སྟེ། རྩ་རླུང་ལུས་སྦྱོང་ནི་སྐྱེས་ཐོབ་གང་གི་ཐ་མལ་ནད་མེད་མི་ན་བར་གནས་པ་དང་། ན་བ་ལུས་སེམས་གང་རུང་ཞིག་གིས་རང་འགུལ་གྱིས་བརྩོན་པའི་ཉམས་ལེན་ལ་བཞུགས་ནས་སྒོམ་པར་སྤྱད་ཆོག་པ་དང་སྒོམ་སྦྱོང་གི་ནུས་པས་རང་བདེ་གཞན་གསོ་དང་རང་གསོ་གཞན་བཅོས་ཀྱང་བྱེད་ཐུབ། ཚང་མས་མཁྱེན་གསལ་ལྟར་། རིག་གཞུང་གང་དང་གང་ཡིན་ཡང་ཐོག་མའི་རྒྱུད་རིམ་ནང་སྤྱི་ཚོགས་དང་འཚོ་བའི་དངོས་ནས་བྱུང་བའི་རང་གི་ཁྱད་ཆོས་དང་ལྡན་པའི་རིག་པ་དང་ལག་ལེན། ཕན་འབྲས་མྱོང་ཐུབ་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་རང་ཡིན་པས་རྩ་རླུང་ལུས་སྦྱོང་གི་རིག་ལམ་འདིའང་དེ་ལས་མ་འདས་ཤིང་། ནད་ཐོག་ལག་ལེན་གྱི་རྒྱུད་རིམ་ཁྲོད་གནའ་སྔ་མོ་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་། ནད་ཐོག་ལྟ་ཞིབ། ལུས་སེམས་བདེ་སྲུང་། ཕན་འབྲས་མྱོང་ཐུབ་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་མཐར་ཐུག་གི་འབྲས་བུ་སྟེ་ཚེ་སྲོག་རིང་དུ་འཚོ་བར་བྱེད་པའི་དམིགས་ལམ་ཉག་ཅིག་ཡིན་ལ་སྤྱི་ཚོགས་ཀྱི་འཚོ་བའི་ནང་དངོས་སུ་མཐོང་ཐུབ་པའི་ཕན་འབྲས་ཀྱང་བྱུང་ཡོད་པ་སྟེ། མིའི་རིགས་ཀྱི་དབང་རྩའི་མ་ལག་འཕེལ་འགྱུར་བྱུང་བ་བརྒྱུད་སེམས་ཁམས་ཀྱི་དབང་རྟེན་དང་བསམ་གཞིགས་ཀྱི་དངོས་པོའི་རྨང་གཞི་ཆགས་པས་མིའི་རིགས་ཀྱིས་ཁོར་ཡུག་གི་སྣང་ཚུལ་དེ་ལས་མི་འདྲ་བའི་འདུ་ཤེས་རྙེད་པ་དང་"ལུས་པོ་ཕྱི་ནང་གི་རྒྱུ་རྐྱེན་དུ་མས་ཡིད་ཁམས་འགུལ་སྐྱོད་ཀྱི་བྱེད་ནུས་ལ་ཆ་མི་སྙོམས་པར་གྱུར་ཞིང་རྩའི་རང་བཞིན་ཅན་གྱི་ཀླད་ཁམས་དབང་རྩ་རྣམ་པར་གྱུར་ཏེ། འཚོ་ཤེས་དང་། བསམ་གཞིགས། འདུ་ཤེས། ཡིད་འགྱུར། དྲན་ཤེས། བྱ་སྤྱོད། རིག་སྟོབས་སོགས་སེམས་ཀྱི་སྣང་ཚུལ་ལ་འགལ་རྐྱེན་ཐེབས་པའི་སེམས་ཁམས་ཀྱི་ནད་རིགས་"2 ཏེ་གདོན་གྱི་ནད་རིགས་སློང་རྐྱེན་གྱི་འབྱུང་རྩར་གྱུར་བ་སོགས་མདོར་ན་སེམས་ཁམས་དང་རྩའི་རང་བཞིན་གྱི་ཀླད་ཁམས་དབང་རྩའི་བྱེད་ནུས་ལ་ཆ་མི་སྙོམས་པར་ངོ་བོ་འཁྲུགས་པར་བྱེད་རྐྱེན་དུ་གནས་ཡོད། ལར་མིའི་ལུས་སེམས་ཀྱི་འགྱུར་སྣང་དེ་འདོད་ཆགས་དང་ཞེ་སྡང་། གཏི་མུག་གསུམ་ལས་མ་འདས་ལ་འདོད་ཁྲོ་གཏི་གསུམ་གྱི་རྨང་གཞིའི་སྟེང་ནས་སྦྱར་བའི་རླུང་མཁྲིས་བད་ཀན་གསུམ་པོ་དེ་ཐ་མལ་ལུས་སྟེང་ནས་ཕྱིའི་རྐྱེན་བཞི་པོ་སོགས་ཀྱིས་རྣམ་པར་མ་གྱུར་ན་ལུས་དེ་ཉིད་འཚོ་བའི་གྲོགས་ཡིན་ལ་རྐྱེན་བཞི་པོ་གང་རུང་ཞིག་གིས་རླུང་མཁྲིས་བད་ཀན་གསུམ་པོ་འཕེལ་བ་དང་ཟད་པ། འཁྲུགས་པའི་རྣམ་པར་གྱུར་ན་མི་བཟོད་པའི་ན་ཚའི་ངོ་བོ་ཡིན་པས་ལུས་སེམས་མི་བདེ་བ་དང་སྲོག་འཚོ་བའི་འགལ་རྐྱེན་བྱེད་ཀྱི་ཡོད། དེའི་ཕྱིར་མིའི་ལུས་སེམས་ཀྱི་འདུ་ཁམས་སྙོམས་སྒྲིག་བྱེད་རྒྱུ་ནི་མི་ལུས་བདེ་སྲུང་དང་ཚེ་སྲོག་རིང་འཚོ་བྱེད་རྒྱུའི་རྩ་བའི་རྨང་གཞི་ཡིན་ལ་རྩ་རླུང་ལུས་སྦྱོང་དང་གསོ་བ་རིག་པའི་ཐབས་ལམ་ཉག་གཅིག་ཀྱང་ཡིན། དེ་བས་རྩ་རླུང་ལུས་སྦྱོང་གི་རིག་ལམ་རྒྱ་ཆེན་པོ་འདི་ལ་མཐོང་ཆུང་དང་རྒྱ་ཡན་དུ་མ་བཏང་བར་དངོས་ཡོད་ཀྱི་ལམ་ནས་ཞིབ་འཇུག་དང་། ཁྱབ་སྤེལ་ཉམས་ལེན་གནང་ན་བོད་གངས་ལྗོངས་ཀྱི་མིའི་ལུས་སེམས་ལ་བདེ་སྲུང་ཕངས་མེད་བསྐྲུན་པའི་ནོར་བུ་ཞིག་ཏུ་འགྱུར་བར་སྣང་ངོ་།


གཉིས།
      ལུས་དངོས་པོ་དང་སེམས་ཁམས་ཀྱི་འབྲེལ་བ།

ལུས་དངོས་པོ་དང་སེམས་ཁམས་ཀྱི་འབྲེལ་བ་ནི་ཚན་རྩལ་ཆེ་ཆེར་རྒྱས་པའི་དེང་རབས་གསོ་རིག་གིས་མིག་སྔར་ཞིབ་འཇུག་བྱ་བཞིན་པའི་ལས་དོན་གལ་ཆེན་ཞིག་ལ་རྩིས་པ་དང། རྩ་རླུང་ལུས་སྦྱོང་དང་བོད་ལུགས་གསོ་བ་རིག་པས་ལུས་སེམས་སྙོམས་སྒྲིག་བྱེད་པར་རྩ་བའི་རྨང་གཞི་ཞིག་ཆགས་ཡོད་ལ་རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་མིའི་ལུས་སེམས་ཀྱི་ནད་འགོག་བདེ་སྲུང་གི་རྩ་བའི་དམིགས་ཡུལ་ཡང་ཡིན་པས་རྣམ་པར་མ་གྱུར་བའི་ཐ་མལ་ལུས་སེམས་ཀྱི་འབྲེལ་བ་དང་རྣམ་པར་གྱུར་བའི་ནད་ཅན་དང་དེའི་སེམས་ཁམས་ཀྱི་འབྲེལ་བ་སོགས་ལ་འགྲེལ་བཤད་ཡང་དག་ཅིག་མེད་ཚེ་རྩ་རླུང་ལུས་སྦྱོང་ལ་ཞིབ་འཇུག་དང་རྩ་རླུང་ལུས་སྦྱོང་ལ་བརྟེན་ནས་མིའི་ལུས་སེམས་ཀྱི་བདེ་སྲུང་དང་ནད་རིག་སྔོན་འགོག་བྱ་རྒྱུ་དཀའ་ལས་ཁག་པོ་ཞིག་ཏུ་གྱུར་འདུག་པས། ཐོག་མ་ནས་ལུས་དངོས་པོ་དང་སེམས་ཁམས་ཀྱི་ངོ་བོ། དབྱེ་བ། བྱེད་ནུས། རྒྱུ་རྐྱེན་རྟེན་འབྲེལ་སོགས་ལ་དབྱེ་ཞིབ་དང་དོ་སྣང་མཛད་འོས་པའི་དོན་སྙིང་གལ་ཆེན་ཞིག་ཏུ་གོ་དགོས་པར་སྣང་།

ལུས་དངོས་པོ་དང་སེམས་ཁམས་གཉིས་ཇི་ལྟར་འབྲེལ་ཚུལ་སྐོར་དེང་རབས་གསོ་རིག་གིས་ཚན་རིག་དང་མཐུན་པའི་མཚན་ཉིད་ཡང་དག་ཅིག་ད་དུང་རྙེད་ཁག་པོ་འདུག་ལ་སེམས་དང་ལུས་(mind-body)ཞེས་པ་སྐྱེས་ལུགས་རིག་པ་དང་སེམས་ཁམས་རིག་པའི་སྒོ་ནས་འགྲེལ་བཤད་རྒྱག་ན་མ་གཏོགས་ལུས་སེམས་གཉིས་རྩ་བའི་དོན་གཞི་གཅིག་གི་སྟེང་ནས་གནོད་བྱ་གནོད་བྱེད་དུ་གྱུར་བའི་ཕྲ་ཞིང་ཞིབ་པའི་བསམ་བློ་བཏང་མ་མྱོང་མོད། འོན་ཀྱང་འཇར་མ་ནིའི་སྨན་པ་གྲགས་ཅན་ཧིན་རོ་ཐ་(Heinroth )ནས་ལུས་སེམས་གཉིས་ཀ་དང་འབྲེལ་བའི་(psychosomatic) ཞེས་སྨན་གཞུང་ནང་དུ་ཐ་སྙད་གསར་དུ་བཏོན་པ་ནས་བཟུང་། ལུས་སེམས་རིག་པ་པ་པུ་ལོ་ཧྥུ་དང་ཁེན་ལོང་ཧྥོ་ལོ་ཡུ་ཏི་སོགས་ཀྱིས་ལུས་སེམས་དབྱེར་མེད་ཀྱི་ལྟ་བ་དམར་རྗེན་དུ་བཤད་པ་དང་ ཨ་རིའི་སྨན་པ་གྲགས་ཅན་ལྦེལ་(Weil) སོགས་ཀྱིས་“ཡང་དག་གི་གསོ་བ་རིག་པ་ཞིག་ཡིན་ན་ལུས་སེམས་གཉིས་ཕན་ཚུན་བར་གྱི་འབྲེལ་བ་ཡང་དག་ཅིག་ཡིན་དགོས།3 ཞེས་མིའི་ལུས་ཁམས་ཉིད་གཅིག་གྱུར་གྱི་དངོས་པོ་ཧྲིལ་བོ་མ་ཞིག་ཏུ་ངོས་བཟུང་ནས་བསྡད་ཚེ་ང་ཚོ་ལ་ཐོབ་པའི་མཇུག་འབྲས་ནི་རྣམ་ཤེས་བྲལ་བའི་བམ་པོ་ཞིག་ལ་གསོ་བཅོས་བྱེད་པ་དང། རྣམ་ཤེས་བྲལ་བའི་ལུས་ཁམས་རིག་པ་དང་སེམས་ཁམས་རིག་པ་ལས་ལུས་སེམས་འབྲེལ་མཐུན་གྱི་དཔྱད་མཐའ་འཇོག་དཀའ་བས་རྒྱུ་མཚན་དེ་ཡིན་པར་འདོད།

དེར་བོད་ཀྱི་རྒྱུད་སྡེ་དང་གསོ་བ་རིག་པའི་གཞུང་ལུགས་རྣམས་སུ་གནའ་སྔ་མོའི་དུས་ནས་ལུས་སེམས་དབྱེར་མེད་པའི་ལྟ་ཚུལ་ཡང་དག་བཏོན་པ་མ་ཟད་ཡང་སྒོས་ལུས་སེམས་ཀྱི་འབྱུང་རྩ་དང་འབྲེལ་བ། འཕེལ་རིམ་སོགས་བརྡར་དཔྱད་རྣལ་མ་མཛད་ཡོད་པ་སྟེ། རྒྱུད་ལས་། འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས།། འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་བསྐྱེད།།4 ཅེས་རིང་རྒྱུ་འདོད་ཆགས་དང་ཞེ་སྡང་གཏི་མུག་གསུམ་གྱི་རིམ་པར་རླུང་མཁྲིས་བད་ཀན་གསུམ་པོ་བརྒྱུད་པ་དང་། “འདོད་ཁྲོ་གཏི་གསུམ་ལས་བྱུང་བའི་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་རང་རང་གི་མཚན་ཉིད་དང་ཆོས་མཐུན་པའི་རླུང་མཁྲིས་བད་ཀན་གསུམ་ལ་བརྟེན་ནས་ལུས་ཕྱིར་ཉམས་སུ་མངོན་གྱི་ཡོད་པའམ་”5 འདོད། ཁྲོ། གཏི་གསུམ་ལས་ལུས་ཁམས་ཀྱི་སྐྱེས་ལུགས་ཀྱང་སྐད་ཅིག་ཉིད་ལ་འཕེལ་འགྱུར་བྱུང་གི་ཡོད་པ་རེད། དེ་ཕྱིར་ནད་ཅན་དང་ནད་མེད་གང་གི་དོན་དུ་གསོ་བ་ལུས་ཞེས་འདུས་བྱས་ཀྱི་ཕུང་བོ་འདི་ལ་འབྱུང་བ་ལྔ་དང་འདོད་ཁྲོ་གཏི་མུག་གསུམ་སྟེ་རིང་རྒྱུ་དང་རླུང་མཁྲིས་བད་ཀན་གསུམ་ལ་ཉེ་རྒྱུའི་སྒོ་ནས་རྣམ་པར་ཕྱེ་བ་སྟེ་རྒྱུད་ལས། རྒྱུ་ནི་རླུང་དང་མཁྲིས་པ་བད་ཀན་གསུམ།། རྣམ་པ་མ་གྱུར་ནད་(ལུས)་ཀྱི་རྒྱུར་འགྱུར་ལ།། རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན།། ལུས་དང་སྲོག་ལ་གནོད་ཅིང་གདུང་བས་སོ།། 6 ཞེས་རྣམ་པར་མ་གྱུར་བའི་རླུང་དང་མཁྲིས་པ་བད་ཀན་གསུམ་པོ་རང་རང་གི་རྒྱུའི་དབང་དུ་བཏང་ནས་ནད་ཅེས་བྱ་ཞིང་དོན་ལ་ཐ་མལ་ནད་མེད་ཀྱི་ལུས་དེ་ཉིད་ཆེས་ཕྲ་ཞིང་ཕྲ་བའི་འབྱུང་སྟོབས་དང་ཁུ་ཁྲག་སེམས་གསུམ་ལས་གྲུབ་པ་ཞིག་ཡིན་པ་དང་དེ་དག་རྟེན་དང་བརྟེན་པའི་འབྲེལ་བ་སྙོམས་པས་ལུས་ཁམས་ཀྱི་དྭངས་མ་དང་སེམས་ཁམས་ཀྱི་ཁྱད་རྟགས་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མ་ཟད། ཕྱི་ནང་གི་རྒྱུ་རྐྱེན་འབྲེལ་བའི་ངོ་བོ་མཐུན་མིན་གྱིས་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་ཤས་ཆེ་ཆུང་གི་ཁྱད་པར་ལས་ལུས་ཀྱི་གཟུགས་གཞི་མི་འདྲ་བ་བསྐྱེད་པ་དང། སེམས་ཀྱི་འཁྱེར་སོའང་མི་འདྲ་བས་སྤྱི་ཚོགས་འཚོ་བའི་ནང་ལུས་སྟོབས་དང་ཁམས་དབང། མི་གཤིས། རིག་སྟོབས། བསམ་པའི་བྱེ་བྲག་སོགས་གཅིག་མཐུན་གྱི་མི་རིགས་འདྲ་ཅན་ཞིག་དཀོན་པ་དང་གལ་སྲིད་ཆ་ཡོངས་ནས་འདྲ་བའི་དབང་དུ་བཏང་ནའང་ལུས་ཁམས་དང་སེམས་ཁམས། ཆེས་ཕྲ་བའི་འབྱུང་སྟོབས་དེར་ཕྱིའི་ཁོར་ཡུག་གི་ཆ་རྐྱེན་དང་གནོད་འགྱུར་འགུལ་ཤུགས་ཀྱི་ཆ་རྐྱེན་ལས་རྣམ་པ་དུ་མར་འགྱུར་འགྲོ་གི་ཡོད་སྟབས་ལུས་སེམས་ཀྱི་ནད་རིག་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་རྙོག་འཛིང་ཆེ་ཞིང་དོན་འདུས་དཀའ་བའི་སྣེ་མང་རང་བཞིན་ཞིག་ལགས་མོད། མ་གཞི་ལུས་འདི་འབྱུང་བ་ལྔ་དང་འདོད་ཁྲོ་གཏི་གསུམ་དེས་བསྐྱེད་པའི་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་ལ་གནོད་བྱེད་ཉེས་པ་དང་དྭངས་མ་སོགས་གནོད་བྱ་ཁམས་རྣམས་རང་བཞིན་དུ་གནས་པ་ཡིན་པས་རླུང་་མཁྲིས་བད་ཀན་གསུམ་གྱི་བྱེད་ལས་འབའ་ཞིག་ལ་མ་གཏོགས་མེད་པ་དང་རླུང་མཁྲིས་བད་ཀན་གསུམ་པོའི་བྱེད་ལས་དེ་སྙོམས་པོར་གྱུར་ནས་ནད་མེད་བདེ་བར་གནས་པའི་བརྒྱུད་རིམ་ནང་ཕྱིའི་འཚོ་བ་ཟས་དང་སྤྱོད་ལམ། དུས། འབྱུང་ཁམས་དེས་ནང་གི་འདུ་བ་རླུང་མཁྲིས་བད་ཀན་གསུམ་ལ་འབྲེལ་མཐུན་གྱི་རྒྱུ་ཆ་མཁོ་འདོན་བྱེད་པ་དང་རྒྱུ་ཆ་དེ་དག་འཕྲོད་མ་འཕྲོད་དང་དམན་ལྷག་ལོག་པར་གྱུར་མ་གྱུར་གྱི་སྒོ་ནས་རླུང་མཁྲིས། བད་ཀན་གསུམ་པོའི་རྣམ་པ་འཕེལ་ཟད་འཁྲུགས་པའི་ངོ་བོ་ཤར་མ་ཤར་གྱི་རྟགས་ལ་བརྟེན་ནས་ནད་དང་ནད་མེད་ཀྱི་དབྱེ་བ་འབྱེད་བཞིན་ཡོད། ནད་ཅན་དང་ནད་མེད་གཉིས་ཀྱི་ཕྱི་མ་ཐ་མལ་བའི་ལུས་སྟེང་དུ་ཁྱབ་པའི་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་པོ་ཤས་ཆེ་ཆུང་གི་འཕེལ་འགྲིབ་དེ་སྤྱིར་ན་གཅིག་གྲོགས་གཅིག་གིས་བྱེད་པ་དང་གཅིག་འབྲེལ་གཅིག་ལ་རྟེན་དང་བརྟེན་པའི་བྱེད་ལས་ཆ་སྙོམས་པོར་གནས་པ་དང་ཕྱི་ནང་གི་རྐྱེན་ལེགས་པོར་འཛོམས་ཤིང་རྐྱེན་གློ་བུར་བས་སྲོག་མ་བཅད་པར་ལུས་སེམས་མི་བདེ་བའི་ནད་རྟགས་འབྱུང་རྒྱུ་མེད་ན་འགྲིག་མོད། འོན་ཀྱང་། མིའི་ལུས་ནི་གནོད་བྱ་ཁམས་དང་གནོད་བྱེད་ཉེས་པ་དེར་ཕྱི་ནང་གི་རྒྱུ་རྐྱེན་དུ་མའི་འཕེལ་འགྲིབ་དང་། ལུས་ཁམས་དང་སེམས་ཁམས་ཀྱི་རང་བཞིན་མི་འདྲ་བ་སོགས་ཀྱི་དབང་གིས་རྟགས་ལྟར་སྣང་བ་འབྱུང་བ་དང་རྟགས་ལྟར་སྣང་བའི་འབྱུང་རྐྱེན་དེའང་སེམས་ཁམས་ཀྱི་རྒྱུ་ཆ་དེ་དང་འབྲལ་དུ་མེད་ཅིང་ལུས་ཁམས་སྐྱེས་ལུགས་ཀྱི་འགྱུར་ལྡོག་དེ་སེམས་ཁམས་ཀྱི་འགུལ་བསྐྱོད་ལ་རག་ལས་ཡོད་པས་རྟགས་ལྟར་སྣང་བའི་སྣང་ཚུལ་འདྲ་མིན་དེ་རྒྱུན་བསྲིངས་བྱས་ཚེ་གཟུགས་གཞིའི་སྐྱེ་ཁམས་ལ་གནོད་འཚེ་ཐེབས་ནས་ལུས་སེམས་ཀྱི་ནད་རིགས་བྱུང་གི་ཡོད།


སུམ། རྩ་རླུང་ལུས་སྦྱོང་དང་ལུས་སེམས་སྙོམསྒྲིག་གི་འབྲེལ་བ།  

གོང་དུ་འཆད་ཟིན་པ་ལྟར་རྩ་རླུང་ལུས་སྦྱོང་གི་མཇུག་འབྲས་དམིགས་གཞི་ནི་ལུས་སེམས་སྙོམས་སྒྲིག་བྱེད་པ་དེ་ཡིན་ཞིང་མིའི་ལུས་སེམས་སྙོམས་སྒྲིག་བྱེད་པ་དེའང་མིའི་ལུས་སེམས་ཀྱི་སྐྱེ་འཕེལ་དང་། རང་བཞིན། འབྱུང་སྟོབས་སོགས་དང་ལུས་སེམས་ནད་རིགས་ཀྱི་འབྱུང་རྩ་དང་། འཕེལ་འགྱུར་། ནད་རྟགས། ནད་འགོག་བཅས་དམིགས་གཞི་མི་འདྲ་བའི་སྒོ་ནས་རྩ་རླུང་ལུས་སྦྱོང་གི་རིགས་ལམ་མི་འདྲ་བའི་བདེ་སྲུང་གསོ་ཐབས་ཀྱིས་ལུས་སེམས་སྙོམས་སྒྲིག་བྱེད་ཀྱི་ཡོད་པ་སྟེ།


དང་པོ།
   རྩ་སྦྱོང་གིས་མིའི་ལུས་སེམས་སྙོམ་སྒྲིག་བྱེད་པ།

རྩ་སྦྱོང་ནི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏིང་ཟབ་པ། སྣེ་མང་རྙོག་འཛིང་ཆེ་བའི་རིག་སྦྱོང་ཞིག་ཡིན་ལ་མིའི་ལུས་སེམས་སྙོམས་སྒྲིག་བྱེད་པའི་གོ་རིམ་ནང་ཆེས་ཐུན་མོང་མ་ཡིན་པའི་གོ་གནས་ཚད་མཐོ་པོ་བཟུང་ཡོད། དེ་ཡང་སེམས་ཁམས་ཀྱི་དབང་རྟེན་དང་ལུས་ཕྲ་རགས་གཉིས་ལས་རགས་པའི་དབང་རྟེན་ཁོག་པ་དང་བཅས་རྩའི་གནས་ལུགས་ཀྱིས་བཀང་ཞིང་“དེ་ལ་གྲངས་ཀྱི་སྒོ་ནས་དབྱེ་ན་དཔག་མེད་ཅིང་ལུས་འདི་ཉིད་གོང་བུ་གཅིག་མ་ཡིན་པར་རྩའི་རང་བཞིན་ཅན་དྲ་བའམ་དྲུ་བུ་འཛིངས་པ་ལྟར་གནས་པ་ཡིན” 7 ལ་དེ་བསྡུས་པར་ཕྱེ་ནས་དབྱེ་ན་“དེ་ལ་ཁྲག་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། རླུང་རྒྱུ་བའི་རྩ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། འཁོར་ལོ་ལྔས་བསྡུས་པ་བརྒྱ་དང་ལྔ་བཅུ་རྩ་བདུན། ཡུལ་གྱིས་བསྡུས་པ་སུམ་ཅུ་སོ་བདུན། བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས། རྩའི་གཙོ་བོ་གསུམ་”8 བཅས་གནས་ཤིང་དེ་རེ་རེས་རང་རང་གི་བྱེད་ལས་འབའ་ཞིག་ལ་བརྟེན་ནས་སྲོག་ལྡན་གྱི་མི་ལུས་ཧྲིལ་པོ་མ་འདིའི་དབང་རྟེན་འཕེལ་འགྱུར་བརྒྱུད་རིམ་ནང་བསམ་གཞིགས་དང་། ཡིད་ཤེས། བློ་རིགས། ཤེས་རྟོགས་སོགས་ཀྱི་འབྱུང་རྩར་གྱུར་ཡོད་པ་དེ་དག་གཅིག་ལ་གཅིག་འབྲེལ་གྱིས་མིའི་ལུས་སེམས་སྙོམས་སྒྲིག་དང་བདེ་སྲུང་གི་འབྲེལ་རྩར་གྱུར་བའང་ལགས། དེང་དུས་ཁག་ཅིག་གིས་གོང་གི་རྩ་བསྡུས་སོགས་ནང་པ་སངས་རྒྱས་ཀྱི་རྒྱུད་སྡེ་གསང་སྔགས་མ་གཏོགས་གདུལ་བྱ་ཐུན་མོང་བའི་ལུས་ལ་མི་སྣང་བ་དང་ཐ་མལ་བའི་ལུས་སྟེང་དུ་མངོན་གྱི་མེད་པས་ཁས་ཆེས་ཀྱི་བློར་མི་བདེ་བའི་ལུང་ཚིག་འདྲེན་གྱི་་ཡོད་པ་ནི་ཆེས་མི་རིགས་ཏེ། རང་སངས་རྒྱས་ཀྱི་བློ་ངོར་བྱུང་དཀའ་བའི་ཚན་རིག་ཅིག་ད་རུང་བྱུང་ཁག་པོ་འདུག་ལ་རེ་གཉིས་བྱུང་ཡོད་པའི་དབང་དུ་བཏང་ནའང་མིའི་ལུས་སེམས་ཀྱི་གསང་རྒྱ་རྣམས་ནི་དངོས་སུ་མཐོང་ཐུབ་པའི་རྡུལ་ཕྲ་རབ་ཀྱི་རྩ་ཕྲན་ངོས་བཟུང་དཀའ་བའི་གནས་ལགས་ལ། གལ་ཏེ་དབུ་རྐྱང་རོ་གསུམ་སོགས་རྩ་ཕྲན་རྣམས་མེད་པའི་དབང་དུ་བཏང་ན་རང་རེའི་གསང་སྔགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ལུས་རྡོ་རྗེ་རྩ་འགྲེལ་རྣམས་སྤྱང་ཀིའི་རྣ་ལ་ཆོས་བཤད་ཀྱི་རྒྱུ་རུ་འགྲོ་ཉེན་ཆེ་བས་རིགས་པར་འཚལ།

དེ་ལ་སྲོག་རྩའི་སྐྱེས་ལུགས་དང་ངོ་བོ་སོགས་བོད་ལུགས་གསོ་བ་རིག་པའི་གཞུང་ལས་ཞིབ་པར་མཛད་ཡོད་ལ་སེམས་ཁམས་ཀྱི་འབྱུང་རྩ་དང་དབང་རྟེན་བཅས་དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ་ཕྲན་ལ་སོགས་“ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་” 9 ཞེས་ཀླད་པ་ནི་དབང་རྩའི་ཕྲ་ཕུང་མང་པོ་ལས་གྲུབ་པ་ཞིག་ཡིན་པས་ཀླད་པའི་རྩ་ཕྲན་མང་པོ་ལས་སྲོག་རྩའམ་དབུ་རྐྱང་རོ་གསུམ་གྱི་རྩ་དག་ཀྱང་འདུས་ཡོད་པར་སྙམ། རྒྱུད་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།། ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་སྐོར་།། 10 ཞེས་དང་། ཡང་ཆགས་པའི་རྩ་ནི་ལྟེ་བ་ལས་གསུམ་གྱེས།། རྩ་གཅིག་གྱེན་ལ་སོང་ནས་ཀླད་པ་ཆགས།། 11 ཞེས་གསུངས་པ་ལྟར་། སྲོག་རྩའི་རྩ་ཕྲན་ཐོག་མར་ཀླད་པ་ནས་ཐུར་དུ་ཆགས་པའི་ངོ་བོ་ནི་ཆོས་བཞིན་ལྡན་ཞིང་། “དེ་ལ་སྲོག་འཛིན་པའི་རྩ་ལུས་ཀྱི་དཀྱིལ་ན་གནས་པ་སྤྱི་གཙུག་ནས་ལྟེ་འོག་གི་བར་དུ་ཟུག་པ། དེ་ལ་འཁོར་ལོ་དྲུག་གི་ལྟེ་བའི་རྩ་མདུད་བཅས་པ་ལྟར་གནས་ལ་སམྦུ་ཊི་ལས། རྐང་པ་ནས་ནི་སྤྱི་མཐར་ཐུག། སྐུད་པ་གཅིག་ལས་ཡང་དག་བྱུང་།།” 12 ཞེས་གསུངས་སོ།། འཕེལ་འགྲིབ་བྱེད་པའི་འཁོར་ལོ་བཞིའི་འདབ་མ་བརྒྱད་བརྒྱད། དེ་ལས་གྱེས་པ་རྩའི་གཙོ་མོ་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས་”13 སོགས་ཀྱིས་སེམས་ཁམས་དང་ལུས་ཁམས་ཀྱི་རྒྱུ་རླུང་མཁྲིས་བད་ཀན་བསྐྱེད་པ་ལ་“རྐྱང་མའི་ཡར་སྣས་བསྐྱེད་པའི་ཀླད་པ་ནི་རྩ་དཀར་ཐམས་ཅད་བསྐྱེད་པའི་གཞི་རྒྱ་མཚོ་ཆེན་པོ་དང་མཚུངས་པ་དེ་ལས་རྩ་བ་ལྟ་བུར་ཁ་ཐུར་བལྟས་སུ་ཟུག་པའི་རྒྱུངས་པ་ནི་སྲོག་རྩ་དཀར་པོ་སྟེ་གཙོ་བོ་ཡིན་ལ། དེ་ལ་ཆུའི་ཁམས་གསོ་བསྐྱེད་ཀྱི་བྱ་བ་བྱེད་པའི་ཆུ་རྩ་རགས་པའི་དབང་དུ་བྱས་པ་བཅུ་དགུ་ཡོད་དོ།།

དེ་ཡང་གནད་ཀྱི་དབང་ལས་རླུང་བསྐྱེད་པའི་རྩ་བཞི་སྙིང་དང་རྒྱུ་མ། མཁྲིས་པ་བསྐྱེད་པའི་རྩ་བཞི་གློ་ལོང་མཆིན་མཁྲིས། བད་ཀན་བསྐྱེད་པའི་རྩ་བཞི་ནི་ཕོ་མཚེར་མཁལ་ལྒང། འདུས་པ་བསྐྱེད་པའི་རྩ་གཅིག་བསམ་སེའུ། ཀླད་པའི་རྗེ་ཞབས་ནས་མགྲིན་པའི་ནང་བརྒྱུད་དེ་འབྲེལ་བ་ཡིན་པས་དོན་ལྔ་སྣོད་དྲུག་ནང་དུ་འབྲེལ་བའི་དར་གྱི་དཔྱངས་ཐག་བཅུ་གསུམ་སྦས་པའི་”14 རྩ་དང་ཤ་ཁྲག་འཕེལ་བའི་རྩ་ཆེན་ཉི་ཤུ་རྩ་བཞི་ལ་སོགས་ཡལ་གའི་ཚུལ་དུ་གྱེས་ཡོད་ལ་ཀླད་པའི་རྩ་ཕྲན་རེ་གཉིས་ཀྱི་སྟེང་ནས་སེམས་ཁམས་ཀྱི་དབང་རྟེན་དང་ཤེས་རྟོགས་ཀྱི་འབྱུང་གནས་ཡིན་པ་དེང་རབས་གསོ་རིག་གིས་ཀྱང་བཞེད་ལ་“ཀླད་པ་ལས་གྱེས་རྩ་ཕྲན་མང་པོས་ཀྱང་ལུས་ཕྱི་ནང་དང་དོན་སྣོད་ལ་སོགས་པ་སྙོམས་སྒྲིག་གི་བྱེད་ལས་འབའ་ཞིག་ལ་གཏོགས་ཀྱི་ཡོད་ཀྱང་ཟས་ཀྱི་དྭངས་མ་ལེན་པའི་རྩ་དགུ་མཆིན་པར་བརྒྱུད་པ་དང་དྲན་པའི་དབང་པོ་གསལ་བར་བྱེད་པའི་རྟེན་ནམ་རྣམ་ཤེས་ཚོགས་དྲུག་སྙིང་ལ་རྒྱུ་བའི་རྩ་ཕྲན་རྣམས་ད་དུང་རྙེད་ཁག་པོ་འདུག་ལ་དེར་སེམས་ཁམས་ཞེས་པ་ཀླད་ཤུགས་ཁོ་ནར་འདོད་པའི་དེང་གི་ཚན་རིག་འཚོ་བྱེད་པ་རྣམས་ཀྱིས་ཀྱང་མནོ་བསམ་རེ་བཞེས་ན་ལེགས་སྙམ།” 15  དེར་བོད་ལུགས་གསོ་རིག་གཞུང་ལས་དབང་གསལ་གྱི་བྱ་བ་ཐམས་ཅད་ཀླད་པ་ཕུད་སྙིང་ལ་གནས་པ་སྟེ། རྒྱུད་ལས། དབང་པོ་ཡུ་ལ་གསལ་བར་བྱེད་པའི་རྩ།། སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་སྐོར།། 16 ཞེས་གསུངས་པ་དཔལ་ཀུན་ཏུ་ཁ་སྦྱོར་ལས། དེ་ཡི་དབུས་ན་གནས་པའི་ལྷ།། མི་གསལ་གསལ་བའི་རང་བཞིན་ཅན།། ཆ་མེད་མཆོག་ཏུ་ཕྲ་བ་སྟེ།། གཟི་བརྗིད་ཆེན་པོ་འོད་དང་ལྡན།། རྟག་ཏུ་སྙིང་གའི་དབུས་ན་གནས།། ཤིན་ཏུ་མཛེས་པའི་རྩ་ལས་ནི།། འབྱུང་བ་འདུད་བྲལ་ཞེས་བྱར་གྲགས།། 17 ཞེས་པའི་“་རོ་རྐྱང་དབུ་གསུམ་སྙིང་གི་རྩ་བར་འདུས་བྱ་ལས་ཉོན་མོངས་པའི་ཡིད་རྒྱུ་བའི་བུ་གའི་དབང་གིས་སྙིང་འཕར་བར་བྱེད་ལ་” 18 སེམས་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་བྱེད་པའི་ནུས་པ་ཐོན་གྱི་ཡོད།

གཞན་བོད་ལུགས་གསོ་རིག་ལས་བྱུང་བའི་མི་ལ་ཚེ་ཡི་རྩ་གསུམ་ཡོད་དེ། གཅིག་ནི་མགོ་ལུས་ཐམས་ཅད་ཁྱབ་པར་གནས། གཅིག་ནི་དབུགས་དང་འགྲོགས་ནས་རྒྱུ་བ་སྟེ། གཅིག་ནི་བླ་དང་འདྲ་སྟེ་འཁྱམ་པ་ཡིན།19 ཞེས་“ཁམས་དྲུག་ལྡན་གྱི་གང་ཟག་གི་དབང་དུ་བྱས་ཏེ་འཁོར་ལོ་དྲུག་པོའི་བར་ན་རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ལྡན་ཀུན་གཞིའི་རྣམ་པར་ཤེས་པའི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ་སྟོང་སང་ངེ་བ་ནམ་མཁའི་ཁམས་དང་ལྡན་ལ་སྲོག་རྟེན་པའི་ཆ་ནས་སྲོག་གི་རྩ་ཞེས་གྲགས་ཤིང་། ཇི་སྲིད་འཁོར་ལོའི་དབུ་མའི་འཕོ་བའི་རྩ་བཅུ་གཉིས་སུ་རླུང་དང་བྱང་ཆུབ་ཀྱི་སེམས་འབབ་པ་དེ་སྲིད་དུ་འཚོ་བ་ཞེས་བྱ་བ་རབ་ཏུ་གྲགས་སོ།། 20

ངེས་དོན་རྩ་སྦྱོང་གི་རིགས་ལམ་ནི་སྲོག་རྩའམ་སེམས་ཁམས་ཀྱི་དབང་རྟེན་རྩའི་རྒྱུ་བ་ལ་བརྟེན་ནས་རླུང་སེམས་ཆ་སྙོམས་པོར་གྱུར་བ་དང་བྱང་ཆུབ་གྱི་སེམས་ཚུར་ནང་དུ་སྡུད་པ་དང་། མཉམ་གནས་སྒོམ་པའི་སེམས་ཁམས་བདེ་བ་ལ་རྟེན་ནས་རྣམ་རྟོག་གཞན་དུ་མ་གཡོ་བར་ཕྱི་ནང་གི་འབྱུང་བ་ལྔ་དང་རླུང་མཁྲིས་བད་ཀན་གྱི་བདག་ཉིད་ལུས་ཅན་གྱི་ཁམས་སྟོབས་བསྐྱེད་པའི་རིགས་ལམ་ཞིག་ལགས་ལ་རྩ་སྦྱོང་བའི་སྐབས་སུའང་རླུང་སེམས་ཚུར་སྡུད་ཅིང་ལུས་སེམས་སྙོམས་སྒྲིག་བྱེད་པའི་ཆ་རྐྱེན་ཨང་དང་པོ་ཟིན་ཡོད་པ་རེད།


གཉིས་པ། རླུང་སྦྱོང་གིས་མིའི་ལུས་སེམས་སྙོམ་སྒྲིག་བྱེད་པ།
 

རླུང་སྦྱོང་ནི་ནང་གི་ལྷན་སྐྱེས་སུ་ཡོད་པའི་འབྱུང་བ་དང་ཕྱིའི་ཁ་དབུགས་དང་མཉམ་པའི་རླུང་མཉམ་གནས་སུ་བསྲེ་བས་ལུས་སེམས་སྙོམས་སྒྲིག་བྱེད་པ་དེ་ལ་ཟེར་ཞིང་རླུང་ལ་རགས་པ་དང་ཕྲ་བ་གཉིས་ལས་རླུང་རགས་པའི་དབང་དུ་ཕྱེས་ན་རླུང་གི་རིགས་བཅུ། གྲངས་ནི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྒོ་དགུའི་རླུང་། ལུས་ཀྱི་ཆ་ཤས་ཐམས་ཅད་ནས་ཁྱབ་པར་རྒྱུ་བ་དང་ཕྲ་བའི་རླུང་ནི་ནམ་མཁའ་ཡིས་ཁྱབ་ཚད་དུ་སེམས་ཀྱིས་ཁྱབ་ལ། སེམས་དང་རླུང་དབྱེར་མེད་པས་ཕྱི་ནང་ཐམས་ཅད་རླུང་རྣམ་པར་ཤེས་པའི་རང་གཟུགས་སོ།། བསྡུས་ན་སྲོག་ལ་སོགས་པའི་རླུང་ལྔ་ནི་ཕུང་བོ་ལྔ་ལ་བརྟེན་ནས་ཕུང་པོ་ལྔའི་བྱ་བ་བྱེད་དོ།། རྒྱུ་ལ་སོགས་པའི་རླུང་ལྔ་ནི་དབང་པོ་ལྔ་ལ་གནས་ནས་ཕྱི་རོལ་གྱི་བྱ་བ་བྱེད་དོ།། “དེ་རྣམས་དབུ་མར་འཇུག་ཅིང་འགྲོ་འོང་མེད་པ། རྣམ་རྟོག་དང་བྲལ་བ་ཡེ་ཤེས་ཀྱི་རླུང་ཉི་ཟླ་ནས་རྒྱུ། འབྱུང་འཇུག་དང་བཅས་རྣམ་རྟོགས་སྣ་ཚོགས་སུ་གཡོ་བ་ལས་ཀྱི་རླུང་སྟེ། འཇིག་རྟེན་པའི་ལམ་མན་ཆད་དུ་ལས་བཅུ་བྱེད་པའི་རླུང་”21ལ་སོགས་དམིགས་གཞི་ཁྱད་པར་ཅན་ལ་དགོངས་ནས་གསུངས་པ་དང་། གཞན་འབྱུང་བ་ལྔ་དང་ཕོ་མོ་མ་ནིང་སོགས་ཀྱི་རླུང་རྣམ་པ་དུ་མ་གསུངས་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། དེར་བཀའ་རྒྱུད་ནས་གསུངས་པ་ལྟར་ཕུང་པོ་ལུས་སུ་ལྷན་སྐྱེས་སུ་མཆིས་པའི་འབྱུང་བ་རླུང་གི་རིགས་བརྒྱད་ཅུ་གསུངས་པ་དག་གིས་ཐོག་མར་མངལ་དུ་ཆགས་པ་དང་། སྐྱེས་པ། འཕེལ་བ་དང་ན་བ་སོགས་སྐྱེ་རྒ་ན་འཆིའི་བྱ་བ་ཐམས་ཅད་བྱེད་པ་སྟེ་ལུས་རླུང་གིས་འཛིན་པར་བྱེད་པ་དང་དབང་པོ་དང་ཤེས་པའི་བྱ་བ་སྟེ་ལེགས་ཉེས་ཀྱི་སེམས་གསལ་པོ་བྱེད་པའི་ལས་ཏེ། རྒྱུད་ལས། ཉེས་པའི་ལས་ནི་རླུང་གིས་དབུགས་འབྱིན་རྔུབ།། བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་གནོད་བྱ་རྒྱུ།། དབང་པོ་གསལ་དང་ལུས་རྗེས་འཛིན་པར་བྱེད།།22 ཞེས་གསུང་པ་ལས་ལེགས་པར་བྱེད་ཅིང་སེམས་དང་པོ་དམིགས་པས་རླུང་འདི་ནི་ལུས་ཀྱིས་རྣམ་པར་ཐར་བའི་བསམ་གཏན་གྱི་གནས་པ་རྣམས། ཤིན་ཏུ་བདེ་བར་ཡང་བྱེད་པ་ཡིན་ལ་བདག་གི་ཁ་ལ་སོགས་པའི་རླུང་གིས་ལུས་ལེགས་པར་བསྐྱེད་ལ་འཕེལ་བའི་གནས་སྐབས་ཡང་བྱེད་དོ།། དེ་དག་མདོར་བསྡུས་ན་ལུས་རྩའི་ཕུང་བོར་གནས་ཏེ་བྱ་བ་བྱེད་པའི་རླུང་ནི་ལྔ་རུ་བསྡུ་ཆོག་སྟེ། རླུང་སྲོག་འཛིན་དང་གྱེན་རྒྱུ། ཁྱབ་བྱེད། མེ་མཉམ་ཐུར་སེལ་བཅས་ཡིན་ལ་ཁྱད་པར་གྱི་ལས་ནི་རྒྱུད་ལས། ཁྱད་པར་སྲོག་འཛིན་རླུང་དེ་སྤྱི་བོར་གནས།། གྲེ་བ་བྲང་གཞུང་རྒྱུ་ཞིང་ཟས་སྐོམ་མིད།། དབུགས་རྔུབ་མཆིལ་འདོར་སྦྲིད་པ་སྒྲེག་པ་འབྱིན།། བློ་དང་དབང་པོ་གསལ་ཞིང་སེམས་འཛིན་བྱེད། །གྱེན་དུ་རྒྱུ་བའི་རླུང་ནི་བྲང་ལ་གནས།། སྣ་ལྕེ་ལྐོག་མར་རྒྱུ་ཞིང་ཚིག་འབྱིན་ལ།། སྟོབས་མདངས་ཁ་དོག་འབད་རྩོལ་དྲན་གསལ་བྱེད།། ཁྱབ་བྱེད་རླུང་ནི་སྙིང་ལ་གནས་བ་སྟེ་།། ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ།། བརྐྱང་བསྐུམ་འབྱེད་འཛུམ་བྱ་བ་ཕལ་རག་ལུས།། མེ་དང་མཉམ་པའི་རླུང་ནི་ཕོ་བར་གནས། ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། དྭངས་སྙིགས་འབྱེད་ཅིང་གནོད་བྱ་སྨིན་པར་བྱེད།། ཐུར་དུ་སེལ་བའི་རླུང་ནི་གཞང་ལ་གནས།། ལོང་དང་ལྒང་པ་གསང་བ་བརླ་ནང་རྒྱུ།། ཁུ་ཁྲག་བཤང་གཅི་མངལ་ནང་འབྱིན་སྡོམ་བྱེད།།23 ཅེས་པའི་ལས་རྣམས་དང་དེ་ཕུད་མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས་པ་སྟེ། ཡིད་གཞུངས་ང་རྒྱལ་བློ་དང་འདོད་པ་སྒྲུབ། །ཞེས་དང་བད་ཀན་ཚེམ་བྱེད་མགོར་གནས་དབང་པོ་ཚིམ་པར་བྱེད་པ་སོགས་གཞུང་གཞན་ནས་མི་མཐོང་པའི་དམིགས་བསལ་གྱི་ཕུང་པོ་ལུས་ཀྱི་བྱེད་ལས་འགའ་ཞིག་བད་མཁྲིས་ཀྱི་བྱེད་ལས་འབའ་ཞིག་ལྡན་ཡོད་པས་བརྗོད་བྱ་ལས་འདས་པས་རྒྱས་་སྤྲོས་མི་བྱའོ།། མཚན་ཉིད་ནི་རླུང་གི་མཚན་ཉིད་རྩུབ་ཅིང་ཡང་བ་དང་། གྲང་ཞིང་ཕྲ་ལ་སྲ་ཞིང་གཡོ་བ་སོགས་ཟུར་དྲུག་ལྡན་གྱིས་མགོའི་སྤྱི་གཙུག་མ་ནས་རྐང་མཐིལ་བར་དུ་སྐད་ཅིག་ཉིད་ལ་རྒྱུ་ཞིང་ཐ་མལ་བའི་སྐབས་སུ་བད་མཁྲིས་སྙོམས་པའི་གྲོགས་བྱེད་པ་དང་འཁྲུགས་པའི་སྐབས་སུ་ནད་སློང་བའི་བསྡོངས་ཟླར་བྱེད་ཀྱི་ཡོད་པས་རྒྱུད་ལས། རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ།། ཉི་མར་ལྡན་ན་བསྲེགས་པའི་གྲོགས་བྱེད་ཅིང་།། ཟླ་བར་ལྡན་ན་བསིལ་བའི་གྲོགས་བྱེད་ལ།། སྟོད་སྨད་ཕྱི་ནང་མ་ལུས་ཁྱབ་པར་རྒྱུ།། ཚ་གྲང་གཉིས་ཀ་འཁྲུགས་ཅིང་སློང་བར་བྱེད།།24 ཅེས་གསུངས་པ་དང་བཀའ་རྒྱུད་ལས། “གལ་ཏེ་བདག་གི་སྤུ་དང་སེན་མོ་དང་རྟུག་རྣམས་འབྱེད་པོ་བྱེད་པའི་རླུང་དག་གིས་ལུས་འཁྲུགས་པར་གྱུར་ན། དེས་བདག་གི་དབང་པོ་རྣམས་མནར་བར་གྱུར་ནས་རིང་བ་ཉིད་དུ་བྱེད་པ་ཡིན་ནོ།། བདག་གི་ཁ་དང་སྣ་བུག་དང་རྣ་བ་རྣམས་ཀྱི་ཕྱེད་ཟུག་གཟེར་གྱིས་གཟེར་བ་བྱེད་དོ།། མིག་ལའང་རབ་རིབ་ཏུ་འགྱུར་རོ།། བདག་གི་སྣས་ཀྱང་དྲི་འཛིན་པར་མི་འགྱུར་རོ།། བདག་གི་ཁ་ཡང་སྐྱ་བོར་འགྱུར་རོ།། བདག་རང་བཞིན་དུ་གནས་པར་བསྡད་ཀྱང་སྐྱུག་པར་འགྱུར་རོ།། བདག་གི་བསམ་གཏན་གྱི་བདེ་བ་ལའང་གནོད་པར་འགྱུར་རོ།། བདག་གི་སེམས་ཀྱི་རྒྱུན་གཅིག་ཏུ་གནས་པར་མི་འགྱུར་རོ།།25 ཞེས་གསུངས་ཡོད་པ་ནད་ཐོག་ལག་ལེན་ཐད་བེད་སྤྱོད་ཀྱི་ཆ་ཉུང་ཞིང་བསྡུས་པའི་དབང་དུ་བཏང་ནས་རྩ་བའི་རླུང་ལྔའི་ཁོངས་སུ་འདུས་ཡོད་པའི་བོད་ལུགས་གསོ་རིག་གི་ལྟ་བ་རྣམས་ཀྱིས་ཀྱང་ལུས་ལྷན་སྐྱེས་སུ་མཆིས་པའི་འབྱུང་བ་རླུང་དང་ལུས་ལྷན་སྐྱེས་སུ་མཆིས་པའི་འབྱུང་བ་སྲིན་བུའི་རིགས་རྣམས་ལ་མནོ་བསམ་རེ་བཞེས་ན་བོད་ལུགས་གསོ་བ་རིག་པའི་འཚོ་བྱེད་རྣམས་ལ་ལག་འབྲས་མི་དམན་པ་འབྱུང་རྒྱུ་ཡོད་པས་རིག་པར་འཚལ། རླུང་སྒོམ་པས་ཕྱི་ནང་རྟེན་འབྲེལ་གྱི་རིག་འགྲོས་ལས་སྣང་བ་སེམས་ཀྱི་རང་གཟུགས་ཡིན་པའི་དབང་གིས་ཚེ་བཅུད་བསྡུ་བསྟིམ་གྱི་འཕྲོ་འདུས་ནང་གི་འབྱུང་བཞིའི་དྭངས་མ་སྟོབས་སུ་གྱུར་ནས་ཕྲ་མོའི་ཡོན་ཏན་བསྐྱེད་ཀྱི་ཡོད་པ་སྟེ་དེ་ཡང་རྒྱུད་ལས་“འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ལས་བསྐྱེད།། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།། ལུད་ནད་གཉེན་པོ་བདག་ཉིད་གཅིག་པུར་འབྲེལ།།”26 ཞེས་གསུངས་སོ།། དེ་ཕྱིར་རླུང་སྦྱོང་སྒོམ་མཁན་གང་གིས་ལུས་དངོས་པོ་གནས་ལུགས་མ་ཤེས་ན་བསྒོམ་པ་དོན་གྱི་གནད་ཤེས་ཐབས་བྲལ་ལ་དམིགས་གཞི་གང་གི་དོན་དུ་ལུས་སེམས་སྙོམས་སྒྲིག་བྱ་རྒྱུའི་ཐབས་ལ་རྨོངས་པས་བསྒོམ་བྱ་དང་མུ་མཐུན་ན་དཔེར་ན་རྣ་བ་ལ་མིག་སྙམ་དུ་བསྐལ་བར་བསྒོམས་ཀྱང་མིག་ཏུ་མི་འགྲོ་བ་བཞིན་ཚེ་སྲོག་རིང་འཚོ་བྱེད་པ་ནི་བརྗོད་བྱ་འདིའི་དམིགས་གཞི་ཡིན་ལ་འབྲས་བུའང་ཡིན།


གསུམ་པ། ལུས་སྦྱོང་གིས་ལུས་སེམས་སྙོམ་སྒྲིག་བྱེད་པ།
 

ལུས་སྦྱོང་ནི་ཕྱིའི་ལུས་ཀྱི་ཡན་ལག་གི་ཉམས་འགྱུར་སྣ་ཚོགས་འགུལ་བའི་རིགས་སྦྱོང་རྐྱང་པ་ཞིག་མ་ཡིན་ལ་ནང་གི་རླུང་སེམས་མཉམ་གནས་འགྲོས་དང་བསྟུན་ནས་ཕྱིའི་ལུས་ཀྱི་ཤ་དང་ཁྲག པགས་པ། རྩ། རུས། དྭངས་མ་ལ་སོགས་ཀྱི་འབྱུང་བའི་ཁམས་སྟོབས་བསྐྱེད་པའི་དྭངས་མ་འཕེལ་བར་བྱེད་པའི་རྟེན་ནམ་ལུས་རྡོ་རྗེ་སྤྱོད་པ་དེ་ལ་བྱ་ཞིང་དབྱེ་ན། བསྡུས་པ་ཡན་ལག་ལྔའི་སྦྱོར་བ་དང་རྒྱས་པ་ལུས་སྦྱོང་ཉི་ཤུ། “འཁྲུལ་འཁོར་ཐམས་ཅད་བསྒོམ་པར་འདོད་གྱུར་ན།། རིམ་དང་རིམ་མིན་དཀྲུགས་པ་དགུ་བཅུ་དྲུག།།27 སོགས་རིམ་པ་མང་དུ་བསྒོས་ཤིང་ཀྲུང་ལུགས་ཀྱི་དེ་དང་མཐུན་པའི་རི་དྭགས་ཀྱི་“སྟག ཤ་བོ། དོམ། སྤྲེལ། བྱ།”28 ”རྣམ་པ་ལ་སྦྱར་ནས་ལུས་སྦྱོང་སྤྱོད་ཀྱི་ཡོད་པ་དང་དེང་རབས་རླུང་རྩལ་གསར་བྱུང་བ་རྣམས་ཀྱིས་རང་གི་རིག་པ་དང་བསྡུར་ནས་“ལངས་ནས་སྦྱང་བ་དང་། སྐྱིལ་ཀྲུང་གིས་སྦྱང་བ། ཉལ་ནས་སྦྱང་བ། འགྲོ་བཞིནསྦྱང་བ་སོགས་ལུས་སྦྱོང་གི་དབྱེ་བ་མང་དུ་ཕྱེ”29 ཡོད་ནའང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཕྱག་(སྐུམས་ཕྱག་དང་བརྐྱངས་ཕྱག་གཉིས་སུ་འདུས) བྱེད་པའང་ཚན་རིག་པ་མང་པོས་ཞིབ་འཇུག་བྱས་་མྱོང་ལ་བོད་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྐུམས་ཕྱག་དང་བརྐྱངས་ཕྱག་སྤྱོད་པའི་དུས་སུ་རིག་པ་ཆེས་གསལ་ཞིང་ལུས་སེམས་ཆེས་ལྷོད་འཇགས་ཀྱི་གནས་སུ་གྱུར་འདུག་པ་སྟེ། ཕྱག་སྤྱོད་པའི་དུས་སུ་“རྣམ་རྟོག་གཞན་དུ་མི་གཡོ་བས་ལྷ་བསྒོམ་པ་དང་། ངག་དང་འགོག་པ་སོགས་བཟླས་བའི་བྱེ་བྲག་ལ་རྩེ་གཅིག་ཏུ་བརྩོན་པས་སེམས་ཀྱི་བཅུད་མ་ཟག་པས་ལུས་ཀྱི་དྭངས་མ་སྟོབས་རྒྱས་”30 དང་གཅིག སྐུམས་ཕྱག་དང་བརྐྱངས་ཕྱག་གཉིས་ཀྱིས་བསྡུས་པའི་ཕྱག་སྤྱོད་ཀྱིས་ཡན་ལག་གི་མཛུབ་མོ་ནས་མཐེབ་མོའི་རྩེ་བར་གྱི་རྩ་མདུད་རྣམས་འགྲོལ་བ་དང་ཁྲག་ལེགས་པར་གནས་ཤིང་རྒྱུ་བས་སྲོག་ཀྱང་ལེགས་པར་གནས་པ་དང་གཉིས། ལུས་རྩོལ་དེ་ལས་ཕྱི་ནང་གི་དབུགས་རྒྱུ་བ་མཉམ་པའམ་བསྲེ་བས་ལུས་ཀྱི་འབྱུང་སྟོབས་ཀྱི་ཁམས་བསྐྱེད་པ་དང་གསུམ་བཅས་ཁྱད་ཆོས་གང་མང་ལྡན་ཞིང་བློ་རིག་དང་ལྡན་པའི་བོད་རིགས་མང་ཚོགས་ཀྱིས་ངལ་རྩོལ་དང་ཉམས་ལེན་ཁྲོད་ནས་བྱུང་བའི་ལུས་སེམས་སྙོམས་སྒྲིག་བྱེད་པའི་ལུས་སྦྱོང་ཞིག་རེད་ཅེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨོས་ཆོག


མཆན།

1. གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པའི་<<གསོ་རིག་རྒྱུད་བཞི་>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལྕགས་པར་མའི་ཤོག་ངོས་30 ལ་གསལ།
2. ཀླུ་བྱམས་རྒྱལ་གྱིས་བརྩམས་པའི་<<བོད་ལུགས་གསོ་རིག་ཀྱི་སེམས་ཁམས་རིག་པ་>>ཤོག་ངོས་172 ལ་གསལ།
3. ཞིའུ་ཕཱིན་སོགས་ཀྱིས་བསྒྲིགས་པའི་<<ལུས་སེམས་གསོ་རིག་>> ཀྲུང་གོ་སྨན་རིག་ཚན་རིག་དཔེ་སྐྲུན་ཁང་གི་ལྕགས་པར། རྒྱ་ཡིག ཤོག་ངོས་ 4 ལ་གསལ།
4. 6.22.23.24 <<གསོ་རིག་རྒྱུད་གཞི་>> ཤོག་ངོས་28 ནས་35 བར་གསལ།
5. <<བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་>> ཤོག་ངོས་69 ལ་གསལ།

7.18 སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་<< བེེཻ་སྔོན་>> སྟོད་ཆའི་ཤོག་ངོས་94 ལ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལྕགས་པར།

8. དོར་ཞིས་བསྒྲིགས་པའི་<<གསང་ཆེན་ཐབས་ལམ་ཉེར་མཁོ་རྣལ་འབྱོར་སྙིང་ནོར་>>ལས། ས་སྐྱ་བ་རྒྱལ་མཚན་དཔལ་བཟང་གིས་བརྩམས་པའི་<<རྡོ་རྗེ་ལུས་ཀྱི་སྦས་བཤད་>> ཤོག་ངོས་ 14 ལ་གསལ། མི་རིག་དཔེ་སྐྲུན་ཁང་གི་ལྕགས་པར།

9.10.11.16.19 << དཔལ་ལྡན་རྒྱུད་གཞི་>> ཤོག་ངོས་ 22 ནས་ 23 བར་གསལ།

12.13.17.21 << རྡོ་རྗེ་ལུས་ཀྱི་སྦས་བཤད་>> ཤོག་ངོས་ 19 ནས་ 51 བར་གསལ།

14. ཟུར་མཁར་བློ་གྲོས་རྒྱལ་པོས་བརྩམས་པའི་<<མེས་པོའི་ཞལ་ལུང་>> གི་ཤོག་ངོས་ 166 ལ་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་ལྕགས་པར།

15. <<བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་>> ཤོག་ངོས་ 79 ལ་གསལ།

20. དོར་ཞིས་བསྒྲིགས་པའི་<<གསང་ཆེན་ཐབས་ལམ་ཉེར་མཁོ་རྣལ་འབྱོར་སྙིང་ནོར་>>ལས། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བརྩམས་པའི་<<རིང་འཚོའི་ཆོ་ག་སྒྲུབ་པའི་རྣམ་བཞག་ཚེ་དབང་དགའ་འཁྱིལ་ཐིག་ལེ་>> ཤོག་ངོས་ 207 དང་ 208 ལ་གསལ།

25. ཀརྨ་འཕྲིན་ལས་ཀྱིས་བསྒྲིགས་པའི་<<བཀའ་འགྱུར་ནས་གསུང་པའི་རང་བྱུང་ཚན་རིག་གི་ཆ་ཤས་ལུས་ཁམས་ཉི་མའི་གཉེན་པོ་>> ཤོག་ངོས་ 136 ལ་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་ལྕགས་པར།

26.30 <<རིང་ཚོའི་ཆོ་ག་སྒྲུབ་པའི་རྣམ་བཞག་>> ཤོག་ངོས་ 246 ལ་གསལ།

27. དོར་ཞིས་བསྒྲིགས་པའི་<<གསང་ཆེན་ཐབསལམ་་ཉེར་མཁོ་རྣལ་འབྱོར་སྙིང་ནོར་>>ལས། ས་སྐྱ་ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་<<རྩ་རླུང་འཁྲུལ་འཁོར་ལ་བརྟེན་ནས་ཟབ་ལམ་བྱང་ཆུབ་སྒྲུབ་པའི་རིམ་པ་བཀླགས་ཆོག་མ་>> ཤོག་ངོས་ 148 ལ་གསལ།

28. <<ལུས་སེམས་གསོ་རིག་>> ཤོག་ངོས་ 192 ལ་གསལ།

29. བང་ཙོང་ཞིན་གྱིས་གཙོ་བསྒྲིགས་བྱས་པའི་<<རྩ་རླུང་གིས་སྙིང་ཁམས་ཁྲག་རྩའི་ནད་རིགས་འགོག་སྲུང་བྱེད་པ་>> ཤོག་ངོས་ 99 ལ་གསལ། ཧྭ་ཞའི་དཔེ་སྐྲུན་ཁང་གི་ལྕགས་པར།

 

རྩོམ་ཡིག་འདི་༡༩༩༦ ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་གཉིས་པ་ནང་སྤེལ་ཟིན་མོད། རྩ་རླུང་འཕྲུལ་འཁོར་དང་བོད་ཀྱི་གསོ་རིག་གཉིས་བར་འབྲེལ་བའི་དཔྱད་རྩོམ་སྤེལ་བ་ཧ་ཅང་ཉུང་བས། འདིར་དག་བཅོས་ཕྲན་བུ་བགྱིས་ཏེ་སླར་ཡང་སྤེལ་ཡོད་པས་ཐུགས་འཇགས་སྣང་བར་འཚལ།

མཐའ་མའི་འདོན་ཐེངས་།: 08.07.2015 ཉིན། 3:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།