སྨན་རྩིས་དྲ་བ། - ཆེད་རྩོམ།

རྡོ་རྗེ་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.04.2015
ཆེད་རྩོམ། >>


༄༅། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཆ་ལག་དབྱུག་བཅོས་རིན་པོ་ཆེ་བཞུགས་སོ།།   དགེའོ།།

- བྱ་བྲལ་བ་ལེགས་པ་དཔལ་བཟང་།

 

          ༄༅། །དཔལ་ལྡན་བླ་མ་དང་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཨོ་རྒྱན་པའི་ཞལ་ནས། ཐད་ཀའི་གཟེར་ཟུག་དྲོད་དང་བྲལ་བ་རྣམས།  །རང་རང་གནས་པ་སྐྱེད་པའི་རྩ་སྒོ་ནས། །ཟུག་རྔུ་དེ་ནི་ཐད་ཀར་དབྱུང་བར་བྱ།། ཞེས་གསུངས་པས། ཐད་ཀ་ནི་གང་ནའི་ཐད་ལའོ།། དྲོད་དང་བྲལ་བ་ནི། གཉན་ཚད་དང་། ཁྲག་མཁྲིས་ལ་སོགས་མེད་པའི་གང་ན་བ་དེ་རང་གི་ཐད་ཀའི་སྐྱེད་པའི་རྩ་སྒོ་ནས་འདོན་པའོ།།


དེ་ལ་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རང་ཐུགས་རྗེ་ཆེན་པོའམ། ཡིད་དམ་གྱི་ལྷ་གང་ཡིན་པ་སྒོམ། སྤྱི་བོར་བླ་མ་སྒོམ། ནད་པ་དང་གདོན་བགེགས་ཀྱང་དེ་དང་དབྱེར་མེད་དུ་སྒོམ་ནས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནས་སྣུན་པའོ།།


དེ་ལ་དབྱུག་པ་ནི། སྦ་ལྕག་འཁྲུ་(ཁྲུ་)གང་སོར་བཞི། ཚིག་(ཚིགས་)པ་གསུམ་དང་ལྡན་པ་ལྤགས་པ་མ་ཉེས་པའོ། །སྦོམ་འཕྲའི་(ཕྲའི་)ཚད་ནི་སྲིན་འཐེབ་(མཐེབ་)ཙམ། ཡང་ན་དམར་ཤད་ལའང་རུང་། དེ་ཉིད་བྱིན་གྱིས་བརློབས་(བརླབས་)པ་ནི། རིན་པོ་ཆེའི་སྣོད་འབྲུས་གང་བའི་སྟེང་དུ་བཞག སྭ་བྷ་ཝས་སྟོང་པར་སྦྱངས། ཡི་གེ་འབྲུ་གསུམ་གྱི་བྱིན་གྱིས་བརློབས(བརླབས)། འཕྲིས་ཀྱི་ལྷ་གང་ཡིན་པ་སྟིམ་ནས། རྡོ་རྗེ་ཕ་ལམ་ལྟར་གང་ལའང་ཐོག་(ཐོགས་)པ་མེད་པར་བསམ།  དམ་ཚིག་ཏུ་མི་ལག་མི་འགྲིམས།  འགེམ་འཕྱོངས་དང་ཐོ་ཡུག་མི་བཏང་།  དེ་ནས་ནད་ཚ་གྲང་བརྟགས་པ་ནི།  རང་གི་ལག་པ་འཆན་(མཆན་)ཁུང་དུ་བསྲོས་ལ། གང་ན་སར་བརླན་པས་གྲང་ལྷན་(ལྷང་)བྱུང་ན་གྲང་བ། དྲོད་ཆེ་ན་ཚ་བ་ཡིན་ལ།  ཡང་ན་དབྱུག་པ་ལྔ་དྲུག་རྒྱབ་(བརྒྱབ་)པས། རེག་བྱ་ཚ་བ་དང་།  དྲོད་ཆེ་བ་དང་།  མི་བསྐྲངས་པ་རྣམས་ནི་མི་འཇུག་པའོ།། རེག་བྱ་ན་བ་དང་། གྲང་བ་དང་། འཕྲལ་དུ་བསྐྲངས་པ་ནི་འཇུག་པའོ།། ཡང་བག་ཙམ་བརྡེག་པའི་འཕྲོ་ལ་བཞག་པ་དང་། བེར་ཀའི་ཟུག་ཆག་ན་མི་ལྡོག་ལ། བརྡེག་འཕྲོ་བཤོལ་ཡང་ཟུག་དེ་མ་ཆག་པར་བེ་རོ་འདུག་ན་ལྡོག་པ་ཡིན་པས་དེ་ཉིད་དུ་འཕྲོ་བཅད་ལ། དྲི་ཆུས་བཀྲུས་ཞིང་ག་བུར་དང་གླ་རྩིས་(རྩི་)བྱུང་བར་བྱའོ།།


མི་བརྡེག་པ་ལ་ནད་དང་ཡུལ་གཉིས་ལས། ནད་ནི་གཉན་ཚད། ཁྲག་མཁྲིས་སྣག་(རྣག་)དང་ཆུ་སེར་ཞུགས་པ་དང་། ལུས་ལྕི་ཤིང་(ཞིང་)ནད་ངོས་མ་ཟིན་པ་དང་།  ལྕེ་ལ་བད་ཆགས་པ་དང་། ནད་མ་སྨིན་ཞིང་དབུགས་སྣ་ཐུང་བ་དང་། ནད་དམིགས་མདོར་ཀུན་ལ་ཁྱབ་པ་དང་། ལུས་(ལུད་)པ་དམར་ཚག་པ་འོང་བ་དང་། ཤ་མདོག་དམར་བ་དང་། ནག་པ་དང་། རྨ་དང་བསྐྲངས་(སྐྲངས་)པ་རྣམས་ལ་སྤང་བར་བྱའོ།། ཡུལ་ནི་དབང་པོའི་སྒོ་དང་། འཁུར་(མཁུར་)བ་དང་། ནུ་མ་དང་། ལྟེ་བ་དང་། ཉ་(ཉྭ་)བཞི། ཆུ་རྒྱུས་དང་། རྩེ་ཆུ(ཆུང་)། འཕར་རྩ་དང་། ཤ་སྨོན་(རྨེན་)བཞི། འཇིང་(མཇིང་)པ། གཞན་ཤ་ནག་པ་དོན་སྙིང་གི་ངོ་བོ་གཉེར་པོ་ཆེ། གསང་གནས། པུས་མོའི་སྙེན་(གཉན་)གོང་རྣམས་ལ་སྤང་བར་བྱའོ།།


བརྡེག་བཏུབ་པ་ནི། ནད་ཟུག་གཅིག་ཏུ་འགྲིལ་ཞིང་སྐབས་སུ་ཤུབས་(ཤུགས་)རིང་འདོན་པ་དང་། དབུགས་རིང་ཐུང་ཅན་དང་། ཟུག་ཟེར་རག་(གཟེར་དྲགས་)པ་དང་། རྩ་ཁྱུག་ཅིང་གཟེར་བ་དང་། གང་ན་སར་མནན་པས་ཕན་པ་མཉམ་(སྙམ་)བྱེད་ཅིང་ཟུག་དང་འཐེབ་(མཐེབ་)རྗེས་འོང་བ་དང་། ལུས་ཤེད་ཆུང་ཞིང་བ་སྤུ་ལོག་པ་དང་། ཤ་མདོག་སྐྱ་བོར་གྱུར་པ་དང་། འབྲུམ་ཆུང་ཡོད་པ་རྣམས་སོ།།


ཡུལ་བཏུབ་པ་ནི། ཚིགས་པ་དང་པོ་རླུང་གི་གསང་ཡིན་ཏེ། རླུང་ལོག་པ་དང་། འདར་བ་དང་། ཤེས་པ་འཕྱོ་བ་དང་། འཕར་བ་དང་། དངས་ཁ་(དང་ག་)འགགས་པ་དང་། ཁ་དང་མཆུ་བསྐམས་པ་དང་། ཕྲག་གོང་གཡས་གཡོན་དུ་ཟུག་ཡོད་པ་དང་། སྐད་འགགས་པ་དང་། ལག་པ་འདེགས་མི་ཤེས་པ་དང་། དབུགས་མི་བདེ་བ་དང་། གློ་ཅོང་ལུས་(ལུད་)པ་འོང་པ་དང་། ལུས་ཉམས་ཤེད་ཆུང་བ་དང་། ལྕི་བ་རྣམས་སེལ། གཉིས་པ་རླུང་མཁྲིས་འདྲེས་པའི་གསང་། གྲང་མཁྲིས་དང་། མིག་སེར་བ་དང་། རླུང་ཁྲག་འདྲེས་པའི་ནད་རྣམས་སེལ་ལོ།། གསུམ་པ་བད་ཀན་གསང་ཡིན་ཏེ། སྐད་འཛེར་བ་དང་། ལྦ་བ་འོང་བ་དང་། སྐྱུག་པ་དང་། ཟས་མི་ཞིམ་པ་དང་། གློ་སྙིང་བསྟོད་(སྟོད་)ལ་བད་ཀན་རྒྱས་པ་རྣམས་སེལ། བཞི་པ་གློ་བ་བུའི་(གློ་མའི་)གསང་ཡིན་ཏེ། དབུགས་བསྟོད་(སྟོད་)དུ་འཚངས་པ་དང་། བད་ཀན་བསྟོད་(སྟོད་)དུ་ལུས་པས་བསྟོད་(སྟོད་)གཟེར་བ་དང་། ལུད་པ་ནག་རིལ་དུ་འོང་བ་དང་། བྲང་རྒྱབ་ཏུ་འབྱར་བ་སྙམ་བྱེད་པ་དང་། གློ་བ་བསྐམས། གློ་བ་ལ་བད་ཀན་ཞུགས་པ་རྣམས་སེལ་ལོ།། ལྔ་པ་གློ་བ་མའི་(གློ་བ་བུ་)གསང་། མཁྲིས་པ་གློ་བར་ཞུགས་ནས་ལུད་པ་སེར་པོར་འོང་བ་དང་། བྲང་རྒྱབ་ཏུ་འབྱར་བ་སྙམ་བྱེད་པ་དང་། གློ་བ་སྐེམ་པས་ལུད་པ་སྣག་དུ་(རྣག་ཏུ་)འོང་བ་ལ་སོགས་གློ་བའི་ནད་རྣམས་མ་ལུས་སེལ་ལོ།། དྲུག་པ་སྲོག་རྩའི་གསང་ཡིན་ཏེ། སྙིང་ཁ་རུ་འཚངས་པ་དང་། རྔངས་(དངངས་)ཤིང་དབུགས་མི་བདེ་བ་དང་། རླུང་གིས་ལུས་སྒུར་པོར་སོང་བ་དང་། ལུས་སྟོད་ཀྱི་ནད་རྣམས་སེལ་བར་བྱེད་དོ།། བདུན་པ་སྙིང་གསང་ཆེན་པོ་ཏེ(སྟེ)། སྲོག་འཛིན་ལོག་པའི་བྱེད་པས་སྙིང་རླུང་དང་། སྨྱོ་འབོག་དང་དབུགས་འཐུམ་ས་དང་། དངངས་ཤིང་དབུགས་འཁྲིལ་བ་དང་། བརྗེད་བྱེད་དང་། རྒྱལ་རོང་རེངས་ནད་རྣམས་སེལ། བརྒྱད་པ་མཆིན་འཁྲིའི་(དྲིའི་)གསང་ཡིན་ཏེ། གློ་བ་འགྲིས་པ་དང་། རྩིབས་(རྩིབ་)ལོགས་གཟེར་བ་དང་། མཆིན་འཁྲིའི་(དྲི་)ལ་བད་ཀན་ཞུགས་པས་མིག་རབ་རིབ་ཏུ་སོང་བ་དང་། ལུས་རྒྱུར་(སྒྱུར་)མི་ཤེས་པ་དང་། ཚིག་(ཚིགས་)པ་དགྱེད་སྒུར་ཟུག་ཆེ་བ་དང་། སྟོང་སྦྲེག་(སྒྲེགས་)འོང་ཞིང་སྐྱུག་པ་དང་། ལྷེན་སྣ་ན་བ་ལ་སོགས་པ་སེལ་ལོ།། དགུ་པ་མཆིན་པའི་གསང་ཡིན་ཏེ། མཆིན་པ་ན་བ་དང་། རྒྱས་པ་དང་། འཕར་བ་དང་། སྟོང་སྐྱུག་འོང་བ་དང་། མཆིན་པ་ལ་རླུང་ཞུགས་ནས་རྒྱང་མིག་མི་མཐོང་། མཆིན་པ་གུད་པས་མིག་ཚག་པ་དང་། འགྲིབ་པ་དང་། མཆིན་པ་ལ་བད་ཀན་ཞུགས་པས་ཆུ་སྐྱུར་འོང་བ་དང་། མཆིན་པའི་རྩ་སྦུབས་སུ་ཆང་མ་ཞུ་བ་ལུས་པས་དམུ་ཆུ་རུ་སོང་བ་དང་། ཤ་དང་བསུས་(གསུས་)པ་རྒྱས་པ་དང་། བད་རླུང་དང་ཟས་མ་ཞུ་བ་དང་། སྐྲན་ལ་སོགས་པ་ཐམས་ཅད་སེལ་བ་ཏེ(སྟེ)། ཁྲག་གི་མཛོད་ཅེས་པ་དགུ་པ་འདི་ཤིན་ཏུ་འཇུག་ཆེ་གསུང་། བཅུ་པ་མཁྲིས་པའི་གསང་ཡིན་ཏེ། མཁྲིས་པ་ཕོ་བར་ལུས་ནས་མཁྲིས་པ་སྐྱུག་པ་དང་། ཁ་ཁ་བ་དང་། མིག་དང་ཤ་མདོག་སེར་པོ་དང་། མ་ཞུ་བ་དང་། ཟས་དང་ཁར་མི་འགྲོ་བ་དང་། མཁྲིས་སྐྲན་དང་འཁྲུ་བ་འབྱམས་པ་རྣམས་སེལ་ལོ།། བཅུ་གཅིག་པ་ནི་མཆེར་པའི་གསང་ཡིན་ཏེ། རྩ་ཆུ་བསྡམས་པ་དང་། སྦྲིད་པ་འགགས་པ་དང་། འཁྲོག་ཅིང་འུར་སྒྲ་འདོན་པ་དང་། མཆུ་ལ་བད་ཀན་ཆགས་པ་དང་།  གདོང་ལ་ཁྱེ་མ་མང་པོ་ཡོང་བ་དང་། དམུ་དང་། ཕོ་བ་དང་། མཆེར་པའི་ནད་གཅིག་དང་རུ་འགྲིལ་བ་རྣམས་སེལ་ལོ།། བཅུ་གཉིས་པ་ནི་ཕོ་བའི་གསང་། ལྷེན་དང་མེ་དྲོད་ཉམས་པ་དང་། སྐྲན་དང་མ་ཞུ་བ་དང་། བད་རླུང་དང་སྐྱུག་པ་རྣམས་སེལ་ལོ།། བཅུ་གསུམ་པ་ནི་སྣོད་སྤྱིའི་(བསམ་སེའུ་)གསང་། ཁུ་ཁྲག་འཛག་པ་དང་། གྲང་རླུང་གི་བརྟག་(རྟག་)ཏུ་འཁྲུ་བ་དང་། དམུ་ཆུ་དང་མངལ་སྐྲན་སེམས་འཕྱོའི་ནད་རྣམས་སེལ་ལོ།། བཅུ་བཞི་པ་ནི་དོན་སྣོད་སྤྱིའི་ཞབས་ཅེས་པའམ། རིན་པོ་ཆེའི་དབྱིབས་ཀྱང་ཟེར་ཏེ་ནད་མཐའ་དག་འདྲེན་པའི་གསང་ཡིན་ནོ། །བཅུ་བཞི་པ་ནི་མཁལ་མའི་གསང་། སྐེད་པ་ན་ཞིང་སྒུར་པོར་སོང་བ་དང་། གོམ་པ་དྲག་པོ་འདོར་མི་ཤེས་པ་དང་། ཚིག་པ་ཕྱི་ནང་དུ་ཐོན་པ་དང་། ཁམ་མི་བརྟན་པ་དང་། མཁལ་མ་ན་བ་དང་། གྲང་བས་བེ་སྣབ་(སྣབས་)འཁྲུ་བ་ལ་སོགས་པ་སེལ་ལོ། །དེའི་གཡས་གཡོན་མཚོན་རེ་(ཚོན་དོ་)ན་མཁལ་རྩ་ནག་པོ་བྱ་བ་ཡོད། དེ་རུ་བསྣུན་པས་འཇིགས་སྣང་དང་། མཐོང་སྣང་སྣ་ཚོགས་པ་ཤར་བ་དང་། གྲང་བའི་ནད་ཀུན་ཕལ་ཆེར་བེལ་བའོ།། དེའི་གཡས་གཡོན་མཚོན་(ཚོན་)རེ་ན་མཁལ་འབྲས་ཡོད་མཁལ་མ་འཁྱགས་པ་ལ་སོགས་སེལ་ལོ། །དེ་ནས་མཐུར་(ཐུར་)དུ་ མཚོན་(ཚོན་)གང་མཁལ་ཚིལ་ཏེ། གྲང་རླུང་ཞུགས་པ་ལ་སོགས་སེལ་ལོ།། བཅོ་ལྔ་པ་ནི་སམ་སེའུ་(བསམ་བསེའུ་)ཅེས་པ་ཐིག་ལེའི་(དོན་སྣོད་)གསང་། ཤིན་ཏུ་གཉན་ནའང་དལ་བུས་བསྣུན་པས། གྲང་རླུང་ཞུགས་པ་དང་། ཕོ་བར་སྲིན་བུ་ཞུགས་པ་སེལ་ལོ།། བཅུ་དྲུག་པ་ནི་ལོང་ཁའི་གསང་། ལོང་ཁ་འུར་འཁྲོག་བྱེད་པ་དང་། ལྗང་སེར་འཁྲུ་བའི་ནད་རྣམས་སེལ་ལོ།། བཅུ་བདུན་པ་ནི་རྒྱུ་མའི་གསང་། འཁྲོལ་ཞིང་བེ་སྣབས་འཁྲུ་བ་དང་། རྒྱུ་སྐྲན་དང་བཅས་འཁྲུ་བ་དང་། ལྟེ་བ་མན་ཆད་ནད་རྣམས་སེལ་ལོ།། བཅྭོ་བརྒྱད་པ་ནི་ལྒང་པའི་གསང་། གྲང་བས་དྲི་ཆུ་བསྲི་བ་དང་། མི་ཐུབ་པ་དང་། ལྒང་པའི་ནད་རྣམས་སེལ་ལོ།། བཅུ་དགུ་པ་ནི་གྲང་བའི་གསང་། ཆུ་ནད་ས་བོན་འཛག་པ་དང་། གྲང་འཁྲུའི་ནད་རྣམས་མ་ལུས་སེལ་ལོ།། ཉི་ཤུ་ཐུར་སེལ་རླུང་སྒོའི་གསང་། འོག་རླུང་བསྡམ་པ་དང་། མི་ཐུབ་པ་དང་། བུད་མེད་ཀྱི་ཁམས་ཆད་མ་རན་པར་ཆད་པ་དང་། འོང་མ་རན་པར་འོང་བ་དང་། སྐྱེས་པའི་ས་བོན་དྲོད་ཆུང་བས་བུ་ཚུར་འཆགས་(བུ་ཚ་ཆགས་)མ་ནུས་པ་རྣམས་སེལ་ལོ།། འཐུར་(ཐུར་)སེལ་ལོག་ནས་དྲི་ཆུ་འཇམས་(འབྱམས་)པ་དང་། ཐིག་ལེ་འཛག་པ་དང་། མཁལ་མ་ན་བ་ལ་མཁལ་མ་བྱ་འདབས་(འདབ་)ཀྱི་གསང་དང་། གྲུ་མོས་སླེབས་པའི་བཤུལ་ཤའི་གསང་ལའོ།། སྒལ་ཚིག་ཉེར་བརྒྱད་ཅེས་པ། ཨན་སྟོང་གི་ཉག་ལ་རྒྱབ་ན་གཉིད་ཡར་བ་སེལ་ལོ། །ཨན་སྟོང་ནས་ཡར་བཞི། མར་ཉི་ཤུ་པ་ནས་མཇུག་རུས་རྡོག་རྡོག་ཡན་ཆོད་ལ་བཞི་ཏེ་བརྒྱད་དོ།། ཐམས་ཅད་ལ་ཕན་ཡོན་རེ་རེ་ཡོད་ནའང་། གོང་གི་ཚོ་ལྟག་རྩ་ནག་པོ་དང་གཤིབས་ཡོད་པས་དོག་གྲག་(དྲགས་)པས་མི་བཏུབ། འོག་གི་ཉེར་གཅིག་པ་ལ་རྒྱབ་(བརྒྱབ་)ན་རླུང་གི་གོང་བུ་ཞེས་པ་འོག་རླུང་བསྟོད་(སྟོད་)དུ་འཚངས་པ་སེལ་ལོ།། ཉེར་གཉིས་པས་འབྲུམ་ནག་གིས་བཟུང་བ་སེལ་ལོ། །ཉེར་གསུམ་པའི་(པས་)ཕོ་མོའི་མཚན་མ་ལུག་པ་དང་། སྐྱེས་པའི་འབྲས་བུ་ཁོང་དུ་བྲོས་པ་རྣམས་སེལ་ལོ། །ཉེར་བཞི་པ་མར་རྩེའི་རྡོག་རྡོག་ལ་རྒྱབ་ན་དབུགས་འཁྱིལ་བ་དང་། མི་བསྡོམ་པ་དང་། ཐིག་ལེ་འཁྱིལ་བ་རྣམས་སེལ་ལོ།།


མདུན་གི་གསང་ལ་ཨོལ་བའི་སྟོང་ནི་སྲོག་རྩའི་མདུན་གསང་ཏེ། གྱེན་རྒྱུ་ལོག་པས་སྙིང་འཆུ་བ་དང་། གྲེ་བ་འགགས་པ་དང་། མགྲིན་པ་མི་བདེ་བ་དང་། དང་ག་མི་བདེ་བ་དང་། གྱེན་དུ་འཚངས་པ་དང་། གློ་དང་སྐྱུག་པ་ལ་སོགས་པ་སེལ་ལོ། །དངངས་པ་དང་། དབུགས་འདྲེན་མི་ཤེས་པ་དང་། སྒྲོག་རུས་ན་བ་དང་། རྣ་རྩ་ན་བ་རྣམས་ལ། སྒྲོག་རུས་ཕུགས་ཀྱི་གསང་ཞེས་པ་འཇིང་(མཇིང་)མཚམས་འཐེ་(མཐེ་)བོང་གིས་མནན་པས་མར་ཐིམ་འགྲོ་སར་དབྱུག་པའི་རྩེ་མོས་དལ་བུས་བསྣུན་པས་སེལ། སྙིང་གསང་སྒོར་མོ་ཞེས་པ་ནི། ནུ་མའི་སྟེང་ནས་གྱེན་ལ་མཚོན་(ཚོན་)གང་ནི་སྙིང་དང་སྲོག་རྩ་འདོམས་པའི་གསང་། འཆན་(མཆན་)ཁུང་ངོས་སུ་མཚོན་(ཚོན་)གང་ནི། སྲོག་རྩར་ཆུ་སེར་རླུང་ཞུགས་གསང་། འཐུར་(ཐུར་)དུ་མཚོན་(ཚོན་)གང་སྙིང་ཆུའི་གསང་། བྲང་ངོས་མཚོན་(ཚོན་)གང་སྙིང་གི་ལོགས། ཆུ་སེར་བད་རླུང་བརླངས་འཁྱིམ་གསང་། ནུ་མའི་བར་ནི་དཀར་ནག་མཚམས་ཀྱི་གསང་། དེ་ནས་གཡས་གཡོན་མཚོན་(ཚོན་)རེ་ནི། གློ་སྙིང་འཛོམས་པའི་གསང་ཡིན་པས། སྟོད་རླུང་བསྐྲན་(སྐྲན་)དང་ཆུ་སེར་ཞུགས། གློ་སྙིང་ནད་རྣམས་མ་ལུས་སེལ། སྒྲོག་རུས་ཀྱིས་(ཀྱི་)དཀྱིལ་ནས་འཐུར་(ཐུར་)དུ་སོར་བཞི་བཅལ་བ་ན། གོང་(གོ་)ཆེན་གོ་ཆུང་ཞེས་པ། རྒྱ་རུ་སོར་བཞི་ཡོད་པའི་རྩིབས་བར་གཉིས་ནས་ཁོག་སྟོད་ཀྱིས་(ཀྱི་)ནད་རྣམས་འདོན་པའི་གསང་ཡོད། རྩིབས་གུ་ཐུང་ནས་འཐུར་(ཐུར་)དུ་སོར་བཞི་བཅལ་བ་ན་མཛོད་བུ་ཆུང་གི་གསང་ཞེས་པ་རྩིབས་(རྩིབ་)མའི་སྒོ་བར་གསུམ་ནས་གློ་བའི་ནད་རྣམས་འདོན་པའི་གསང་ཡོད། ནུ་མ་གཡོན་ནས་འཐུར་(ཐུར་)དུ་མཚོན་(ཚོན་)དོ་བཅལ་བ་ན་མཆེར་པའི་མདུན་གསང་ཡིན། ནུ་མ་གཡས་ནས་འཐུར་(ཐུར་)དུ་མཚོན་(ཚོན་)དོ་བཅལ་བ་ན་མཆིན་པའི་གསང་ཡིན། ཕོ་གསང་རིམ་པ་དགུ་ལ་ནི། ལྷེན་སྣའི་རྩེ་ནས་འཐུར་(ཐུར་)དུ་ནི། མཚོན་གང་གཡས་གཡོན་དབུས་དང་གསུམ། །གོང་མ་གསུམ་ནི་ལྷེན་གྱི་གསང་། །བར་མ་གསུམ་ནི་བསྐྲན་(སྐྲན་)གྱི་གསང་། །འོག་མ་གསུམ་ནི་མེ་ཉམས་(མཉམ་)གསང་། །ཕོ་ལོག་ལ་སོགས་སེལ་བར་འགྱུར། །མེ་དང་མཉམ་གནས་ལོགས་པ་དང་། །དྲི་ཆབ་ཨརྒམ་ལ་སོགས་པའི། །མེ་ཏོག་དང་མར་མེ་རྒྱས་པ། །བདུག་སྤོས་དང་ཞལ་ཟས་དབང་གི་རོལ་མོ་དྲག་པོའི། དྲིལ་བུ་དང་པི་ཝང་ཞི་བའི། རྔ་དང་ཌ་རུ་རྒྱས་པ། དུང་དང་གླིང་བུ་དབང་། ཆ་ལང་དང་ཕེབ་རྡོབ་དྲག་པོའི་(པོ་)ཡིས། མ་ཞུ་ལྷེན་བསྐྲན་(སྐྲན་)སྦོ་དང་འགྱིངས། ཕོ་ལ་སོགས་སེལ་བར་བྱེད། ཕོ་ལོག་ལ་སོགས་བསུས་(གསུས་)པ་སྟོང་རྒྱངས་སུ་སྦོས་ནས། ལག་པས་བསྣུན་པས་དིང་དིང་ཟེར་ན་གང་ལ་ཡང་རུང་། སྐེད་ཉག་དུ་སོང་ནས་དྲོད་མེད་ན་གང་ཉག་སར་བརྡེག། ཕོ་ལོག་ལ་ཚ་ལོག་དང་གྲང་ལོག་གཉིས་ལས། ཚ་ལོག་ནི་ཚ་ཞིང་འཁྲུག་པས་མི་རུང་། གྲང་ལོག་ནི་གྲང་ཞིང་སྦོས་པས་བརྡེག་ཏུ་རུང་པའོ།།


ལྟེ་བའི་གཡས་གཡོན་མཚོན་(ཚོན་)རེ་ནི། ལོང་ཁའི་ཕུག་གི་གསང་ཡིན་པས། ལོང་བསྐྲན་(སྐྲན་)སྦོ་འཁྲོག་འཁྲུ་འབྱམས་སེལ། ལྟེ་འོག་མཚོན་(ཚོན་)གང་ཁ་གསུམ་རྒྱུ་སྟོད་གསང་། །དེ་འོག་མཚོན་(ཚོན་)གང་ཁ་གསུམ་རྒྱུ་སྨད་གསང་། །དེར་བསྣུན་རྒྱུ་མ་སྦོ་འཁྲོག་འཁྲུགས། རྒྱུ་མའི་གྲང་ནད་སེལ་བར་བྱེད། དེ་འོག་ཁ་གསུམ་ལྒང་པའི་གསང་། གྲང་བས་ཆུ་ཁ་བསྲ་(སྲ་)སྙི་དང་དང་། མཁལ་སྐེད་ན་བ་དང་། འབྲས་བུ་བསྐྲངས་(སྐྲངས་)པ་དང་། བུད་མེད་ཀྱི་ཉི་མ་འབྱམས་པ་དང་། རྩ་ཆུ་བརྡིབ་པ་དང་། རང་དབང་མེད་པར་འཆོར་བ་དང་། བུད་མེད་བུ་ནད་ཀྱིས་འཆི་ཐུག་པ་རྣམས་ལ། ལྒང་གསང་གསུམ་དང་། བཤུལ་ཤའི་གསང་གཉིས་དང་། དལ་སྨད་ཀྱི་དཔྱི་དྲུག་མདོ་རྣམས་ལ་བརྡེག་པར་བྱའོ། །བསྣུན་ཐུབ་ན་བཤང་ཅིའི་(གཅིའི་)བར་ལའང་རུང་ངོ་། །དཔྱིའི་ཁ་ཟུར་གཉིས་ནས་རྒྱུ་ཞབས་ཀྱི་སྟེང་གཉིས་སུ་ཆག་གང་བཅལ་བའི་ས་ནི། བྱང་ཁོག་སྨད་ཀྱི་དབྱིངས་གསང་ཡིན། འབྲས་བུ་བསྐྲངས་(སྐྲངས་)པ་དང་། རྩ་ཆུ་བསྡམས་པ་དང་། མི་ཐུབ་པ་རྣམས་སེལ་ལོ།།


གདོན་ལ་སྲིན་ལག་གཡོན་ནས་བཟུང་ལ། ནུ་ཧྲག་(དབྲག་)དཀར་ནག་མཚམས་སུ་བསྣུན། སྤྱི་བོའི་གཙུག་ནི་དོན་སྙིང་ལྔ་ལ་སོགས་པ་ནང་གི་རྩ་ཐམས་ཅད་འདུས་པའི་གསང་ཡིན་པས། ཀླད་པའི་རྩ་བརྒྱ་ལ་རླུང་ཞུགས་ནས་འབོག་པ་དང་། གཞུང་ཤིང་ལ་རླུང་དང་ཆུ་སེར་ཞུགས་པས་སྒུར་པོར་སོང་བ་དང་། དོན་སྣོད་ལ་རླུང་ཞུགས་པ་ལ་སོགས་སེལ། ཡན་ལག་གི་རླུང་རེངས་ནས་མགོ་བོའི་ནད་ལ་ལྟག་པ་གཡས་པ་གློ་བའི་གསང་། ལྟག་པ་གཡོན་པ་མཆེར་པའི་གསང་། ལྟག་པའི་འབོལ་ནི་མཁལ་མའི་གསང་། སྤྲལ་(དཔྲལ་)བའི་ཟུར་གཉིས་མཆིན་པའི་གསང་། དཔྲལ་བའི་དཀྱིལ་ནས་མཚོན་(ཚོན་)གསུམ་གྱེན་དུ་བཅལ་བ་ན་འཚོག་(མཚོག་)མའི་གསང་གསུམ་ཡོད། །སྤྱི་གཙུག་ནས་གཡོན་དུ་སོར་བཞི་བཅལ་བ་ན་ལག་པ་གཡོན་གྱི་མདུན་གསང་ཡོད། དེ་ནས་གཡས་གཡོན་དུ་སོར་བཞི་བཅལ་བ་ན་ཟུར་གསང་གཟེར་བཞི་ཅེས་པ་ཏེ(སྟེ)། དེ་རྣམས་སུ་བསྣུན་པས་མགོ་བོའི་ནད་རྣམས་སེལ། མིག་གི་ཐད་ཀར་དཔྲལ་ཟུར་གཉིས་སམ། དཔྲལ་བའི་བསྟོད་(སྟོད་)ལ་བསྣུན་པས་སྣ་ཁྲག་འཛག་པ་སེལ། རྣ་བ་འོན་པ་ལ་ཁྲག་འོན་ཡིན་ན་ནང་དུ་ཁྲག་སྐམ་པོ་ཡོང་བས་མི་རུང་། གྲང་རླུང་གི་ན་བའམ་འོན་པ་ལ། རྣ་ལྟག་གི་རུས་པ་སྒུར་པོ་ལ་བརྡེག། སྣ་ཆུང་ཆུང་གི་སོར་གང་གི་མདུན་དུ་སྣུམ་བཀུས་ལ་མཉེ། མ་དྲག་ན་སྣུམ་ཕྱིས་ལ་དལ་བུས་བརྡེག །རྣ་ཆུང་དང་རྣ་བཤལ་(ཤལ་)ནས་འཐེན་ལྟག་པའི་སྟེང་ལ་བསྣུན་པས་མགོ་འཁོར་དགྱེལ་བུག་(འགྱེལ་བུབ་)བྱེད་པ་སེལ། མིག་གཉིས་ཀ་ན་ན་ལྟག་ཟུར་གྱི་འབུར་དང་། དེའི་གཡས་གཡོན་གྱི་མཚོན་(ཚོན་)རེ་ན། མིག་གི་རྩའི་གསང་ཡོད་པས་གང་ན་ངོས་སུ་བརྡེག། ལྟག་ཟུར་གཡས་གཡོན་གྱི་བ་སྤུ་འཁྱིལ་སར་བསྣུན་པས་འཇིང་རེང་(མཇིང་རེངས་)དང་མི་བདེ་བ་སེལ། སྣས་དྲི་མི་ཚོར་ན་སྣའི་ཁྲུང་ཁྲུང་གཉེ(མཉེ)། རླུང་དྲག་ཏུ་འབུད། མུ་འགྲམ་གཉིས་དང་ཨོལ་ལྐོའི་(སྒོའི་)བར་གྱི་རྩ་གཡས་གཡོན་ལ་བསྣུན་པས་སོ་དང་འགྲམ་པ་ན་བ་སེལ། སྨྱོ་འབོག་ལ་སྙ་ཆུང་གཡས་གཡོན་གྱི་བ་སྤུ་འཁྱིལ་བ་དང་། ཕྲག་པའི་འཕྲེལ་(འབྲེལ་)མཚམས་དང་། སྒྲོག་རུས་པའི་ནང་དུ་བསྣུན། དཔྲལ་བའི་དཀྱིལ་གྱི་སྐྲ་མཚམས་ལ་བསྣུན་པས། ཚིག་པ་ཟ་བ་དང་། སྙིང་མི་དགའ་བ་དང་། ཤེས་པ་འཕྱོ་བ་རྣམས་སེལ།


ལྐུག་(ལྐུགས་)ནས་སྨྲ་མི་ཤེས་པ་དང་། ལྕེ་ན་བ་ལ། འཁུར་(མཁུར་)འཛུམས་ནས་སྣ་བཤལ་(ཤལ་)གྱི་ཐད་ཀར་སོར་བཞི་བཅལ་བའི་འགྲམ་ལོགས་དང་། མཆུ་དང་ཨོལ་ལྐོའི་(སྒོའི་)བར་དང་། ལྐོག་མའི་སྟེང་ནས་མཚོན་(ཚོན་)རེ་བཅལ་བའི་གཡས་གཡོན་ན་ཕར་(འཕར་)རྩ་ཡོད་པས་དེ་རྣམས་སུ་དབྱུག་པའི་རྩེ་མོ་དལ་བུས་བསྣུན་པར་བྱའོ། །བློ་(གློ་)བུར་དུ་སྨྲ་མི་ཤེས་པ་བྱུང་ན། ཨོལ་ལྐོའི་(སྒོའི་)གསུམ་མདོའི་མར་ཟུར་ལ་བརྡེག། རྟག་ཏུ་མཆུ་ན་བ་ལ་མ་མཆུའི་འོག་གི་སྐྱོང་(ཀྱོང་)ལའོ།། སྐྱུག་པ་དང་། དང་ག་མི་བདེ་བ་དང་། བུ་ཚ་བཙས་པས་སྐྱ་སྦབ་(རྦབ་)ཏུ་བསྐྲང་པ་ལ་ཨོལ་བའི་སྟེང་ལ་བསྣུན། གྲེ་བ་འགགས་པའམ་མིད་པ་འཁྲིལ་བ་ལ་ཨོལ་མདུད་འོག་ཏུ་བསྣུན་པར་བྱའོ།།


གོང་པོའི་གསང་ཞེས་པ་སྒྲོག་རུས་པའི་འོག་རྩིབས་མའི་བར་ལ་བསྣུན་པས་རོ་བསྟོད་(སྟོད་)རྒྱངས་པ་དང་། སྙིང་མི་དགའ་བ་སེལ། ཤེས་པ་འདུས་པ་དང་ ངུ་ཉིད་(སྙིང་)འདོད་པ་ལ་ལག་པའི་མཁྲིག་མཚམས་སོར་བཞིའི་ཐད་ཀར་བརྡེག། ཁྱབ་བྱེད་ཀྱི་རླུང་རེངས་པ་ལ་སོགས་ལ། སོག་པ་འབོག་མཚམས་ཀྱི་བཤམ་(གཤམ་)ན་བྱང་ཁོག་སྟོད་ཀྱི་གསང་ཆེན་ཡོད། དེའི་ཐད་ཀའི་ཕྱི་ཟུར་གཉིས་ན་ཟུར་གསང་གོང་མ་ཡོད། མཉམ་བཞག་ལ་བསྡད་པའི་གྲུ་མོ་གཉིས་ཀྱིས་སླེབས་པའི་སའམ། ལག་པ་གཉིས་ཀྱི་རང་ཕྱོགས་ཀྱི་རྣ་བ་ནས་བཟུང་བའི་གྲུ་མོས་སླེབས་པ་ན་ཟུར་གསང་འོག་མ་ཡོད་པས། བྱང་ཁོག་སྟོད་ཀྱི་ནད་དང་ཕོ་མཆིན་གྱི་ནད་རྣམས་སེལ།།


ལག་མགོ་ན་བ་ལ་འཐེབ་(མཐེབ་)ཆེན་གྱི་རྩའི་སྐྱོན་ལའོ། །ལག་པ་བྱིན་འདེགས་མི་ཤེས་ན་དཔུང་པའི་(པ་དང་)སོགས་(སོག་)པ་འབྲེལ་མཚམས་ལའོ། །ལག་པ་མདུན་དུ་མ་འཁྱོལ་ན། དཔུང་པའི་རྒྱབ་ཀྱི་འབྲེལ་མཚམས་ལའོ། །ལག་པ་རྒྱབ་ཏུ་མ་འཁྱོལ་ན་དཔུང་པའི་མདུན་གྱི་འབྲེལ་མཚམས་ལའོ། །སོར་མོ་ན་བ་ལ་འབྲེལ་མཚམས་ཀྱི་སྐྱོང་(ཀྱོང་)ལའོ། །རྐང་པ་ན་བ་ལ་དང་ཞ་བ་ལ། རླ་(བརླ་)དང་དཔྱི་མཚམས་སྐྱོང་(ཀྱོང་)ལའོ། །རྐང་པ་ན་བ་དང་ཞ་བ་ལ་བརླ་དང་དཔྱི་འབྲེལ་མཚམས་ཀྱི་དཔྱི་མིག་འཇུག་བསྡུམ་གྱི་སླེབས་པ་ན། མཁལ་སྨད་ལ་གྲང་བ་ལ་ཞུགས་པའི་གསང་ཡོད་པས་གང་དུ་བརྒྱབ་ཀྱང་ཡོང་བའོ། །རྐང་པ་གུམ་(འཁུམ་)པ་ན་སྒྱིད་ཁུགས་(ཁུག་)ལའོ། །བྱིན་པ་ཉ་གཞུག་སློང་མོར་དང་། རྒྱ་ཚིགས་པ་ཡི་ནད་རྣམས་ལ་སློང་མོར་རུས་མིག་གཉིས་ལའོ། །བརླའི་ཕྱོགས་གཉིས་ནས་སོར་མོ་སྐུམ་ནས་ལག་པ་སྐྱང་(བརྐྱངས་)པས་སླེབས་པ་ན་རྐང་པ་བཤལ་ཞིང་ན་བ་དང་། ཆུ་སེར་ཞུགས་པ་སེལ་བའི་གསང་ཡོད། གཤང་(གཞང་)ལུགས་ན་དཔྱིའི་ཁ་ཚེ་ཕགས་ལའོ། །དཔུས་(པུས་)མོ་ན་ན་ལྷ་ངའི་མཐའ་མ་དང་རྗེ་ངར་གྱི་བྱ་རོག་མིག་ལའོ།། རྐང་པའི་འཐེབ་(མཐེབ་)ཆེན་གྱི་སྤྲུ་ནག་སྟེངས་(སྟེང་)དུ་བསྣུན་པས་སྙིང་རླུང་སེལ་ལོ། །གྲེ་ནད་ལ་ཁྲག་གསང་གཉིས་ལའོ། །རྐང་པའི་རྒྱུ་ཞབས་རྩིབ་གུ་ཐུང་གིས་གསང་། མཇུག་གུ་ཐུང་གི་རྩེ་མོ་གསུམ་ནི་རླུང་ལོག འཐུར་(ཐུར་)དུ་འབེབས་པའི་གསང་ཡིན། རྩ་འཁྲོས་ཤ་འཁྲོས་རྣམས་ལ་གང་བྱུང་སར་བརྒྱབ་པས་ཆོག། གཞན་ཡང་ཉམ་ང་བའི་རྩ་མཁལ་མ་ལ་ཡོད་དེར་རླུང་སེམས་འདུས་ན་འཇིགས་ཤིང་ཉམ་ང་བ་འབྱུང་། མྱ་ངན་གྱི་རྩ་ནི་རྐང་པའི་འཐེབ་(མཐེ་)བོང་ལ་གནས་ཏེ། དེར་རླུང་སེམས་འདུས་ན། འདྲེའི་རྩ་ནི་ལག་པའི་འཐེབ་(མཐེ་)བོང་གཉིས་དང་། སྲིན་ལག་གཉིས་ལ་ཡོད། དེར་རླུང་སེམས་འདུས་ན་ཉེས་གསུམ་ཀ་ལ་འདྲེའི་གནོད་པ་འབྱུང་བས དེའི་གནད་ཤེས་པ་ཤིན་ཏུ་གཅེས་སོ།།


དང་པོ་དབྱུག་པའི་རང་ལྗིད་ཙམ། བསྐྲངས་(སྐྲངས་)ནས་ཅུང་ཟད་ཆེ་བར་བསྣུན། དེ་ཡང་ཤ་ནག་ཆེ་བ་དང་། བསུས་(གསུས་)པ་དག་ལ་ཐོག་བརྡེག་ཏེ(སྟེ)། རུས་པ་ལ་ནི་འཇོལ་འདྲེད་དང་། ཉ་(ཉྭ་)དང་ཆུ་རྒྱུས་ཚིག་མིག་(ཚིགས་དམིགས་)ལ་མགོ་གློང་དབྱུག་པ་ལྡོམ་པ་ཡིན། ཆུ་རྒྱུས་ལ་ནི་དལ་བུས་བརྡེག གཉན་ས་ལ་ནི་དབྱུག་རྩེ་ཡིས་དལ་བུས་གཅིག་ཏུ་སྒྲིལ་ཞིང་བསྣུན། ཡུལ་དོག་ས་ལ་ནི་འཐེབ་(མཐེབ་)མོས་བསྣུན། སོར་གང་ཕན་ཆད་ཀྱི་ཁ་ཁྲག་ལ་བསྣུན། སྐྱ་སོབ་བྱུང་ན་རླུང་ཡིན་པས་བ་སྤུ་ཁ་བྱེ་ཙམ་ལ་བཞག ནད་དྲག་པོ་ལ་དབྱུག་པ་འཇམ་པོས་མི་ཐོན་པས་ནད་པའི་གཟུངས་(ཟུངས་)ཀྱི་ཐེག་ན་དྲག་པོར་བརྡེག དྲག་པོའི་ནད་མིན་ན་འཇམ་ཡུན་སྲིངས་(སྲིང་)ལ་བརྡེག བླ་མ་དཀོན་མཆོག་དཔང་དུ་བཞུག(བཞག) དེ་ནས་གསང་གི་སྟོང་ཉིད་དུ། །ནད་དང་སྡིག་སྒྲིབས་(སྒྲིབ་)མ་ལུས་ཀུན། །འུབ་ཀྱི་(ཀྱིས་)འདུས་པར་བསམ་ནས་ནི། །མདུན་དུ་བསྣུན་པས་རྒྱབ་ཏུ་ནི། །ཚག་སོའི་ལྟ་བུའི་བུག་(ཕུག་)པ་ནས། །ནད་དང་སྡིག་སྒྲིབས་(སྒྲིབ་)མ་ལུས་པ། །སྔོ་དམར་རྣམ་པར་ཐོན་པར་བསམ། །རྒྱབ་བསྣུན་རྒྱབ་(མདུན་དུ་)ཏུའང་དེ་ལྟར་བསམ། །དེ་ནས་ཟུག་ནི་དབལ་ཆག བསྐྲངས་(སྐྲངས་)པ་མགོ་ལེབ་སོང་ནས། ནད་འབྲུམ་ཐོན་པ་དང་། ཁབ་རྩག་(བཙགས་)གི་ཁྲག་ངན་འདོན། ཕོ་ལོག་དང་བསྐྲངས་(སྐྲངས་)པ་སྐྱ་སོབ་ཏུ་བྱུང་བ་དང་ཁ་དོག་མ་འགྱུར་ན་ཁབ་རྩག་(བཙག་)སྤང་། འཕར་རྩ་བཤུལ་ཤ་ཆུ་རྒྱུས་རྣམས་ལའང་ཁབ་ཚག་(བཙག་)སྤང་། སྔོ་སྐྱར་བྱུང་ན་གྲང་བ་ཡིན། །སེར་པོར་བྱུང་ན་མཁྲིས་པ་ཡིན། །དམར་པོ་ནག་པོ་སྨུག་པོ་རྣམས། །ཁྲག་དང་བད་ཀན་ཆུ་སེར་རོ། །ཁྲག་ངན་མང་དུ་སྟོན་(བཏོན་)པས་ཆོག །དབྱུག་རྗེས་ཆང་ཤའི་ཚོད་མ་བཏང་། །རླུང་སྐྱེས་གྱུར་ན་དབྱུག་ཤུལ་དང་། །བསུས་(གསུས་)པ་མ་ཡིན་སྐུ་(བསྐུ་)མཉེ་བྱ། །ལོག་ནོན་(གནོན)རོ་སྟོད་མི་བདེ་ན། །དབྱུག་པ་མི་བྱ་ཧ་འདོན་ཤིས། །སྨད་ནད་འཕགས་དང་འཆག་པས་སེལ། །མི་ལྡོག་རྟེན་འབྲེལ་སྔགས་འདི་བཏབ། །ཨྰོྃ་(ཨོྃ་)ནད་ཡེ་ནད་ལོ་ལོ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བཏབ་བོ། །རྗེས་ལ་སྟོང་པ་ཉིད་ཀྱི་རྩིས་བཟུང་། བསྔོ་བས་རྒྱས་གདབ། གསང་འཚོལ་བའི་དུས་སུ། ཚིག་ཐིག་བཤུལ་ཐིག བྱ་འདབ་ཀྱི་ཐིག་གསུམ་དྲང་པོར་བཏབ་ནས། ཚིག་(ཚིགས་)གིས་སྟེང་ནས་རྩི་བར་ལ་འཕྲེད་ཐིག་བཏབ་པ། གཞུང་ཐིག་གསུམ་པོ་དང་འཕྲད་པའི་བྱ་རོག་མིག་ཚོ་(མཚམས་)ལ་བརྡེག་པ་ཡིན། མདུན་གྱི་གསང་མཚོན་ནས་གཅིག་གི་ཆུང་བ་ཡིན་ཅིང་མིའི་ལྤགས་པའི་སྲབ་མཐུག་ནི། ནས་སྒྱེལ་བའི་ཕྱེད་ཡོད་པས་ཁབ་ཚག་གི་རྟིང་རིང་ཐུང་དེས་ཤེས་སོ། །མན་ངག་འདི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་གསུང་གི་ཟིན་ཤིང་(ཞིང་)ཕྱག་ལེན་མཐོང་བ་དང་། གཞན་ཡང་ཟིན་བྲིས་དང་ཡིག་ཆ་མང་དུ་མཐོང་བ་རྣམས་ནས་མཐར་ལྡན་བླང་ཞིང་། གབ་པ་དང་ཀྲུགས་བཤད་དུ་གནས་པ་རྣམས་ཀྱང་གསལ་བར་ཕྱེ་ཞིང་བདེ་ཀླག་(བླག་)ཏུ་བཀྲོལ་ནས་ལག་ལེན་གྱི་རིམ་པ་གསལ་ཞིང་གོ་བདེ་བར་མདོའི་སྟོད་ཀྱི་བྱ་བྲལ་བ་ལེགས་པ་དཔལ་བཟང་པོས་ཕྱོགས་གཅིག་ཏུ་སྡེབས་ནས་ཡི་གེར་བྲིས་པའོ།།


འདིའི་བརྒྱུད་པ་ནི། མཁའ་འགྲོ་མ་ཉི་མའི་འོད་ཟེར། གྲུབ་ཆེན་ཨོ་རྒྱན་པ། རི་ཁྲོད་པ་ཟླ་བ་སེང་གེ། མཁས་བཙུན་འཇམ་དབྱངས་རྒྱལ་མཚན། བླ་མ་སངས་རྒྱས་བཟང་པོ། དེས་བདག་ལེགས་པ་དཔལ་བཟང་ལ་གནང་བའོ།།


མིའི་བླ་གནས་ཀྱི་བཅད་ཡིག་ལ། ཚེས་གཅིག་རྐང་པའི་འཐེ་(མཐེ་)བོང་ལ། གཉིས་ལ་རྒྱབ་ཀྱི་ཚིག་(ཚིགས་)གསང་ལ། གསུམ་ལ་རླའི་(བརླའི་)ནང་ལོགས་ལ། བཞི་ལ་སྐེད་རགས་འཆིང་ས་ལ། ལྔ་ལ་ཁ་དང་ལྕེ་ལ། དྲུག་ལ་བྲང་དང་ལྟེ་བ་བྲང་ཞོལ་ལ། བདུན་ལ་རྐང་པའི་ལོང་ལ། བརྒྱད་ལ་གྲུ་མོ་ལ། དགུ་ལ་མཆིན་པའི་སྟེང་། བཅུ་ལ་སྐེད་པ་ཡན་ཆད་ལ། བཅུ་གཅིག་པདྨ་ལ། བཅུ་གཉིས་ཕྲག་པ་ཡན་ཆད་ལ། བཅུ་གསུམ་མགྲིན་པ་དང་མཆེ་བ་ལ། བཅུ་བཞི་མཆུ་ལ། བཅོ་ལྔ་ལ་ལུས་སྤྱི་ལ་ཁྱབ་པར་གནས། བཅུ་དྲུག་འཇིང་(མཇིང་)པ་ལ། བཅུ་བདུན་ལ་ཁའི་དབུག་ལ། བཅོ་བརྒྱད་ལ་ལྟེ་བའི་ནང་ལ། བཅུ་དགུ་ལ་རྐང་པའི་འཐིལ་(མཐིལ་)ལ། ཉི་ཤུ་ངར་གདོང་དང་ལོང་བུ་ལ། ཉེར་གཅིག་རྐང་པའི་འཐེའུ་(མཐེའུ་)ཆུང་ལ། ཉེར་གཉིས་རྐང་པའི་ལོང་བུའི་ནང་ལོགས་ལ། ཉེར་གསུམ་མཆིན་པ་ལ། ཉེར་བཞི་ལ་ལག་པའི་འཁྲིག་(མཁྲིག་)མ་ལ། ཉེར་ལྔ་ལ་རྐང་པའི་འཁྲིག་(མཁྲིག་)མ་ལ། ཉེར་དྲུག་ལ་བྲང་ཡན་དང་ཕྲག་པ་མན་ཆད་ལ། ཉེར་བདུན་ལ་པུས་མོའི་ལྷ་ང་ལ། ཉེར་བརྒྱད་ལ་ཕོ་མོའི་མཚན་མ་ལ། ཉེར་དགུ་ལ་རླའི་བསྲུབ་(བརླའི་སུལ་)ལ། གནམ་གང་ལ་རྐང་པའི་རྒྱབ་ལ་གནས་ཟེར་ཡང་། བཅོ་ལྔ་ཆས་ལུས་ཐམས་ཅད་ལ་ཁྱབ་པར་གནས། གནམ་གང་ལ་དམར་ཆས་ལུས་ཐམས་ཅད་ལ་ཁྱབ་པར་གནས། གང་ནའང་ལུས་ཐམས་ཅད་ལ་ཁྱབ་འོང་ཟེར་རོ།།


དབྱུག་པ་བརྡེག་པའི་ཚད་ནི། །དང་པོ་དབྱུག་པའི་བརྗིད་(ལྗིད་)ཙམ་བརྡེག དེ་ནས་བསྐྲངས་(སྐྲངས་)པ་དང་ཅུང་ཟད་ཆེར་བརྡེག ཡང་ཟུག་ཆེས་ནས་མི་བཟོད་ན་ཆུང་ངུ་བརྡེག བསྐྲངས་(སྐྲངས་)པ་སྐྱ་སོབ་ཏུ་བྱུང་ན་རླུང་ཡིན་པས་བ་སྤུ་ཁ་ཕྱེ་ཙམ་བྱས་ལ་བཞག སྔོ་སྐྱ་བྱུང་ན་ཁྲག་ཡིན་ཏེ། །སེར་སོབ་བྱུང་ན་མཁྲིས་པ་ཡིན། །བསྲ་(སྲ་)ན་ནད་ཞེན་ཆེ་བ་ཡིན། །དལ་གྱི་གློད་ལ་བརྡེག་པར་བྱ། །ཤ་མདོག་མ་འགྱུར་རྩབ་(བཙགས་)མི་དགོས། །དམར་པོ་བྱུང་ན་ཁྲག་ནད་ཡིན། །སྨུག་ནག་དག་ལ་ཁབ་རྩག་(བཙགས་)བྱ། །དེ་དག་བད་ཀན་ཆུ་སེར་ཡིན། །ཁྱད་པར་ནད་ལོག་བྱུང་གྱུར་ན། །ཆུ་སེར་མང་པོ་ཡོད་ངེས་པས། །ཁྲག་ངན་མང་དུ་འདོན་པར་བྱ། །སྤྱིར་ནི་བསྐྲངས་(སྐྲངས་)པ་ཐམས་ཅད་ལ། །ཁབ་རྩག་(བཙགས་)ཁྲག་དག་དབྱུང་བར་བྱ། །ལོག་ནོན་(གནོན་)དག་ལ་འདི་ལྟ་ཏེ(སྟེ)། །རླུང་ཤས་ཆེ་ན་དབྱུག་ཤུལ་དང་། །བསུས་(གསུས་)པ་མིན་ལ་སྐུ་(བསྐུ་)མཉེ་བྱ། །སྨད་ཀྱི་ནད་རྣམས་ཐམས་ཅད་ལ། །འཁྲབ་དང་འཆག་པ་གལ་ཆེའོ། །སྙིང་རླུང་སྨྱོ་འབོག་ལྟ་བུ་ལ། །དབྱུག་ཤུལ་མིན་པའི་གསང་རྣམས་ལ། །ཚ་རྡོ་སྐུ་(བསྐུ་)མཉེ་ཤིས་པ་ཡིན། །རུས་པ་བརྡུང་པའི་དུགས་ཀྱང་བྱ། །ཕན་ཡོན་དག་གི་བྱེད་པ་ནི། །ནད་ཀྱི་རིགས་ལ་མེ་དང་གཏར། །ཐུར་མ་དག་གི་གོ་ཆོད་དོ། །གདོན་ལ་དབྱུག་པ་བརྡེག་པ་ནི། །ནད་པ་དེ་ཡི་སྲིན་ལག་བཟུང་། །དྲག་སྔགས་བཟླས་ཞིང་རྩ་འདེད་བྱ། །གཟེར་ཕོར་དག་གི་གསད་པར་བྱ། །བརྡེག་པའི་ཐབས་ནི་འདི་ལྟར་ཡིན། །རང་ཉིད་ལྷ་ཡི་[ང་]རྒྱལ་གྱིས། །དབྱུག་པ་སྟེང་དུ་ཕྱར་བྱས་ལ། །བླ་མ་དཀོན་མཆོག་དཔང་དུ་གཟུག(བཞག) །དབྱུག་པ་བར་དུ་ཕྱར་བྱས་ལ། །ལྷ་སྲིན་སྡེ་བརྒྱད་དཔང་དུ་གཟུགས། །དེ་ཡང་གསང་གི་ཐོག་ཉིད་དུ། །ནད་གདོན་ཐམས་ཅད་འདུས་པར་བསམ། །ནད་དང་སྡིག་སྒྲིབས་(སྒྲིབ་)དག་ལ་བརྡེག །གཉིས་ཀ་ཞེ་སྡང་བསྐྱེད་པ་ན། །དེའི་ཚེ་བརྡེག་པར་མི་བྱའོ། །གདོན་ལ་བརྡེག་པའི་དམིགས་པ་ནི། །ནད་གདོན་ཐམས་ཅད་སྟོང་ཉིད་དང་། །སྙིང་རྗེ་ཉིད་དུ་བསམ་ལ་བསྣུན། །ཡི་དམ་ལྷ་ཡི་སྔགས་ཀྱི་བཤམ་(གཤམ་)དུ། ཨོྃ་ཨ་ཡ། བྷི་མ་ཡ་ཧཱུཾ་ཡ། ཧཱུཾ་ནན། གདོན་ཐམས་ཅད་ས་ཧྲི་མ་ར་ཡ་རྦད། ཞེས་པ་རྟགས་ལ་བཟླས་སོ།། ཡང་། བདེ་བ་ཧཾ་ག་སྭཱཧཱ། ཞེས་ཉེར་གཅིག་བཟླས་ནས་ཐམས་ཅད་ལ་སྔགས་ཀྱིས་བཏབ་ནས་བྱུགས་ན་བླ་གནས་ལ་ཡང་མི་ཤོ་བ་ཡིན། ཨྀཐི། ཤུབྷཾ། མངྒལཾ། དགེའོ།། བཀྲ་ཤིས་བྱོན།། །།


- གཞུང་འདི་མ་དཔེ་དབུ་མེད་སུག་བྲིས་མ་ཤོག་ལྡེབས་བཅུ་གཉིས་ཡོད་པ་ཞིག་ལག་སོན་བྱུང་བ་ཕན་ན་སྙམ་ནས་འཕྲལ་མར་དཔེ་བླངས་ཤིང་ཅི་ལྕོགས་ཀྱི་ཞུ་སྒྲིག་དང་བཅས་འདོན་སྤེལ་ཞུས།

 

འབྲེལ་ཡོད་རྩོམ་རིག་གཞན་དག་ལྟ་ཀློག་གྱིས།

༄༅། །གསང་བ་འདུས་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་དང་། དབྱུག་བཅོས་གནམ་ལྕགས་རྡོ་རྗེ་བཞུགས་སོ།། 

༄༅། །རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བ་བཞུགས་སོ།།

༄༅། །དབྱུག་བཅོས་ནད་གདོན་ཀུན་སེལ།

༄༅། །རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེ་བཞུགས་སོ།།

༄༅། །རྡོ་རྗེ་དབྱུག་པའི་བྱ་བ་བཞུགས་སོ།།


མཐའ་མའི་འདོན་ཐེངས་།: 05.08.2017 ཉིན། 2:44 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།