སྨན་རྩིས་དྲ་བ། - ཆེད་རྩོམ།

རྒྱུད་རྒྱལ་དབྱངས་འཆར་གྱི་གནད་དོན་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.09.2015
ཆེད་རྩོམ། >>



༄༅། །གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་གྱི་གནད་དོན་ཅུང་ཟད་གླེང་བ་

བློ་གསར་དགའ་སྐྱེད་ཅེས་བྱ་བ་བཞུགས་སོ།།

- རྩིས་དགེ་བཀྲ་ཤིས་ཚེ་རིང་།

ཝྰཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།

 

 

 

 

སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན།།

སྲིད་གསུམ་སྐྱེ་དང་འཇིག་པ་མེད།།

ཤེས་དང་ཤེས་བྱ་གཅིག་པའི་སྐུ།།

དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ།།

           ཞེས་མཆོད་པར་བརྗོད་པའི་ཚིག་གི་མངུན་བསུས་ཏེ་སྐབས་དོན་གླེང་བར་བྱ་བ་དངོས་ནི། དབྱངས་གསལ་འཆར་ཚུལ་ལས་བཟང་ངན་བདེ་སྡུག་བསྟན་ཚུལ་ཡིན་ལ། དེ་ཡང་། དབྱངས་འཆར་གྱི་རྒྱུད་དེ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མས་གདུལ་བྱ་ཕྱི་རོལ་པ་རྗེས་སུ་འཛིན་པའི་ཆེད་ལྷ་ཆེན་དབང་ཕྱུག་དང་ལྷ་མོ་ཨུ་མའི་སྐུར་བཞེངས་ནས་ཕན་ཚུན་ཞུས་ལན་གྱི་ཚུལ་དུ་བྱུང་བ་ཞིག་ཡིན་ལ། དེ་ཡང་དབྱངས་འཆར་རྒྱུད་ལས། ལྷ་མོས་གསོལ་བ། བཅོམ་ལྡན་ལྷ་ཡི་ལྷ་མཆོག་གཙོ། །རི་བོང་ཅན་གྱི་སྤྱི་བོར་འཛིན། །དབང་ཕྱུག་ཆེན་པོ་ཡེ་ཤེས་དོན། །དཀར་མོ་བདག་ལ་རྣམ་པར་ཕྱེ། །མཆོག་ཏུ་དགེ་བ་གསང་བ་ཅན། །དབྱངས་འཆར་ཞེས་པ་རྒྱས་པའི་རྒྱུད། །ཁྱེད་ཀྱིས་བདག་ལ་སྔར་གསུངས་པ། །སྐྱེ་བོ་བློ་གྲོས་དམན་པ་ལ། །རྒྱས་མིན་ཤིན་ཏུ་གསལ་བ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཅན། །དབང་ཕྱུག་ཆེ་ལ་བདག་གསོལ་འདེབས། །མདོར་བསྡུས་པ་ནི་བཤད་དུ་གསོལ།། ཞེས་དང། ཡང་ཀུན་གཟིགས་དབྱངས་འཆར་ཤེལ་གྱི་མེ་ལོང་ལས། །ཕྱི་དང་ནང་གི་རྟེན་འབྲེལ་ཟབ་མོའི་ཚུལ། །ཇི་སྐད་བརྗོད་ལ་དུས་ཀྱི་འཁོར་ལོ་སོགས། །ཐེག་མཆོག་རྒྱུད་སྡེ་ཆེན་པོ་རྣམས་དང་ཡང་། །དགོངས་པ་གཅིག་དང་དབྱངས་གཅིག་ཉིད་གྱུར་པ། །སྤྱན་རས་གཟིགས་དབང་སྒྲོལ་མའི་ཐུན་མོང་ངོར། །ལྷ་མཆོག་བདེ་འབྱུང་ཡབ་ཡུམ་རྣམ་རོལ་པའི། །སྐྱེ་རྒུའི་མིག་བཟང་འགྱུར་པ་བླང་དོར་རྩིས། །འདི་འདྲ་འདོམས་པར་མཛད་ལ་སུས་མི་གུས། །ཞེས་དང་། རྒྱུད་དེའི་བརྗོད་བྱ་གཙོ་བོ་ལམ་ལྔ་རླུང་རྩིས་ཀྱི་ཐོག་ནས་སྐྱེ་བོའི་བཟང་ངན་བདེ་སྡུག་བརྟག་ཐབས་དང་དཀར་ནག་ཕྱོགས་ཀྱི་ཚེས་སོ་སོ་ལ་དབྱངས་དང་གསལ་བྱེད་སོགས་འཆར་ནུབ་ཀྱི་དབང་གིས་སྐྱེ་བོའི་གནས་སྐབས་ཀྱི་བདེ་སྡུག་བརྟག་ཚུལ། དེ་བཞིན་དུམ་དྲུག་དུས་སྦྱོར་དང་། ཞི་དྲག་གི་འཁོར་ལོ་དུ་མས་གང་ཟག་སྤྱི་དང་བྱེ་བྲག་གི་བདེ་སྡུག གཡུལ་ལས་རྒྱལ་ཕམ་སྟོན་པ་སོགས་རྗོད་བྱེད་ལེའུ་བཅུའི་བདག་ཉིད་ཅན་དེ་བཞིན་བོད་ཡུལ་དུ་དུས་རབས་བཅུ་གཉིས་ཀྱི་ནང་རྒྱ་གར་གྱི་པཎྜིཏ་ཇཡཱནནྡ་དང་། བོད་ཀྱི་མཁས་དབང་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བསྒྱུར། གང་ཉིད་ཀྱི་གཙོས་མཁས་པ་མང་པོས་ཚིག་དོན་གྱི་འགྲེལ་བ་དང་། དཀའ་གནད་ཟུར་བཤད་སོགས་ཡིག་ཆ་མང་པོ་མཛད་ཡོད་ཀྱང་གཡུལ་རྒྱལ་གྱི་རྒྱུད་དེ་ཆེས་གསང་བ་དང་བཀའ་རྒྱ་མ་ཡིན་པས་དེང་སང་ལག་ལེན་ཇི་བཞིན་ཡོད་པ་ནི་ཉིན་མོའི་སྐར་མ་ལས་ཀྱང་ཆེས་དཀོན་པར་འགྱུར་རོ། །དེ་ཡང་རིགས་ལྡན་སྙིང་ཐིག་ལས། གང་དེའི་གསང་ཚིག་བདེ་སྡུག་རྒྱལ་ཕམ་སོགས། །ལྐོག་གྱུར་གནས་ཀུན་སྟོན་བྱེད་ངོ་མཚར་འཕྲུལ། །དྲུག་ཅུའི་རྩ་དགུའི་གྲངས་ལྡན་ཙཀྲའི་དཔེར། །བསྟན་མོད་དེང་སང་མིང་ཙམ་ཤེས་པའང་དཀོན། ཞེས་དང་། དེ་བཞིན་དབྱངས་འཆར་རྒྱུད་ལས་ཀྱང་། སྔོན་ཚེ་ལྷ་དང་ལྷ་མིན་གང་། །བ་སྤུ་ལྡང་བའི་གཡུལ་འགྱེད་ཚེ། །ལྷའི་དབང་པོས་བདག་ལ་དྲིས། །འདི་བཤད་ལྷ་མིན་ཕམ་པར་བྱས། །རྒྱུད་རྣམས་ཀུན་དུ་སྦས་པ་སྟེ། །གསང་བ་ལས་ཀྱང་ཆེས་གསང་བ། །མཆོག་ཏུ་གསང་བ་རྣ་བཞི་པ། །ཤིན་ཏུ་སྦས་འགྲུབ་ལྷ་མོ་ཀྱེ། །ཞེས་གསུངས།  དེའི་ཕྱིར་ངོས་ལྟ་བུ་ལ་རྒྱུད་རྒྱལ་དབྱངས་འཆར་ཐོག་ཐུགས་ཕན་གསོས་པའི་སྐད་ཆ་བཤད་རྒྱུའི་གདེང་ཚོད་དང་སྤོབས་པ་གང་ཡང་མེད། འོན་ཀྱང་མཁས་དབང་བཤེས་གནེན་རྣམས་ཀྱི་མདུན་ས་ལས་གོ་ཐོས་གང་བྱུང་བ་རྣམས་འདིར་སྟོང་མིན་ཙམ་མདོར་བསྡུས་ཏེ་དགོད་པར་བྱ་བ་ལ། 

དབྱངས་དང་འཆར་ཞེས་པའི་ཚིག་གཉིས་པོ་དེ་ལེགས་སྦྱར་སྐད་དོད་དུ་སྭར(स्वर)དང་། ཨུདཡ(उदय)ཟེར་ཞིང་། དེ་ཡང་སྭར་ཞེས་པ་དབྱངས་སམ་དབུགས་ཀྱི་སྐད་དོད་ཡིན་ལ། ང་ཚོས་སྣ་ནས་དབུགས་ཡར་མར་གཏོང་བཞིན་པ་དེ་དང་། ཨུདཡ་ཞེས་པ་སྣའི་བུ་ག་གཡས་གཡོན་གཅིག་ནས་གཅིག་ལ་རིམ་པས་རླུང་འཕོ་བ་དང་འཆར་བའི་དོན་ཡིན་ལ་སྭར་དང་། ཨུདཡ་ཚིག་གཉིས་པོ་དེ་མཚམས་སྦྱོར་བྱས་པས་ སྭརོདཡ་དབྱངས་འཆར་ཞེས་མིང་དུ་བསྒྲུབས་སོ།།

ས+ཝ+ཨ+ར+ཨུ+ད+ཨ+ཡ+ཨ

ས+ཝ+ཨ+ར+ཨོ+ད+ཨ+ཡ+ཨ༼ཨ ཨུ ལ་ཨོའོ།། ཞེས་པའི་མདོས་ཨ་དང་ཨུ་སྦྱར་བས་ཨོ་བསྒྲུབས་སོ།།༽

ས+ཝ+རོ+ད+ཡ ༼དབྱངས་ཀྱི་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་རོ།། ཞེས་པའི་མདོས་སྲོག་མེད་ཡི་གེ་རྣམས་སྲོག་ལྡན་ཡི་གེའི་སྟེང་སྦྱར་རོ།།༽

སྭརོདཡ(स्वरोदय)ཞེས་གྲུབ་བོ།། དེའི་ཕྱིར་སྣའི་བུ་ག་གཡས་གཡོན་ནས་རླུང་རྒྱུག་ཚུལ་ཞིབ་ཕྲ་བརྟག་ནས་བཟང་ངན་བདེ་སྡུག་དུ་མ་ཤེས་པའམ་བཤད་ཐུབ་པའི་རིག་པའི་གཞུང་ལུགས་དེ་ལ་དབྱངས་འཆར་ཟེར་རོ། །དེ་ཡང་ཀུན་གཟིགས་དབྱངས་འཆར་ལས། ལས་ལ་སྤྱོད་དམ་དྲི་བ་ཡི། །རང་གཞན་བདེ་དྭོགས་རྣམ་གྲངས་ནི། །ནད་པས་སྨན་འཐུང་ཇི་བཞིན་དུ། །འཕྲལ་དུ་མྱོང་བར་བསླུ་བ་མེད། །ཞེས་གསུངས་པ་ལྟར། རླུང་འཆར་ཚུལ་དང་ལམ་ལྔའི་རླུང་སོགས་ལ་གོམས་པ་ཡོད་མཁན་རླུང་གི་རྣལ་འབྱོར་པ་ཞིག་གིས་སྣའི་གཡས་གཡོན་གྱི་རླུང་འཆར་ཚུལ་ཞིབ་ཕྲ་བརྟག་ནས་བླང་དོར་གྱི་འབྲས་བུ་བསླུ་བ་མེད་པ་སྟོན་ཐུབ་ལ། ཕྲན་ལྟ་བུ་རླུང་རྒྱུག་ཚུལ་ཐོག་གོམས་པ་གང་ཡང་མེད་པ་ཞིག་གིས་རླུང་འཆར་ཚུལ་གྱི་ཐོག་ནས་འབྲས་བུ་བཟང་ངན་བསླུ་བ་མེད་པ་ཞིག་བཤད་ཐུབ་དཀའ། དེ་ཡང་དབྱངས་འཆར་གཞུང་ལས། ཉི་ཟླའི་ལམ་ནས་རྒྱུ་བ་ཡི། །དབུས་སྟེང་ཀ་འགྲམ་ཐུར་རྒྱུ་བའི། །སྐྱེད་སྡུད་འབྱུང་ལྔའི་ཚུལ་བརྟག་ནས། །གཞན་ལ་བདེ་སྡུག་ལུང་དུ་སྟོན། །ཞེས་པ་ལྟར་ད་ལྟའི་རང་གི་རླུང་སྟེ། ཉི་མའི་རླུང་དང་ཟླ་བའི་རླུང་གང་རུང་རྒྱུག་བཞིན་ཡོད་མེད་དང་། དེ་ཡི་ནང་ནས་ལམ་ལྔའི་རླུང་གི་དཀྱིལ་འཁོར་ལྔ་པོ་བསྐྱེད་རིམ་དང་སྡུད་རིམ་དབྱེ་བས་རླུང་ཁམས་གང་ཞིག་རྒྱུག་བཞིན་ཡོད་མེད་འཁྲུལ་པ་མེད་པར་ངོས་འཛིན་ཏེ་གཞན་ལ་བདེ་སྡུག་བསླུ་བ་མེད་པ་ལུང་དུ་སྟོན་དགོས་ཀྱང་། རླུང་ལ་གོམས་པ་མེད་པ་ཞིག་གིས་ངོས་བཟུང་དཀའོ།། རླུང་གི་དཀྱིལ་འཁོར་ལྔ་ནི། (གཡས་རྒྱུ་སའི་རླུང་དང་། ཆུའི་རླུང་། མེའི་རླུང་། རླུང་གི་རླུང། ནམ་མཁའི་རླུང་བཅས་སྡུད་རིམ་དང་། གཡོན་རྒྱུའི་དཀྱིལ་འཁོར་ལྔ་ནི། ནམ་མཁའི་རླུང་དང་། རླུང་གི་རླུང་། མེའི་རླུང་། ཆུའི་རླུང་། སའི་རླུང་བཅས་བསྐྱེད་རིམ་མོ།།)འདིར་ས་དམིགས་མ་སྟོང་ཙམ་ཞིག་དབྱངས་འཆར་གཞུང་ནས་བཟང་ངན་འབྲས་བུ་བརྟག་ཚུལ་ཇི་ལྟར་བསྟན་པ་འགའ་ཞིག་དཔེ་མཚོན་ཙམ་དུ་དགོད་པར་བྱ་བ་ལ།

༡། ཉི་ཟླ་གང་དུ་རྒྱུ་བའི་ཕྱོགས། །དེ་ནས་སྐྱེ་བོས་གང་དྲིས་པ། །འོང་ངམ་ཞེ་ན་འོང་ཞེས་དང་། །མིན་ནམ་ཞེ་ན་མིན་ཞེས་སོགས། །ཁོ་ཡིས་གང་དྲིས་དེ་བཞིན་སྟོན།།

༢། རྒྱུ་བ་དང་ནི་འདྲི་བའི་ཕྱོགས། །བསྣོལ་ཏེ་གཡས་རྒྱུར་གཡོན་ནས་སམ། །གཡོན་ནས་རྒྱུ་དུས་གཡས་ནས་དྲི། །འགྲུབ་བམ་དྲི་ན་མི་འགྲུབ་དང་། །འཆི་འམ་ཞེ་ན་མི་འཆི་སོགས། དྲིས་པའི་ལན་དུ་བཟློག་སྟེ་སྟོན། །ཐེ་ཚོམ་མེད་པར་འབྲས་བུ་མཐོང་།།

༣། གང་ནས་ཉི་ཟླ་རྒྱུ་བ་ཡི། །ཕྱོགས་ནས་དྲིས་ན་དོན་འགྲུབ་ཅིང་། །གཞན་ནས་དྲི་ན་དོན་རྣམས་མེད། །ཤོ་རྒྱན་ལ་སོགས་རྩོད་པ་ལ། །གང་རྒྱུའི་ལག་པས་བྱས་པས་འགྲུབ།།

༤། ཉི་ཟླའི་རླུང་རྣམས་དབྱུག་ལྔའི་ཡུན། །རིམ་པས་འཆར་བ་བདེ་ལེགས་འགྱུར། །གལ་ཏེ་མ་རྒྱུ་གོ་ལོག་ན། །རྩོད་པ་ལ་སོགས་མི་དགེ་འབྱུང་། །ཟླ་བ་ཕྱེད་གསུམ་བར་དུ་ནི། །གོ་ལོག་རྒྱུ་ན་འཆི་བར་བཤད།  །

༥། སྦྲུམ་མར་ཕོ་མོ་གང་ཡིན་བརྟག་པ་ན། །དྲི་དུས་ཟླ་རླུང་བོུ་དང་། །ཉི་མའི་རླུང་རྒྱུ་ཕོ་རུ་བཤད།།

༦། ཕྲུ་གུ་ཆགས་ཚུལ་སྐབས་སྨན་གཞུང་ལས། ༡ ༣ ༥ ༧ སོགས་བུ་ཕོ་དང་། ༢ ༤ ༦ སོགས་བོུ་ཆགས་པ་གསུངས་པ་ལྟར། འདིར་དབྱངས་འཆར་ལས་ཀྱང་ཕྲུ་གུ་བུ་ཆགས་པར་བྱེད་པ་ལ། གོང་གི ༡ ༣ ༥ ༧ སོགས་ཀྱི་ཉི་མ་དེ་དག་སྟེང་ཕའི་ཉི་མའི་རླུང་དང་། མ་ཡི་ཟླ་བའི་རླུང་རྒྱུག་པའི་དུས་དང་དེ་བཞིན་ནང་གསེས་ས་ཁམས་ཀྱི་རླུང་ངམ་ཆུ་ཁམས་ཀྱི་རླུང་ཡང་འཆར་དགོས་སོ།།

༧། གལ་ཏེ་ཕྲུ་གུ་བོུ་འདོད་ན་གོང་གི་ཉི་མ་༢ ༤ ༦ སོགས་དེ་དག་གི་སྟེང་ཕའི་ཟླ་བའི་རླུང་དང་མའི་ཉི་མའི་རླུང་འཆར་པའི་དུས་ནང་གསེས་ས་ཁམས་ཀྱི་ངམ་ཆུ་ཁམས་ཀྱི་རླུང་འཆར་དགོས་སོ།།


 

དབྱངས་གསལ་འཆར་ནུབ་དང་བདེ་སྡུག་བརྟག་ཚུལ།

       སྤྱིར་ལེགས་སྦྱར་ལ་དབྱངས་བཅུ་དྲུག་དང་གསལ་བྱེད་སོ་གསུམ་ཡོད། དེ་དག་ནི། ཨ ཨཱ ཨི ཨཱི ཨུ་ཨཱུ རྀ རཱྀ ལྀ ལཱྀ ཨེ ཨཻ ཨོ ཨཽ ཨཾ ཨཿ དབྱངས་དེ་དག་ལས་མཐའ་མ་གཉིས་ཏེ། ཨཾ ཨཿ ཕུད་པའི་དབྱངས་བཅུ་བཞི་ལྷག དེ་ཡི་ནང་ནས་དབྱངས་རིང་པོ་དང་ཐུང་ངུ་གཉིས་ཡོད་པ་དེ་དག་གཅིག་ཏུ་འདྲིལ་བས་ཨ ཨི ཨུ རྀ ལྀ ཨེ ཨོ བཅས་དབྱངས་གསལ་བདུན་ནོ།། དེ་དག་ལས་ཀྱང་། རྀ ལྀ གཉིས་མ་ནིང་ཡིན་པས་དོར། ལྷག་མ། ཨ་ཨི ཨུ ཨེ ཨོ ལྔ་པོ་དེ་དག་རིང་ཐུང་དབྱེ་བས་བཅུ་རུ་བཤད། དེ་ཡང་དུས་འཁོར་འགྲེལ་ཆེན་ལས། རྀ་ཡིག ལི་ཡིག་དག་ཀྱང་ཡོན་ཏན་དང་ལྡན་པས་ཨི་ཡིག་ལ་སོགས་པ་རྣམས་དང་ཁྱད་པར་མེད་དོ།། དེའི་ཕྱིར། ཨ ཨི ཨུ ཨེ ཨོ ཞེས་པ་ནི་བྱིས་པ་རྣམས་ལ་འཇིག་རྟེན་དུ་གྲགས་པའོ།། ཞེས་པ་ལྟར། དཔལ་ལྡན་དུས་འཁོར་ལུགས་སུ་དབྱངས་ལྔ་ནི། ཨ་ཨི རྀ ཨུ ལྀ བཅས་སོ། གསལ་བྱེད་སོ་གསུམ་ལས། ང ཉ ཎ གསུམ་སྤོང་པ་ཡིན། གསལ་བྱེད་ ཀ ནས་ཧའི་ བར་སུམ་ཅུའོ།།

དབྱངས་ལྔ་དང་གསལ་བྱེད་སུམ་ཅུ་དེ་དག་དཀར་ཕྱོགས་ཚེས་གཅིག་ནས་ཉ་ཡི་བར་ལ་དབྱངས་རིང་པོ་ལྔ་ལན་གསུམ་འཁོར་ཞིང་། གསལ་བྱེད་ཀ་ནས་ད་ཡི་བར་བཅོ་ལྔ་འཆར་རོ།། དེ་བཞིན་ནག་ཕྱོགས་ཚེས་གཅིག་ནས་བཟུང་སྟེ་སྟོང་གི་བར་ལ་དབྱངས་ཐུང་ངུ་ལྔ་ལན་གསུམ་བསྐོར་ཞིང་གསལ་བྱེད་དྷ་ནས་ཧ་ཡི་བར་བཀོད། སྐབས་འདིར་མར་ངོ་སྔོན་འགྲོ་དབྱངས་འཆར་གྱི་ལུགས་འདིར་དཀར་ཕྱོགས་ལ་འཇིག་རྟེན་པའི་ལུགས་དང་རྒྱབ་འགལ་དུ་ཡོད་དོ།། མདོར་ན་འཇིག་རྟེན་པའི་ལུགས་དང་བསྟུན་ན་ཡར་ངོ་སྔོན་འགྲོའི་ཚེས་གཅིག་ནས་ཉ་ཡི་བར་དབྱངས་ཐུང་ངུ་ལྔ་པོ་ལན་གསུམ་འཁོར་བ་དང་གསལ་བྱེད་དྷ་ནས་ཧ་ཡི་བར་དང་། མར་ངོའི་ཚེས་གཅིག་ནས་སྟོང་གི་བར་དབྱངས་རིང་པོ་ལན་གསུམ་གསལ་བྱེད་ཀ་ནས་ད་ཡི་བར་དུ་འཁོར་རོ།།


དབྱངས་གསལ་འཆར་ནུབ་སོགས་ལ་བཟང་ངན་བདེ་སྡུག་བརྟག་ཚུལ་དཔེ་མཚོན་འགའ་ཞིག་འགོད་ན།

༡། དགའ་བའི་ཚེས ༡ ༦ ༡༡ ལ་རེས་གཟའ་མིག་དམར་དང་། རྒྱུ་སྐར་སྨིན་དྲུག དབྱངས་ཨ་ཡིག་རྣམས་འཛོམས་པ་དང་། དེ་བཞིན་བཟང་པོའི་ཚེས ༢ ༧ ༡༢ རེས་གཟའ་ལྷག་པ་དང་། རྒྱུ་སྐར་མཆུ། དབྱངས་ཨི་འཛོམས། རྒྱལ་གྱི་ཚེས་༣ ༨ ༡༣ རེས་གཟའ་ཕུར་བུ་དང་། རྒྱུ་སྐར་སྐག དབྱངས་ཨུ་འཆར་བ། སྟོང་གི་ཚེས ༤ ༩ ༡༤ རེས་གཟའ་པ་སངས་དང་། རྒྱུ་སྐར་མོན་གྲུ། དབྱངས་ཨེ་འཛོམས། རྫོགས་པའི་ཚེས་ ༥ ༡༠ ༡༥ རེས་གཟའ་སྤེན་པ། རྒྱུ་སྐར་བྲ་ཉེ། དབྱངས་ཨོ་རྣམས་འཛོམས་པར་འགྱུར་ན། དབྱངས་ལྔ་པོ་དེ་དག་གི་མིང་ཅན་རྣམས་ལ། ན་འཆི་རྨ་འབྱུང་འབྲས་བུ་མེད། གཡུལ་དང་བག་མ་ལ་སོགས་པའི། །མཐའ་དག་བྱ་བ་རྣམ་པར་འཛེམས། །ཞེས་གསུངས་སོ། །དེ་བཞིན་དུས་འཁོར་རྒྱུད་འགྲེལ་ལས། དེ་ལྟར་དབྱངས་འཆར་བ་རྣམས་ལ་ཡང་རྒྱུ་སྐར་དང་གཟའི་དབང་གིས་འཆི་བའི་སྦྱོར་བར་འགྱུར་རོ། །ཞེས་གསུངས་སོ།།

༢། དབྱངས་གསལ་ནུབ་ཚུལ་ནི། དེ་ཡང་དབྱངས་འཆར་གཞུང་ལས། གང་འཆར་དེ་ནས་བརྩམས་པ་ཡི། །བྱིས་སོགས་གནས་སྐབས་ལྔ་རུ་བགྲང་། །ལྔ་པ་ཤི་དེ་ནུབ་པ་ཡིན། །ན་ཚོད་ཀྱི་ནི་དཔེ་ཡིས་བཤད། །གསལ་བྱེད་ལ་ཡང་དེ་བཞིན་སྦྱར། །བཟང་གསུམ་ངན་པ་གཉིས་སུ་འདོད། །ཞེས་པ་ལྟར། དཔེར་ན་གཤམ་འཁོད་རེའུ་མིག་བཞིན།


 

དབྱངས་འཆར་ལུགས་ཀྱི་དཀར་ཕྱོགས་སུ་དབྱངས་འཆར་ནུབ།

ཚེས་གྲངས།

བྱིས་པ།

གཞོན་ནུ།

ལང་ཚོ།

རྒས་པ།

ཤི་བའམ་ནུབ།

དགའ།

༡༡

ཨྰ

ཨྰི

ཨྰུ

ཨཻ

ཨཽ

བཟང་།

༡༢

ཨྰི

ཨྰུ

ཨཻ

ཨཽ

ཨྰ

རྒྱལ།

༡༣

ཨྰུ

ཨཻ

ཨཽ

ཨྰ

ཨྰི

སྟོང་།

༡༤

ཨཻ

ཨཽ

ཨྰ

ཨྰི

ཨྰུ

རྫོགས།

༡༠

༣༠

ཨཽ

ཨྰ

ཨྰི

ཨྰུ

ཨཻ

 


དབྱངས་འཆར་ལུགས་ཀྱི་ནག་ཕྱོགས་སུ་དབྱངས་འཆར་ནུབ།

ཚེས་གྲངས།

བྱིས་པ།

གཞོན་ནུ།

ལང་ཚོ།

རྒས་པ།

ཤི་བའམ་ནུབ།

དགའ།

༡༡

ཨི

ཨུ

ཨེ

ཨོ

བཟང་།

༡༢

ཨི

ཨུ

ཨེ

ཨོ

རྒྱལ།

༡༣

ཨུ

ཨེ

ཨོ

ཨི

སྟོང་།

༡༤

ཨེ

ཨོ

ཨི

ཨུ

རྫོགས།

༡༠

༡༥

ཨོ

ཨི

ཨུ

ཨེ

 


དབྱངས་འཆར་ལུགས་ཀྱི་དཀར་ཕྱོགས་གསལ་བྱེད་འཆར་ནུབ་རེའུ་མིག

ཚེས་གྲངས།

བྱིས་པ།

གཞོན་ནུ།

ལང་འཚོ།

རྒས་པ།

འཆི་བའམ་ནུབ།

གྷ

གྷ

གྷ

གྷ

ཛྷ

ཛྷ

ཛྷ

ཛྷ

ཛྷ

ཌྷ

ཌྷ

༡༠

ཌྷ

༡༡

ཌྷ

༡༢

ཌྷ

དྷ

༡༣

དྷ

༡༤

དྷ

༣༠

དྷ

 


དབྱངས་འཆར་ལུགས་ཀྱི་ནག་ཕྱོགས་གསལ་བྱེད་འཆར་ནུབ་རེའུ་མིག

ཚེས་གྲངས།

བྱིས་པ།

གཞོན་ནུ།

ལང་འཚོ།

རྒས་པ།

འཆི་བའམ་ནུབ།

དྷ

བྷ

བྷ

བྷ

བྷ

བྷ

༡༠

༡༡

༡༢

༡༣

༡༤

༡༥

གྷ

 

གོང་གི་དབྱངས་གསལ་ཡི་གེ་ལས། །བྱིས་པ་བཟང་ཞིང་དེ་ལས་ནི། །གཞོན་ནུ་བཟང་གསུངས་དེ་ལས་ཀྱང་། །ལང་ཚོར་བབས་ན་ཤིན་ཏུ་བཟང་། །རྒ་བ་ངན་ཞིང་ཁྱད་པར་དུ། །མིང་གི་དབྱངས་གསལ་ནུབ་ན་ངན། དེཡང་། གསལ་བྱེད་ནུབ་པས་ནད་འབྱུང་སྟེ། །དབྱངས་ནུབ་པས་ན་འཆི་བ་སྟེར། །དེ་ཕྱིར་རང་གི་དབྱངས་གསལ་ནི། །དར་ཞིང་དགྲ་མིང་ནུབ་པའི་དུས། །དགྲ་ལ་རྒོལ་པར་ལྷ་ཡིས་གསུངས།

༣། གཞན་ཡང་སྐྱེ་བོའི་བདེ་སྡུག་བརྟག་སྐབས་སུ། གང་ཟག་སོ་སོའི་སྐྱེས་སྐར་རམ་མིང་སྐར་ལ་དྲག་གཟའི་གནོད་པ་མཆེ་གདོང་སོགས་ཡོད་མེད་ཞིབ་ཕྲ་བརྟག་དགོས། དེ་ཡང་གཡུལ་རྒྱལ་གཞུང་ལས། དེ་ནས་གནོད་པ་དྲུག་འཛིན་བརྟག །གང་གིས་གནོད་ན་གཟའ་ཡིས་ཏེ། །གང་ལ་གནོད་ན་རྒྱུ་སྐར་དབྱངས། གསལ་བྱེད་ཁྱིམ་དག་ལའོ། །གནོད་ཚུལ་མཆེ་གདོང་མཐོང་ས་དང་། །དུ་སོལ་མེ་ཡི་ཚུལ་དུ་གནོད། །ཞེས་པའོ།། དེ་བཞིན་འཁོར་ལོ་གསུམ་འཛོམས་ཞེས་བྱ་བ། །གཡས་གཡོན་མཆེ་བ་གདོང་དང་བཅས། །དུས་གཅིག་འཛོམས་པའི་སྐྱེ་མིང་ཅན། །གླང་ཆེན་མྱོས་པའི་མཆེ་བ་ཡིས། །བླངས་ནས་ཟ་བར་བྱེད་དང་མཚུངས། །ཞེས་པ་ལྟར། དཔེར་ན། གང་ཟག་ཞིག་གི་སྐྱེས་མིང་སྐར་མ་བྲ་ཉེ་ལ། དྲག་གཟའ་མིག་དམར་ལྟ་བུར་གཡས་མཆེ་དང་། དྲག་གཟའ་སྤེན་པ་ལྟ་བུར་གཡོན་མཆེ། དེ་བཞིན་སྡིག་གཟའ་ཀེ་ཏུ་ལྟ་བུར་གདོང་ཚུགས་འཁེལ་ན་འཁོར་ལོ་གསུམ་འཛོམས་ཡིན་པས་གང་ཟག་དེ་ལ་ཤིན་ཏུ་ནས་ངན་པར་བཤད།

༤། སྐར་མའི་འཕོ་མཚམས་ལས་བཟང་ངན་འབྲས་བུ་དཔེ་མཚོན་ཞིག་འགོད་ན། དེ་ཡང་། མཚམས་ན་གནས་པའི་སྐར་མ་བརྒྱད། (ཤར་ལྷོ་སྐག་དང་མཆུ། ལྷོ་ནུབ་ས་ག་དང་ལྷ་མཚམས། ནུབ་བྱང་བྱི་བཞིན་དང་མོན་གྲེ། བྱང་ཤར་ན་བྲ་ཉེ་དང་སྨིན་དྲུག་བཅས་སོ།། ) སྔ་མ་རྫོགས་པའི་ཆུ་ཚོད་ལྔ། །ཕྱི་མ་སླེབས་པའི་ཐོག་མ་ནས། །བརྩམས་པའི་དུས་ཀྱི་ཆུ་ཚོད་ལྔ། །རྫོགས་དང་ཟུག་པའི་དབྱུགས་གུ་བཅུར། །རང་གི་ཕྱོགས་ལས་ཕྱོགས་གཞན་སྤང་། ཁྱད་པར་སྐར་མ་དེ་གཉིས་ཀྱི། །རྫོགས་དང་ཟུག་པའི་དབྱུག་གཅིག་ལ། །ཟླ་བ་སྤྱོད་ཚེ་འགྲུལ་བྱས་ན། །ཚུར་ལ་ཁྱིམ་དུ་མི་ལྡོག་ཅིང་། །གང་བརྩམ་མི་འགྲུབ་འདི་སྤང་དགོས། །ཞེས་གསུངས་སོ།།

༥། དེ་བཞིན་ཕོ་ཉས་བརྗོད་པའི་དབྱངས་ཀྱི་གྲངས་རྣམས་ལ་བརྟག་ཏེ་བཟང་ངན་བཤད་པ་དང་། བཟའ་ཟླ་ཕོ་མོའི་མིང་གི་དབྱངས་གསལ་གྲངས་ལ་རྩིས་ཏེ་ཕྲུ་གུ་ཕོ་མོ་གང་སྐྱེས་བརྟག་ཚུལ། དེ་ཡང་དབྱངས་འཆར་གཞུང་ལས། ཕོ་མོའི་མིང་ཡིག་ལུས་ཡན་ལག །སོ་སོར་བསྲེ་ལ་ལུས་བཞི་དང་། །ཡན་ལག་མེས་བསྒྱུར་གཅིག་ཏུ་བསྡོམ། །དེ་ལ་གསུམ་གྱིས་དོར་བ་ཡིས། །གཅིག་ཐིག་བུ་སྐྱེས་གཉིས་བུ་མོ། །ཞེས་དང་། མིང་གི་དབྱངས་གསལ་གྲངས་ལ་རྐུན་མ་ངོས་འཛིན་བྱ་ཚུལ། སྔ་ཕྱིའི་སྐྱེ་བ་བརྟག་ཚུལ་སོགས་གྲངས་ལས་འདས་པ་ཡོད་ཀྱང་རེ་ཞིག་འདིར་གླེང་བར་མི་བྱའོ།

༦། དེ་བཞིན་སྒྲ་གཅན་འཁོར་ལོ་ལ་སོགས་པའི་གཟའ་སྐར་ཚེས་སོགས་ཀྱིས་ནུས་པས་རང་ཉིད་གཡུལ་སོགས་ལས་རྒྱལ་ཐབས་དང་ཕྱོགས་མཚམས་གང་ནས་རྩོམ་དགོས་མིན་སོགས་དུ་མ་གསུངས་ཡོད། དཔེར་ན། རྩ་བའི་སྒྲ་གཅན་ཐེབས་ཕྱོགས་གཡུལ་བཤམ་ན། ཕ་རོལ་ཁྱབ་འཇུག་སྟོབས་དང་ལྡན་ན་ཡང་། །ཐལ་བར་ཡང་ནི་བརླག་པར་བྱེད་པས་ན། །དུས་ལྷ་ཀུན་བཏང་འདི་ཉིད་གཅིག་པུ་གཟུང་། །ཞེས་དང་། དེ་བཞིན་དབྱངས་འཆར་རྒྱུད་ལས། བུད་མེད་དབྱུག་ཐོགས་གཅིག་གིས་ནི། །སྐྱེས་པ་མཚོན་ཐོག་བརྒྱ་ཡང་ཐུལ། །ཞེས་གསུངས་སོ།།

༧། དེ་བཞིན་ཉིན་ཞག་གཅིག་གི་དུས་བཟང་ངན་བརྟག་ཚུལ། དུས་སྦྱོར་ཕྱེད་པའི་རིགས་ལྡན་དང་། ཐུན་མཚམས་རཱ་ཧུ། མིག་དམར་གྱི་རཱ་ཧུ་སོགས་དུ་མ་བསྟན་ཡོད་པས། ཉིན་ཞག་གཅིག་གི་ཐུན་ཕྱེད་ཉེར་བཞི་ལ་རིགས་ལྡན་འཆར་དུས་སུ་སྨན་དཔྱད་གཏར་སྲེག་སོགས་བྱས་ཚེ་དུག་ཏུ་འགྱུར་ཚུལ་དང་། དུག་སྦྲུལ་གྱིས་སོས་བཏབ་པ་དང་འདྲ་བར་གསུངས་སོ།། །།

 


མཐའ་མའི་འདོན་ཐེངས་།: 14.09.2015 ཉིན། 9:47 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།