སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཡེ་ཤེས་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.02.2018
གསོ་རིག་མཁས་དབང་རིམ་བྱོན། >>

 

ཡེ་ཤེས་རྒྱ་མཚོ།

- བྱམས་པ་འཕྲིན་ལས།

དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་ནི་མཚོ་སྔོན་གཅན་ཚ་ཚོ་བརྒྱད་ཀྱི་ཡན་ལག་དེང་གི་ཧྭ་ལུང་རྫོང་ཞེས་པའི་ཆར་གཏོགས་པ་རི་རྒན་ནང་དུ་འབོད་པའི་སྡེ་བར་ཡབ་བཀྲིས་རྒྱ་མཚོ་དང་ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་  1917  ལོའི་ཧོར་ཟླ་ 9 པའི་ཚེས་ 15  ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་འཁྲུངས་པ་དང་།  དགུང་ལོ་ཆུང་དུས་ནས་ཡབ་ལས་ཀློག་དང་གསར་རྙིང་གི་ཆོས་སྐོར་འགའ་ཞིག་གསན་ཅིང་ཆོས་སྤྱོད་འདོན་ཆ་མང་པོ་བྱང་ཆུབ་པར་ཐུགས་འཛིན་མཛད།  དགུང་ལོ་བཅུ་བདུན་སྟེང་དཔལ་སྡི་ཚ་བཀྲིས་ཆོས་སྡིངས་སུ་ཕེབས་ནས་༧རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་བསྙེན་དང་།  བར་བ་རབ་བྱུང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཤིང་མཚན་ཡེ་ཤེས་རྒྱ་མཚོ་གསོལ།

རབ་འབྱམས་གཞུང་བརྒྱའི་མངའ་བདག་བྱ་མདོ་དགེ་བཤེས་རྗེ་ཚུལ་ཁྲིམས་རྒྱ་མཚོ་ལས་ལེགས་བཤད་བདུད་རྩིའི་བཅུད་ལ་ཐོག་མར་རོལ་ཞིང་དགོན་དེར་རྗེ་འདི་བའི་གཙོས་དམ་པ་དུ་མའི་ཞབས་པད་གཙུག་ཏུ་བསྟེན་ནས་བགྲང་བྱ་དྲུག་གི་ཡུན་ལ་གཏན་ཚིགས་རིག་པའི་གཞུང་ལ་སློབ་གཉེར་ཤུགས་ཆེར་གནང་བ་དང་།  དགུང་ལོ་ཉེར་གསུམ་སྟེང་ཡུལ་མདོ་སྨད་ཀྱི་ན་ལེནྡྲ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲིས་འཁྱིལ་དུ་ཕེབས་ནས་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་(བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེ་)ལས་ཆོས་འབྲེལ་གྱི་ཐོག་མར་གཡུ་ཐོག་ཡོན་ཏན་མགོན་པོ་ནས་བརྒྱུད་པའི་སྨན་བླའི་དབང་ཆེན་བསྩལ་བ་ལེགས་པར་མནོས་ཤིང་།  སྔ་ཕྱི་བགྲང་བྱ་བཅུ་དགུ་ཙམ་གྱི་རིང་ལ་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་།  གཞུང་ལུགས་རབ་འབྱམས་སྨྲ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསང་ཁོག་ཐབས་མཁས་ཚང་།   རྨེ་བྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་རྒྱ་མཚོ་སོགས་མཁས་གྲུབ་གདེངས་ཅན་དབང་པོ་རྣམས་ལས་གཞུང་བཀའ་པོད་ཆེན་པོ་ལྔ་ལ་དཀའ་སྤྱད་ཚད་མེད་སྒོས་དཔྱིས་ཕྱིན་པར་སྦྱངས་པ་སྟེ།   དེ་ཡང་ཐོག་མར་དགོན་པ་འདིའི་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས་ཏེ་རྗེ་གུང་ཐང་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་དང་མཉམ་དུ་བསྡུས་གྲྭ་དང་ཕར་ཕྱིན་གྱི་དམ་བཅའ་བཅས་རིམ་པས་བཞག་པ་དང་།  མཐར་བཀའ་པོད་ལྔ་ལ་སློབ་གཉེར་མཐིལ་ཕྱིན་གནང་ནས་གཞུང་ཚིག་གི་འབྲུ་འགྲེལ་དང་།  སྡེ་ཚན་སོ་སོའི་གྲངས་འདྲེན། གྲུབ་མཐའ་སོ་སོས་མི་འདྲ་བའི་འདོད་ལུགས།  བློ་རྩེ་གཏོད་སའི་གནད་འགག་རང་ལུགས་སྐྱོན་མེད་དུ་སྒྲུབ་པའི་ལུང་རིགས་སོགས་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་དང་མཐུན་པའི་གཞི་ལམ་འབྲས་བུའི་རྣམ་བཞག་ལུང་རིགས་ཀྱི་ལམ་ནས་བརྟགས་ཐུབ་པའི་གོ་བ་ཟབ་མོ་བརྙེས་ཏེ་དགུང་ལོ་སོ་གསུམ་སྟེང་དགེ་བཤེས་རྡོ་རམས་པའི་ཐོབ་ཐང་བླངས།    ཁྱད་པར་དམ་པ་འདིས་མཛོད་ལ་སྦྱངས་པ་མཐར་ཕྱིན་གནང་སྟེ་ཐུན་མིན་གྱི་གོ་བ་ཟབ་མོ་བརྙེས་པས་མཁས་པའི་གྲགས་པ་ཤིན་ཏུ་ཆེན་པོ་བྱུང་སྟེ་མཛོད་པ་ཡེ་ཤེས་ཞེས་ཀྱང་ཐོགས།  གཙུག་ལག་རབ་འབྱམས་སྨྲ་བ་ཨ་ཁུ་འོད་ཟེར་ལས་སྐར་རྩིས་དང་རྒྱ་རྩིས་ཀྱི་མཛུབ་ཁྲིད་གསན་ཅིང་སྟོང་འཇུག་བར་གྱི་རི་མོ་ཡོངས་སུ་རྫོགས་པ་ལའང་བྱང་བར་མཛད།   དགེ་བའི་བཤེས་གཉེན་ཆེན་པོ་བསང་ཁོག་ཚུལ་ཁྲིམས་ཚང་གི་དྲུང་ནས་གསོ་བ་རིག་པ་ལག་ལེན་དང་བཅས་པའི་ཞིབ་ཁྲིད་གསན་ཅིང་ཤིན་ཏུ་མཁས་པར་མཛད་དེ།  འཇམ་མགོན་བླ་མས།   སྙིང་རྗེ་ཆེ་ལ་རིང་ནས་གོམས་པའི་ཡིད།  །སྙིང་པོ་མེད་པའི་ཡུལ་ལ་དགའ་མི་འགྱུར།  །མང་ཐོས་བག་ཆགས་སེམས་ལ་གོམས་རྣམས་ཀྱིས།  །མང་པོའི་ཤེས་བྱ་ཤེས་ལ་དཀའ་བ་མིན། །ཞེས་པ་ལྟར་སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་གི་རིག་གནས་ནི་ཞར་ཞོར་སྦྱངས་པ་ཙམ་གྱིས་ལྷག་མ་མེད་པར་ཐུགས་སུ་ཆུད་པར་གྲགས་སོ།།

དགུང་ལོ་བཞི་བཅུ་ཡས་མས་ནས་ཆོས་གྲྭ་ཆེན་མོ་བཀྲིས་འཁྱིལ་དང་དཔལ་ལྡན་བཀྲིས་ཆོས་སྡིངས་སོགས་སུ་བློ་གསལ་ལུང་རིགས་སྨྲ་བའི་ཚོགས་ལ་ལེགས་གསུང་བདུད་རྩིའི་བཅུད་ཀྱིས་ཚིམས་པར་བྱས་ཤིང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་དང་།  སྤྱི་ལོ་ 1958 ལོར་ཆོས་ལུགས་བཅོས་བསྒྱུར་བྱས་རྗེས་ཁོང་གི་འཁྲུངས་ཡུལ་རི་རྒན་ནང་དུ་ཕྱག་ཕེབས་ཏེ་གྲོང་ཆས་སྤྲས་ནས་ཁྱིམ་པ་རྣམས་དང་མཉམ་དུ་སོ་ནམ་གྱི་ལས་ལ་ཞུགས་ནས་ཟླ་གཉིས་ཙམ་འགོར་པ་ན་དམ་པ་ཉིད་ཀྱི་ཐུགས་རྒྱུད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་མཐུ་ལས་མཛད་བཟང་རྨད་དུ་བྱུང་བ་མང་པོས་སྐྱེ་དགུའི་ཡིད་སེམས་དབང་མེད་དུ་བཀུགས་ཏེ་དད་པར་གྱུར་ཅིང་སོ་ནམ་གྱི་ངལ་ལས་སོགས་ལ་ཞུགས་མི་དགོས་པའི་གནང་བ་བྱིན་པ་དང་།  ལོ་སྔ་ཕྱི་དེ་དག་ཏུ་ཡམས་ནད་ཀྱིས་གཙེས་ཤིང་ཉམ་ཐག་པའི་སེམས་ཅན་དཔག་ཏུ་མེད་པ་གཟིགས་པའི་རྐྱེན་གྱིས་མི་བཟོད་པའི་སྙིང་རྗེ་དྲག་པོས་ཐུགས་རྒྱུད་སྐུལ་བ་ལ་བརྟེན་ནས་ཕྱག་རྒྱུ་ཅུང་ཟད་ཡོད་པས་སྨན་ཉོས་ཤིང་སྐུ་དངོས་ཀྱིས་རི་ཀླུང་ནགས་ཚལ་བཅས་ལ་ཕེབས་ཤིང་ཡུལ་དེར་སྐྱེས་པའི་རྩ་བ་མེ་ཏོག་འབྲས་བུ་སོགས་འཐུས་ནས་གསང་སྟབས་ཀྱིས་སྨན་སྦྱིན་གནང་བས་ཉེས་གསུམ་གྱི་གདུང་བ་ལས་གྲོལ་བའི་སྐྱེ་བོ་མང་པོ་བྱུང་།   དེར་བརྟེན་ཡུལ་མི་རྣམས་ཀྱིས་སྨན་གནང་རོགས་ཞེས་རེ་བ་ཟམ་མ་ཆད་པར་ཞུས་པས་སྙིང་རྗེ་དྲག་ཏུ་སྐྱེས་ཀྱང་རྒྱལ་ཁབ་ཀྱི་བཀའ་ཁྲིམས་ནི་བཙན་ཞིང་དམ་པས།   ཅི་དྲགས་ལ་ཐུག་པ་བྱུང་ནས་ལེགས་ཉེས་བླང་དོར་དཀོན་མཆོག་ལ་ཞུ་རྒྱུ་ལས་ཐབས་གཞན་གང་ཡང་མེད་པར་དགོངས་ནས་མཆོག་གསུམ་རིན་པོ་ཆེའི་ཐུགས་རྗེ་སྐུལ་བའི་གསོལ་འདེབས་དྲག་ཏུ་བྱེད་བཞིན་བདེན་པ་བརྡར་ཏེ།  སྤྱོད་འཇུག་གི་ཕྱག་དཔེ་ཞལ་ཕྱེ་ནས་དཔེ་མོ་བཏབ་པར།   ཉིན་ཐིག་གི་དབུར།  ཁྱེད་ཀྱི་འདོད་པའི་རེ་བ་འདི།  །བདེ་འབྱུང་ཁ་ན་མ་ཐོ་མེད།  །ཡོན་ཏན་བདེན་པ་རྣམས་ཀྱི་གནང་། །གཞན་སྡུད་པ་ཡི་མཆོག་ཀྱང་ཡིན།  །ཞེས་འགྲོ་ཕན་རྒྱ་ཆེར་འོང་བ་སོགས་ཕྱིས་ཀྱི་འབྱུང་བ་གསལ་བར་བསྟན་པའི་གསུང་འདི་དང་ཐུག་པ་བྱུང་བས་སྨན་གནང་ན་ཉེས་སྐྱོན་ཅི་ཡང་མི་འབྱུང་བའི་ངེས་པ་བརྟན་པོ་རྙེད་དེ་སྨན་དཔྱད་རྒྱ་ཆེར་གནང་བས་ནད་ཀྱི་གདུང་བ་ལས་སྐྱབས་ཏེ་བདེ་བར་བཀོད་པའི་སྐྱེ་འགྲོ་མཐའ་ཡས་པ་བྱུང་ཞིང་།  ཡུལ་དེར་ཁ་ཆེ་ཧ་ཅང་མང་པོ་ཡོད་པ་དེ་ཚོའི་ཁྲོད་ནའང་ནད་ལས་གྲོལ་བ་ཤིན་ཏུ་མང་བས་དམ་པ་འདི་ལ་མཆོག་ཏུ་དད་པར་གྱུར་ཏེ་བརྒྱ་རྩའི་ཆུས་ལུས་འཁྲུ་བ་དང་། མ་ནི་རིལ་བུ་སློང་མཁན་མང་པོ་བྱུང་སྣང་བ་བཅས་ངོ་མཚར་བའི་མཛད་བཟང་ཧ་ཅང་མང་། དེ་བས་''རིག་གནས་གསར་བརྗེའི་''སྐབས་སུའང་དམ་པ་འདིར་ཉེས་སྐྱོན་གཏན་ནས་མ་བྱུང་བ་དང་། སྤྱི་ལོ་ 1971 ལོར་ཧྭ་ལུང་རྫོང་མི་དམངས་སྨན་ཁང་དུ་བོད་སྨན་སྒོ་བསྟེན་སྨན་བཅོས་ཁང་བཙུགས་པ་དང་སྲིད་གཞུང་གིས་གཞུང་གི་སྨན་པ་བྱ་དགོས་ཚུལ་གྱི་བཀའ་ནན་བསྩལ་བ་ལྟར་བསྒྲུབས་ཤིང་ནད་ལས་གྲོལ་བའི་མི་དཔག་ཏུ་མེད་པ་བྱུང་སྟབས་སྲིད་གཞུང་ནས་གཟེངས་བསྟོད་དང་བྱ་དགའ་ཕུལ།

སྤྱི་ལོ་ 1983 ལོར་ཧོར་ཟླ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་གཉེར་བའི་ཟབ་སྦྱོང་འཛིན་གྲྭ་སྟེ་ཞིང་ཆེན་ཡོངས་ཀྱི་གསོ་རིག་སྨྲ་བ་བཞི་བཅུ་ཙམ་འདུས་པ་ལ་གསོ་རིག་རྒྱུད་བཞིའི་ལུང་དང་།  རྩ་རྒྱུད་དང་བཤད་རྒྱུད་གཉིས་ཀྱི་མཛུབ་ཁྲིད་བསྩལ།  1984  ལོར་ཟི་ལིང་གྲོང་ཁྱེར་དུ་དངོས་ཕེབས་ཀྱིས་ཁ་ན་ཏ་དང་།  ཨའོ་ཏི་ལི། འཇར་པན་བཅས་ཕྱིའི་རྒྱལ་ཁབ་ཀྱི་འཚོ་བྱེད་མཁས་པ་སྐོར་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་དཔེ་ཁྲིད་མཛད་དེ་བསྔགས་བརྗོད་ཐོབ།  ཆུ་ཕག་ལོར་དབུས་གྱུར་ལྷ་ལྡན་སྨན་རྩིས་ཁང་ནས་གདན་ཞུས་ལྟར་ཕེབས་ནས་ཉིན་སུམ་ཅུ་ལྷག་ལ་ཚོགས་འདུ་གནང་ནས་བོད་ཀྱི་གསོ་རིག་སྨྲ་བའི་མཁས་དབང་རྣམས་དང་ཆབས་ཅིག་ཏུ་གསོ་རིག་གི་དཀའ་བའི་གནས་རྣམས་ལ་འཕྲོས་པ་དང་བཀའ་མོལ་ཞིབ་རྒྱས་གནང་།

 

1987 ལོར་ཧྭ་ལུང་རྫོང་བོད་ལུགས་སྨན་ཁང་བཙུགས་པ་དང་དམ་པ་ཉིད་སྨན་ཁང་གི་ལས་འཛིན་དུ་བསྐོས་སྟབས་གནས་དེར་སྤོས་ནས་བཞུགས་གདན་འཇགས།  སྔ་རྗེས་སུ་ཀན་སུའུ་དང་།  ཟི་ཁྲོན།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། སྐུ་འབུམ་བོད་སྨན་ཁང་། མཚོ་ལྷོ་བོད་སྨན་ཁང་། རྨ་ལྷོ་བོད་སྨན་ཁང་སོགས་སུ་སྐུ་དངོས་ཕེབས་ཏེ་གསོ་བ་རིག་པའི་ཁྲིད་རྒྱུན་དང་དབང་ལུང་མན་ངག་གི་སྐོར་མང་དུ་སྤེལ་ནས་ཞལ་སློབ་གསོ་རིག་ལ་མཁས་པ་མང་པོ་བྱུང་ཞིང་། ཀྲུང་གོའི་གསོ་རིག་ཀུན་འདུས་ལས་བོད་ཀྱི་གསོ་བ་རིག་པ་དང་།  དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།  མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་ཚོད་བལྟའི་སློབ་དེབ་སོགས་ཀྱི་རྩོམ་སྒྲིག་བྱ་བར་སྐུ་དངོས་སུ་ཞུགས་པ་བཅས་རང་རེའི་གསོ་རིག་གི་བསྟན་པ་འདི་མི་ཉམས་རྒྱུད་འཛིན་དང་དར་རྒྱས་གོང་འཕེལ་གྱི་སླད་དུ་བསུབ་དཀའ་བའི་མཛད་རྗེས་བཞག་སྟེ། མཐར་ངགུང་ལོ་དོན་དགུ་བ་སྤྱི་ལོ་ 1995 ལོའི་ས་ག་ཟླ་བའི་ཡར་ཚེས་བཅུ་གསུམ་ཉིན་ཧྭ་ལུང་རྫོང་བོད་སྨན་ཁང་གི་རང་སྤྱིལ་ཁང་བུར་གཟུགས་སྐུའི་བཀོད་པ་བསྡུས་སོ།།

དམ་པ་འདིའི་གསུང་རྩོམ་ལ།  མངོན་རྟོགས་རྒྱན་གྱི་འགྲེལ་བ་ཚིག་དོན་གསལ་བའི་སྣང་བ།  མངོན་པ་མཛོད་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར་།  སངས་རྒྱས་ལ་བསྟོད་པ་པདྨ་དཀར་པོ།  ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་བ་པདྨ་དཀར་པོའི་ཕྲེང་བ།   གཏན་ཚིགས་རིག་པའི་སྣང་བ།  འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད་གཞུང་རབ་གསལ་བའི་སྒྲོན་མེ།   ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ་སོགས་དང་།  གསོ་དཔྱད་སྐོར་ནས་རྩའི་ཕྱག་ལེན་དང་། རྩ་བ་ཐུགས་རྒྱུད་ཀྱི་བསྡུས་དོན།  རྩ་བ་ཐུགས་རྒྱུད་ཀྱི་འགྲེལ་བ་བཅས་མང་དུ་བཞུགས་སོ།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་གཉིས་པ་》ནས་ཟུར་འདོན་ཞུས།



 

མཐའ་མའི་འདོན་ཐེངས་།: 19.02.2018 ཉིན། 4:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།