སྨན་རྩིས་དྲ་བ། - ཆེད་རྩོམ།

འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.07.2014
ཆེད་རྩོམ། >>

 

དུས་གཟེར་ཉེར་བཞི་ལས་འཕྲོས་ཏེ་འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་ལ་
ཅུང་ཙམ་དཔྱད་པ་བྱིས་པ་གཞོན་ནུའི་གོམ་འགྲོས།




ཨ་མདོ་ལེགས་བཤད།

           
དེ་ལ་འདིར་གླེང་བར་བྱ་བ་ནི། རང་ཅག་ཁ་བ་རི་པའི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ། གཙུག་ལག་རྩིས་ཀྱི་གཞུང་ལུགས་ལས་འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་སྐོར་ལ་ཅུང་ཙམ་དཔྱད་པ་དེ་ཡིན་ལ། དེ་ཡང་ལོ་འགོ་ཞེས་པ་ཟླ་བ་བཅུ་གཉིས་ཀྱི་དང་བོའམ་དུས་ཀྱི་ཐོག་མ་ལ་གོ་དགོས་པ་ནི། འབྱུང་བ་ཁོང་ཁྲོད་ལེའུ་ལས། ལོ་ཟླ་བས་འཕོ། ཟླ་བ་ཚེས་གྲངས་ཀྱིས་འཕོ། ཚེས་གྲངས་དུས་ཚོད་ཀྱིས་འཕོ། དཔྱིད་ཟླ་ར་བའི་ཚེས་གཅིག་གི་ནམ་ལངས་ནས་ལོ་གསར་བར་རྩིས་ཤིག་ཅེས་གསུངས་ཡོད་པས། ཐོག་མར་དུས་ཚིགས་བཞི་ངོས་ཟིན་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་བླ་ན་མེད་པ་ཞིག་ཡིན་པ་དང་། དེ་ངོས་འཛིན་པ་ལ་ཡང་དུས་གཟེར་ཉེར་བཞིའམ་དབུགས་སྒང་ཉེར་བཞི་ནི་ངེས་པར་དུ་ངོས་ཟིན་དགོས། རྒྱུ་མཚན་ནི་ནམ་མཁའི་གཟའ་སྐར་གྱི་འགྲོས་དང་བསྟུན་ནས་ས་ལ་དུས་བཞི་འབྱུང་བ་དང་། དུས་གཟེར་ཉེར་བཞིས་དེ་དག་གི་ཚུལ་དང་། ལོ་གཅིག་གི་རིང་ཉི་མ་གར་གནས་སོགས་སྟོན་པར་བྱེད་ལ། དེའི་རྐྱེན་གྱིས་ས་ལ་དུས་བཞིའི་འགྱུར་བའང་འཆོལ་མེད་དུ་སྟོན་པས་ན། དུས་བཞི་མི་འགྱུར་གནད་ཀྱི་གཟེར་ཞེས་བྱའོ། །དེས་ན་དུས་གཟེར་ཉེར་བཞི་ལས་དུས་ཚིགས་བཞི་ངོས་འཛིན་དགོས་པའང་ཤེས་པར་བྱའོ། །སྤྱིར་དུས་གཟེར་ཉེར་བཞིའམ་དབུགས་སྒང་ཉེར་བཞི་ཞེས་པའི་དབུགས་དང་སྒང་ནི་ཟླ་བའི་འགོ་ཚུགས་པ་དང་། དཀྱིལ་ལ་སླེབས་པའི་དུས་རྟགས་ཤིག་ལ་གོ་དགོས་ཤིང་། རྒྱ་ནག་སྐད་དུ་དབུགས་ལ་ཅེ་ཆིས་དང་། སྒང་ལ་ཀྲུང་ཆིས་ཟེར་ཞིང་། ཅེ་ནི་ལྷུ་ཚིགས་ཀྱི་ཚིགས་དང་། ཀྲུང་ནི་དབུས་སམ་དཀྱིལ་ཡིན་ལ། ཆིས་ཞེས་པ་གནམ་དྭངས་འཐིབ་དང་དྲོ་འཁྱག་སོགས་གནམ་གཤིས་དང་། དཔྱིད་དབྱར་དགུན་སོགས་ནམ་ཟླ་སྟོན་པས་རང་རེའི་ལོ་ཙཱ་བ་སྔ་མ་ཚོས་དབུགས་སུ་བསྒྱུར་བ་འདིས་ཀྱང་སྐབས་འདིར་གནམ་གཤིས་དང་ནམ་ཟླ་གཉིས་ཀ་ལ་གོ་དགོས་སོ། །ཞེས་<<རྒྱ་རྩིས་གོ་དོ་>>ལས་གསུངས་སོ། །དེས་ན་ཐོག་མར་དུས་གཟེར་ཉེར་བཞི་ངོས་ཟིན་ཚེ་བཤད་བདེ་བས་དེ་དག་རྒྱ་སྐད་དང་བོད་སྐད་ཤན་སྦྱར་ཏེ་ངོས་འཛིན་པར་བྱའོ།།

 

 

༡ སྟག

༢ ཡོས།

༣ འབྲུག

༤ སྦྲུལ།

༥ རྟ།

༦ ལུག

ལིས་

ཁྲུན།

ཡུས་ཞུས།

ཅེན་ཀྲེ

ཁྲུན་

ཕུན།

ཆིན་

མུན།

བོའོ

ཡུའི།

ལིས་

ཤྭ

ཞོའུ་

མན།

མང་ཀྲོང་།

ཞྭ་ཀྲི

ཞོ་ཧོའུ།

ཏྰ་ཧོའུ།

དཔྱིད

ཚུགས།

ཁ་བ

ཆར་ལྡོག

སྲིན་བུ་འགུལ།

དཔྱིད་

མཉམ།

དྭངས་

གསལ།

འབྲུ་

ཆར།

དབྱར

ཚུགས།

བྲི་བ

གང་།

མྱུར་

འདེབས།

དབྱར་ཉི་ལྡོག

ཚ་བ་

ཆུང་།

ཚ་བ་ཆེ།

༣༡༥

༣༣༠

༣༤༥

༡༥

༣༠

༤༥

༦༠

༧༥

༩༠

༡༠༥

༡༢༠

 

༧ སྤྲེལ

༨ བྱ།

༩ ཁྱི།

༡༠ ཕག

༡༡ བྱི་བ།

༡༢ གླང་།

ལིས་

ཁྱོའུ།

ཁྲོ་ཧའོ།

པེའུ་

ལུའུ།

ཁྱོའུ་

ཧུན།

ཧན་

ལོའུ།

ཤོད་

ཀྱང་།

ལིས་

ཏུན།

ཞོ་

ཞོའུ།

ཏྰ་ཞོའོ།

ཏུན་ཏྲི།

ཞོ་ཧན།

ཏྰ་ཧན།

སྟོན་ཚུགས།

བསིལ་འགུག

བད་དཀར།

སྟོན་མཉམ།

བད་ནག

སད་ལྷུང་།

དགུན་ཚུགས།

ཁ་བ་ཆུང་།

ཁ་བ་ཆེ།

དགུན་ཉི་ལྡོག

གྲང་

ངར་ཆུང་།

གྲང་ངར་ཆེ

༡༣༥

༡༥༠

༡༦༥

༡༨༠

༡༩༥

༢༡༠

༢༢༥

༢༤༠

༢༥༥

༢༧༠

༢༨༥

༣༠༠

 

            དེ་དག་ངོས་ཟིན་པ་ལས་སྟོན་དཔྱིད་ཉིན་མཚན་མཉམ་པ་དང་། དབྱར་དགུན་ལྡོག་གཉིས་སོགས་དུས་ཚིགས་བཞི་ངང་གིས་རྟོགས་པ་ཡིན་ནོ། །དེ་དག་ནི་གཟའ་ཉི་དག་སྐར་ཁྱིམ་ལ་སྤྱོད་པའི་འབྲས་བུ་ལས་བྱུང་ཞིང་། སྐར་རྩིས་གཞུང་ལས་རྒྱུ་སྐར་ཆུ་ཚོད་ཆིག་སྟོང་དང་དྲུག་བརྒྱ་ཉི་ཤུར་བགོས་ཡོད་ཅིང་། རྒྱ་རྩིས་ལས་མཐོང་སྣང་ལ་ཉི་མ་གོ་ལར་སྐོར་བ་བྱེད་པ་ཞིག་དང་འདྲ་བར་སྣང་བའི་ལམ་ཐིག་དེ་ལ་སེར་ལམ་ཞེས་བཏགས་ཏེ། སེར་ལམ་ཟླུམ་བོར་འཁྲིལ་བའི་ལམ་ཐིག་དེ་རྟོག་བཟོས་ཆ་སུམ་བརྒྱ་དང་དྲུག་ཅུར་བགོས་ཏེ། ཆ་བཅོ་ལྔ་རེའི་མཚམས་སུ་དབུགས་སྒང་རེ་འཁེལ་བར་བྱས་པ་ན། ཉི་མ་དེ་རྫོགས་པར་བགྲོད་པ་ལ་ལོ་གཅིག་དགོས་པ་ཡིན་ནོ། །དེ་ཡང་སེར་ལམ་གྱི་འགོ་འཛུགས་པའི་ཐིག་གི་སྟེང་དཔྱིད་མཉམ། དེ་ནས་ཆ་དགུ་བཅུའི་སྟེང་དབྱར་ཉི་ལྡོག དེ་ནས་ཆ་བརྒྱ་དང་བརྒྱད་ཅུའི་སྟེང་སྟོན་མཉམ། དེ་ནས་ཆ་ཉིས་བརྒྱ་བདུན་ཅུའི་སྟེང་དགུན་ཉི་ལྡོག་འབྱུང་ཞིང་། དེ་བཞིན་དབུགས་སྒང་ལྷག་མ་རྣམས་ཀྱང་རང་རང་གི་ཆ་གང་ཡིན་པ་དེ་ལ་ནམ་ཡང་དབང་བས་ན། དུས་བཞི་མི་འགྱུར་གནད་ཀྱི་གཟེར་ཞེས་པའང་འདི་ལས་འཕྲོས་པ་ཤེས་ནུས་སོ། །དེས་ན་འདི་དག་ངོས་ཟིན་པ་ལ་བརྟེན་ནས་ད་ནི་སྐབས་སུ་བབ་པའི་ལོ་འགོ་འཛིན་ཚུལ་ལ་དཔྱད་པར་བྱའོ།།

སྤྱིར་ལོ་འགོ་འཛིན་ཚུལ་ཐད་འདྲ་མིན་སྣ་ཚོགས་ཤིག་ཡོད་ན་ཡང་འདིར་འབྱུང་རྩིས་ལོ་འགོ་འཛིན་ཚུལ་ལ་ཅུང་ཙམ་དཔྱད་ན། བོད་ཟླ་བཅུ་གཅིག་པར་འབྱུང་རྩིས་ཀྱི་ལོ་འགོ་བཟུང་བ་དེ་ལ་ལུང་གི་རྒྱབ་བརྟེན་དང་རིག་པའི་སྒྲུབ་བྱེད་མང་བོས་འཚང་ཁ་རྒྱག་པར་མ་ཟད། ཕྱི་རོལ་ཁོར་ཡུག་གི་མཐོང་སྣང་དང་ཡང་མི་མཐུན་པའི་ཚུལ་ནི། དཔེར་ན། ཤིང་སྡོང་ཞིག་ལ་དཔེར་བླངས་ནས་བཤད་ན་ཤིང་ལ་ཆུ་རྒྱུགས་ནས་ལོ་མ་རིམ་གྱིས་འབུས་པའི་དུས་དེ་ལ་དཔྱིད་ཀ་དང་།  དེ་ནས་ཤིང་ལོ་ལྗང་ཁུར་གྱུར་བའི་དུས་དེ་དབྱར་ཁ། དེ་ནས་ལོ་མ་སེར་བོར་གྱུར་བའི་ཚེ་སྟོན་ཀ་དང་། ལོ་མ་ས་ལ་ཟགས་ནས་ཤིང་སྡོང་སྐྱ་ཧྲང་ཧྲང་བྱེད་པའི་དུས་དེ་ལ་དགུན་ཁར་ངོས་འཛིན་དགོས་པ་ནི། རྔ་རྒོད་ནམ་མཁའ་སེང་གེས་མཛད་པའི་<<སྐར་ཡིག་དགོས་འདོད་ཀུན་སྟེར་>>ཞེས་པ་ལས། ཅེས་དང་གསོ་བྱེད་ཕྱི་རྒྱུད་ལས། །ཉི་མ་གར་ལོག་དབྱར་དགུན་འབྲིང་། །ཞེས་དང་དེ་ལས་དཔྱིད་ཟླ་གསུམ། །ཤིང་རྩི་ཁ་འབུས་དུས་དང་ནི། །རྟ་དང་དབོ་དང་ནག་པ་ཡིས། །ནམ་ཚོད་འཛིན་སོགས་གསུངས་པ་དང་། །ཞེས་དཔྱིད་དུས་སུ་ཤིང་རྩི་ཁ་འབུས་པ་སོགས་གསུངས་པ་དང་། དཔྱིད་དུས་ཞེས་པའང་ཟླ་བ་དང་བོའི་དབུགས་ཐོབ་པ་ནས་འཇོག་དགོས་ཏེ། ཟླ་བ་དང་བོའི་དབུགས་ཐོབ་པ་ལ་དཔྱིད་ཟུག་ཅེས་བརྗོད་པ་དང་། ཉིན་དེར་རྒྱས་ས་གླང་བརྟག་པའི་སྲོལ་ཡང་ཡོད་པ་ནི། <<རིག་ལྡན་སྙིང་ཐིག་>>ལས། དེ་ནས་རྒྱ་ནག་ས་གླང་ནི། །བརྟག་པའི་རྩིས་ཀྱི་ཆོ་ག་ལས། །དཔྱིད་དབུགས་གང་ཟིན་དུས་ཚོད་སོགས། །འཁྲུལ་མེད་རྟོགས་པ་མན་ངག་གནད། །ཅེས་པ་ལྟར་རོ། །དེས་ན་དཔྱིད་ཟླ་ར་བ་བཅུ་གཅིག་པར་བཟུང་ན་འཇིག་རྟེན་དངོས་ཡོད་མཐོང་སྣང་གི་དུས་ཚིགས་ཤིག་ཡོད་པ་འདི་དང་ཡང་འགལ་བར་འགྱུར་བའི་ཚུལ་ནི། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་མཛད་པའི་<<བཟོ་དང་གསོ་བ། སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་རྣམ་གྲངས་>>ཞེས་པ་ལས། ནག་རྩིས་ཀྱི་ལོ་འགོ་ཟླ་བ་བཅུ་གཅིག་པ་ནས་འཛིན་ཟེར་ཡང་། དེ་ལྟར་བྱས་ན་འཇིག་རྟེན་གྱི་ལུགས་ལ་མི་མཐུན་ཏེ། དཔྱིད་དུས་དབྱར་དུས། སྟོན་དུས་དགུན་དུས་ཡིན་ཟེར་དགོས་པས་མི་བཟང་། མདོ་སྡེ་གསེར་འོད་སྨན་གྱི་རྒྱུད་ཐམས་ཅད་དང་མཐུན་པ་ཧོར་རྒྱལ་པོའི་ལུགས་ཀྱི་ད་ལྟ་ཡོངས་སུ་གྲགས་པའི་ལུགས་འདི་བཟང་། སྔོན་དུས་ནག་རྩིས་པས་དེ་ལྟར་བཟུང་བ་ཡིན་ནོ། །ཞེས་དང་། ཡང་རྔ་རྒོད་ནམ་མཁའ་སེང་གེས་མཛད་པའི་<<སྐར་ཡིག་དགོས་འདོད་ཀུན་འབྱུང་>>ལས། སློབ་དཔོན་ཀུན་དགའ་དཔལ་བས་ཀྱང་། །ཧོར་ཟླ་དང་བོ་དཔྱིད་ར་སྟག །མཆུ་ཡིས་ཉ་བའི་ཟླ་བ་ལ། །འགྲོ་མགོན་འཕགས་པ་རྒྱ་ཕྲུག་དང་། །ཟུར་མཁར་བློ་གྲོས་རྒྱལ་བོ་སོགས། །རྣམ་མང་མཁས་པའི་བཞེད་པ་དང་། །འཇིག་རྟེན་སྤྱིར་གྲགས་དུས་བཞིའི་གཟེར། །དང་མཐུན་ཧོར་ཟླ་དང་བོ་ནི། །དཔྱིད་ར་སྟག་ཟླ་བྱས་ཏེ་དེའི། །དབུགས་ཐོབ་ཉི་མ་བུམ་ཁྱིམ་ལ། །འཕོ་ཉིན་ཐེ་སེ་རྒྱལ་སོགས་ཀྱི། །བཞོན་པའང་སྤོ་བར་བཞེད་པ་ཡིས། །རྗེས་སུ་འབྲང་སྟེ་དེ་ཡི་ལུགས། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ས་བདག་གནས་རྒྱུའི་འཁོར་ཡིག་དང་། །ཚེས་ཉི་གཟའ་སྐར་འཕྲོད་སྦྱོར་དང་། །དབྱངས་འཆར་བྱེད་པ་བཅུ་གཅིག་དང་། །རྟེན་འབྲེལ་སྤར་སྨེ་དུས་སྦྱོར་དང་། །གནམ་སྒོ་ཟླ་ཞག་ཉི་མ་ནག །པི་ལིང་ཟིན་ཕུང་ཟོར་ཐོགས་སོགས། །ཚེས་རྒྱུའི་ས་བདག་ཇི་སྙེད་ཀྱི། །རྒྱུ་གནས་འབྲས་བཤད་བཅོས་ཐབས་སོགས། །མ་ནོར་གསལ་བར་ལུང་སྟོན་པའི། །སྐར་ཡིག་དགོས་འདོད་ཀུན་སྟེར་དཔལ། །བློ་གསལ་དགའ་བ་བསྐྱེད་པ་ཡི། །བླང་དོར་ཀུན་གསལ་མེ་ལོང་བྲི། །ཞེས་པའི་ལུང་འདིས་ལོ་གསར་རམ་ལོ་འགོ་ཟླ་བ་དང་བོར་འཛིན་པ་ནི་འཇིག་རྟེན་གྱི་གྲགས་པ་དང་མཁས་མང་གི་བཞེད་པ། དུས་གཟེར་ཉེར་བཞི་དང་ཡང་མཐུན་པར་གསུངས་ཡོད་པར་མ་ཚད། ཟླ་བ་བཅུ་གཅིག་པར་ས་བདག་འཕོ་སྟབས་ལོ་འགོ་ཡང་དེ་ནས་འཛིན་དགོས། ཞེས་པའི་བཞེད་ཚུལ་དེ་ཡང་དཔག་ཚད་ཁ་ཤས་སུ་རྒྱང་ཕུད་བཏང་འདུག་པའང་ཤེས་པར་བྱའོ། །ཡང་ན། འབྱུང་རྩིས་རྒྱ་ནག་ནས་དར་བས་ཕྱིའི་གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་འདུག་ཅེས་ནའང་། མ་ཡིན་ཏེ་རྒྱ་ནག་གི་གནམ་གཤིས་ང་རང་ལ་རྒྱུས་ཡོད་པས། ཟླ་བ་བཅུ་གཅིག་པ་དགུན་ཟླ་འབྲིང་བོ་ལས་དཔྱིད་ཟླ་ར་བར་ནམ་ཡང་འཛིན་ཐབས་མེད་པར་མ་ཟད། རྒྱ་ནག་ལ་དགུན་ཉི་ལྡོག་ནས་དགུ་དགུ་གྱ་གཅིག་འདྲེན་ཚུལ་ཡོད་པ་དེས་ཀྱང་ར་འཕྲོད་པ་དང་། དགུན་འདྲེན་ཚུལ་དེ་ནི་སྔོན་མ་ནས་སྤྱི་ཚོགས་ནང་ཧ་ཅང་དར་ཁྱབ་ཆེ་སྟབས། ཁ་སང་དེ་རིང་ཡང་དམངས་ཁྲོད་དུ་ཡིག་རིགས་གཅིག་ཀྱང་མི་ཤེས་མཁན་དེ་ཚོས་ཀྱང་གྲང་ངར་ཆེ་ཆུང་དང་དྲོད་སོགས་ནམ་སླེབས་མིན་དགུ་བགྲངས་ཏེ་ཧ་གོ་བཞིན་པ་དེ་དང་། དགུ་འདྲེན་ཚུལ་ནི། དགུ་དང་བོ་ལ་ས་འགད། དགུ་གཉིས་པ་ལ་རྡོ་འགད། དགུ་གསུམ་པ་ལ་ལྕགས་ཀྱི་ཐུ་ལུམ་འགད། (སྤྱིར་ཐུ་ལུམ་ཞེས་པ་གོང་བུའི་མིང་དང་། སྐབས་འདིར་བྱ་གོ་བའི་སྒོ་ང་ལ་གོ་དགོས། རྒྱུ་མཚན་ནི་གོ་བའི་སྒོ་ང་དེ་ཧ་ཅང་མཁྲེགས་པོ་ཡིན་པས་ཁ་བཀད་པའི་ཚེ་ན་གོ་མས་གཤོག་པ་ཆུ་ལ་གཤེར་ཏེ། དར་ཆགས་ཚེ་སྒོ་ངའི་སྟེང་བཞུས་ནས་བརྡོལ་བར་བྱེད་པས་ན།) དགུ་བཞི་བ་ལ་ཕོ་སྤྱང་གི་གདོང་འགད། (འདིའི་སྐབས་ཀྱི་གདོང་ནི་ཕོ་རྟགས་ལ་གོ་དགོས།) དགུ་ལྔ་བ་ལ་མོ་སྤྱང་གི་ནུ་མ་འགད། དགུ་དྲུག་པར་དྲོད་མེ་སྟག་ཙམ་ཞིག་རི་རབ་ཀྱི་རྩེ་ནས་རྒྱ་མཚོའི་གཏིང་བར་དུ་འགྲོ། དགུ་བདུན་པ་ལ་རྐང་ཐང་རྐང་གི་ལྷམ་ཕུད། དགུ་བརྒྱད་པ་ལ་སྐྱ་མིའི་མགོ་ཡི་ཞྭ་ཕུད་སོགས་ཚང་མའི་ངག་ལ་རྒྱུན་འཇགས་སུ་གནས་ཡོད་པ་དེ་ལ་གཞིགས་ནའང་། དུས་དེ་ནམ་ཟླ་དཔྱིད་ཀར་མི་འགྲོ་བར་མ་ཟད། དགུན་ཁའི་ཡང་སྒང་ངམ་དཀྱིལ་ཞིག་ཡིན་པ་ཤེས་ནུས་པས། ཁྱེད་རང་གིས་རྩིས་མི་ཤེས་མཁན་ཞིག་ལ་ཟླ་བ་བཅུ་གཅིག་པ་དཔྱིད་ཟླ་ར་བ་རེད་ཅེས་སྨྲ་ཚེ། ཁས་ལེན་པ་ཕར་ཞོག་གད་མོ་རི་འདར་བ་ཞིག་དང་ལྷན། ཁྱེད་རང་ཅི་ཡང་མི་ཤེས་མཁན་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་ནི་གོར་མ་ཆགས་ཤིང་། དམིགས་བསལ་གྱིས་དགོས་པའང་མི་མཐོང་ལ། དངོས་ཡོད་དུས་ཚིགས་ཀྱི་འགྱུར་བ་དང་ཡང་གོ་ལྡོག་པའི་ཚུལ་ནི། ཀློང་རྡོལ་བླ་མ་རིན་པོ་ཆེའི་མིང་གི་རྣམ་གྲངས་ལས་གོང་དུ་དྲངས་པ་ལྟར། དེ་ལྟར་བྱས་ན་འཇིག་རྟེན་གྱི་ལུགས་དང་མི་མཐུན་ཏེ། དཔྱིད་དུས་དབྱར་དུས། སྟོན་དུས་དགུན་དུས་ཡིན་ཟེར་དགོས་པས་མི་བཟང་། ཞེས་གསུངས་པ་ལྟར་དུས་ཚིགས་བཞི་འཁྲུགས་ན། དུས་གཟེར་ཉེར་བཞིའམ་དུས་ཚིགས་ཉེར་བཞིས་ལོ་གཅིག་གི་རིང་དྲོད་གྲང་ཆེ་ཆུང་དང་། སོ་ནམ་བྱེད་ལུགས་སྔ་འཕྱི། གནམ་གཤིས་ཀྱི་འགྱུར་ལྡོག་སོགས་བསྟན་པ་ཚང་མ་འཁྲུགས་འགྲོ་བས། ཟླ་བ་དང་བོ་དེ་དཔྱིད་ཟླ་ར་བ་བྱས་ནས་དེའི་ཚེས་གཅིག་ལ་ལོ་འགོ་བཟུང་ཚེ། འཇིག་རྟེན་ཡོངས་གྲགས་དང་རྩིས་ཀྱི་གཞུང་ལུགས་གང་ལ་ཡང་མཐུན་པ་ནི། རྔ་རྒོད་ནམ་མཁའ་སེང་གེས་མཛད་པའི་<<སྐར་ཡིག་བློ་གསལ་དགའ་བསྐྱེད་བླང་དོར་གསལ་བའི་མེ་ལོང་ལས་སྐར་ཁྲ་འབྲས་བཤད་ཅེས་པའི་ལེ་ཚན་>>ཞེས་པ་ལས་བོད་ཟླ་དང་བོའི་ཟླ་བཤད་ནི། ཧོར་ཟླ་དང་བོ། དུས་འཁོར་དཔྱིད་ར། མཆུའི་ཟླ་བ། ཡར་ངོ་སྔོན་འགྲོ། ཧོར་ལུགས་གསོ་བྱེད་མདོ་བྱང་སོགས་ཀྱི་ལོ་འགོ་འཁྲུལ་མེད། ཁམས་དང་སྟག་གྲ་རྒྱས་ངར་སྐད་འདོན་ཞིང་རྒྱུག་པས་སྟག་ཟླ་ཆེ་ཆུང་བལྟ། དབུགས་ཐོབ་ཚེ་ཉི་མ་བུམ་ཁྱིམ་ལ་འཕོ། དེའི་ཉིན་བསད་ལས་འགྲུབ། ས་བདག་ཐེ་སེ་བཞོན་པ་སྤོ། དཔྱིད་འགོ་ཚུགས། ངང་བ་འདམ་ནས་འདོན། རྒྱ་ནག་ས་གླང་བརྟག བདུན་ངན་དགུ་འཛོམས་ཞེས་པ་སོགས་ཚང་མ་ཟླ་བ་དང་བོའི་ནང་ཁེལ་ཡོད་པས། ཟླ་ཐོས་སོགས་འདོན་སྐབས་ཀྱང་གཞུང་འདི་ཉིད་གཞིར་བཟུང་ནས་ཟླ་བཤད་བརྒྱབ་ཚེ། དགུན་དཀྱིལ་ཞིག་ལ་དཔྱིད་ཟླ་ར་བར་ངོས་ཅི་ལྟར་བཟུང་བ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཡང་སྐྱེ་མི་དགོས་ལ། ཕྱི་རོལ་གནམ་གཤིས་ཀྱི་འགྱུར་བ་དང་ཡང་མཐུན་པས་སྐྱོན་མེད་པར་མ་ཟད། དགེ་མཚན་བླ་ན་མེད་པ་ཞིག་ལ་ངོས་འཛིན་བྱེད་ངེས་སོ།།

འདི་ནི་ཕྱི་ལོ་ ༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་པར་བཏབ་པའི་དེབ་ <<བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་གསུང་བཤད་དང་དཔྱད་རྩོམ་ཕྱོགས་བསྒྲིགས།>> ཞེས་པ་ནས་ཟུར་བཏོན་ཞུས་པ་ཡིན།

མཐའ་མའི་འདོན་ཐེངས་།: 07.07.2014 ཉིན། 9:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།