སྨན་རྩིས་དྲ་བ། - ཆེད་རྩོམ།

འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེགས་མ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.11.2015
ཆེད་རྩོམ། >>



འབྱུང་གདོན་གྱི་བཅོས་ཚུལ་རྡོ་རྗེའི་ཟེགས་མ།

- འཇིགས་མེད་མཁྱེན་བརྩེ།

 


ནམབཛྲཔྰཎིཡེ།།

རྒྱལ་ཀུན་ཐུགས་ཀྱི་ཐིལ་ལེའི་ལང་ཚོ་ནི།།

བདེ་ཆེན་སྙིང་རྗེའི་དཔྱིད་དང་རོ་གཅིག་པས།།

ཁ་སྦྱོར་ཡན་ལག་བདུན་གྱི་མཚན་དཔེ་ཅན།།

གསང་བ་འཛིན་པའི་བདག་ཉིད་སྙིང་དབུས་རོལ།།

 

ཆེས་ཆེར་སྙིགས་མར་གྱུར་པའི་དུས་འདི་རུ།།

མི་བཟད་འབྱུང་པོའི་ཁ་རླངས་གཡོས་པ་ཡིས།།

ལུས་ཅན་སྒོ་གསུམ་ལ་འཁྱུད་སྡུག་བསྔལ་ཁུར།།

དབུགས་འབྱིན་འབབ་སྟེགས་གསར་བ་དེང་འདིར་སྦྱིན།།

 


དེ་ལ་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་བཞི།།


རྒྱུ་རྐྱེན།

རྒྱུ་རྐྱེན་མི་དགེའི་ལས་ལ་བག་མེད་སྤྱོད།། གྲོགས་མེད་གདོན་ཅན་གནས་སུ་གཅིག་པུར་བསྡད།། ནུས་མེད་བཞིན་དུ་འབྱུང་པོར་མཐོ་མཚམས་དང་།། མཆོད་འོས་ཆག་དང་ལུས་ངག་ཡིད་མཚམས་འདས།། མྱ་ངན་དྲག་པོས་གདུང་སོགས་རྐྱེན་ལས་འབྱུང་།།


དབྱེ་བ།

དབྱེ་བ་ལྷ་ཀླུ་ལྷ་མིན་དྲི་ཟ་དང་།། གནོད་སྦྱིན་ཚངས་པ་སྲིན་པོ་ཤ་ཟ་དང་།། ཡི་དྭགས་གྲུལ་བུམ་བྱད་སྟེམས་གཡེངས་བྱེད་དང་།། རོ་ལངས་མཚུན་ལྷ་བླ་མ་དྲང་སྲོང་རྒན།། གྲུབ་པ་ཞེས་བྱའི་གདོན་ཆེན་བཅོ་བརྒྱད་དུ།། གསུངས་ཀྱང་ལྔ་བརྒྱ་ཐ་མའི་དུས་འདི་རུ།། ཕལ་ཆེར་རྒྱལ་འགོང་དམ་སྲི་བཙན་གྲི་བོས།། གནོད་པ་མང་ཕྱིར་དེ་ཡི་གཉེན་པོ་གཅེས།།


རྟགས།

མངོན་རྟགས་སྤྱི་རུ་ལུས་ངག་ཡིད་ཀྱི་ལས།། སྔར་ལས་འགྱུར་ཞིང་སེམས་འཕྱོ་སྙིང་མི་དགའ།། འགའ་ཞིག་འཇིགས་སྐྲག་དངངས་དང་ཤེས་པ་འཁྲུལ།། ཚབས་ཆེ་དབང་མེད་རང་སྲོག་གཅོད་པ་ཡོད།། བྱེ་བྲག་མཚན་ཉིད་སྒོ་གསུམ་སྤྱོད་ཡུལ་ཀུན།། གང་གིས་འཚེ་ ལྷ་གདོན་སཾསྐྲྀཏ་ཡི་སྐད་སྨྲ་བྱ་ཞིང་བྱད་སྔར་བས་མཛེས་པ་དང་། གཙང་སྦྲ་ཆེ་བ་སོགས་ཐ་དད་དོ་ བ་དེ་ཡི་རྗེས་སུ་འགྲོ།།


བཅོས་ཐབས།

དེ་དག་དང་པོ་མི་འབྱུང་སྲུང་བ་དང་།། བར་དུ་བཅོས་ཐབས་ཐ་མ་རྗེས་གཅོད་དོ།། དང་པོ་ཚད་མེད་སྙིང་རྗེས་རྒྱུད་བརླན་ཞིང་།། སྒོ་གསུམ་ལྷ་སྔགས་ཆོས་སྐུར་རོ་གཅིག་ན།། མི་ཤིགས་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར།། འོན་ཀྱང་རྫས་ཀྱི་སྲུང་བ་ག་བུར་དང་།། བཟང་དྲུག་གླ་རྩི་ཤིང་ཀུན་ཤུ་དག་ནག། གུ་གུལ་ལ་སོགས་དྲི་ལྡན་སྨན་སྣ་དང་།། བ་བླ་ལྡོང་རོས་མུ་ཟི་བྱ་རྒོད་སྤོས།། ས་རྡོ་སྔོ་སྨན་དྲི་ཅན་ཐམས་ཅད་དང་།། བསེ་དྲི་ཅན་དང་བཤུལ་ཆགས་ཤ་རྣམས་དང་།། བྱ་གཅན་ར་ལུག་ལ་སོགས་སེམས་ཅན་གྱི།། སྤྲུ་བྲུན་ཆུ་དང་སེན་མོ་མཁྲིས་པ་དང་།། སྦལ་སྦྲུལ་ཉ་དང་ལྕོང་མོ་ལ་སོགས་ཤ། འབྲ་སྣ་དུག་སྣ་ཁྲག་སྣ་ཀུན་བསགས་ལ།། ཞིབ་ཏུ་བཏགས་ལ་རིལ་བུར་དྲིལ་བྱས་ཏེ།། དུ་བས་བདུག་དང་ཁུ་བ་བཀུ་བ་དང་།། ཁོང་དུ་བཏང་བས་འབྱུང་པོའི་གདོན་ཀུན་འབྱེར།། སྟེང་གདོན་འོག་གདོན་ཀུན་དང་རིམས་རྣམས་ རྒྱུད་ལས་བྱུང་ ཐུབ།། ཡང་ན་མུ་ཟི་གུ་གུལ་གླ་རྩི་ནག། སྨན་ཆེན་མཁན་དམར་སྤྲུ་བའི་རྩ་བ་དང་།། ཤིང་ཀུན་སྒོག་གཅིག་སྤྱང་ཚེར་ཁྲག་སྣ་གསུམ།། སྤྱང་དུག་ཐལ་ཆེན་ཡུངས་ཀར་རྨ་བྱའི་མདོངས།། ཉུངས་ནག་སྐེ་ཚེ་གཅན་གཟན་མཆེ་སྡེར་དང་།། ཤ་གསུམ་རྭ་གཉིས་དྲི་ཆུས་རིལ་བུ་དྲིལ།། དབང་ཆེན་འབར་བའི་སྔགས་ཀྱིས་ངར་བཏབ་སྟེ།། བཟའ་བྱུགས་བདུག་དང་འཆང་བས་གདོན་ཚོགས་ཀུན།། བསྲུང་ཞིང་འཇོམས་བྱེད་རྡོ་རྗེ་ཅན་དང་མཚུངས།། གཞན་ཡང་ནག་པོ་དགུ་ཡི་སྦྱོར་བ་ཉིད།། ལྷ་སྔགས་གནད་དང་ལྡན་ན་ངེས་པར་ཐུབ།། ཁྱད་པར་གྲོ་ག་ཤོག་བུ་གང་རུང་ལ།། གསེར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བ་རུ།། ཉི་ཟླའི་དཀྱིལ་འཁོར་དབུས་སུ་ཧྲྰིཿཡིག་མཐར།། མུ་ཁྱུད་ཟླུམ་པོ་རིམ་བཞིན་བསྐོར་བའི་ནང་།། གཟུངས་སྔགས་ ཨོཾ་གུརུ་བཻཌྰུརྱ་སམུདྒཏེ་སྭྰཧྰ། འཆང་བ་པོ་ལ་ནད་གདོན་སྲུངས་ཤིག་རཀྵ་རཀྵ་སྭྰཧྰ༔ སྤེལ་ཚིག་བཅས་པ་གཡས་བསྐོར་དང་།། དབྱངས་གསལ་རྟེན་སྙིང་རྡོ་རྭ་མེ་རི་བྲི།། ཁྱུང་ལྔ་རྡོ་རྗེ་གསུམ་དང་བཟང་པོ་དྲུག། གུ་གུལ་ག་བུར་ཤིང་ཀུན་བ་བླ་བྱུག། བྱིན་བརླབས་རྟེན་འབྲེལ་སྙིང་པོས་རབ་གནས་བྱ།། མི་ལག་མི་བརྒྱུད་མགུལ་དུ་གདགས་པ་ཡིས།། ནད་རིགས་ཀུན་དང་མ་རུང་འབྱུང་པོའི་གདོན།། སྲུང་བྱེད་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་ཡིན།། གང་ཞིག་ནད་གདོན་སྲུངས་སོགས་དགོས་དོན་དམིགས་བསལ་ཡོད་ན་དེ་དག་བྲི། གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ།། མན་ངག་ཟབ་མོ་གཞན་ལྟར་རིག་པས་འཕྲུལ།།


བར་དུ་བཅོས་ཐབས་སྨན་སྔགས་ཟས་སྤྱོད་བཞི།། ཐོག་མར་བྱ་ཀྲི་སྤང་སྤོས་ཤུ་དག་ནག། རྨ་བྱའི་སྒྲོ་དང་སྦྲུལ་ལྤགས་བྱི་ལའི་བྲུན།། སྲན་ཕུབ་ཆ་མཉམ་སྦྱར་བའི་དུ་བས་བདུག། ཡང་ན་བཙན་དུག་ཐལ་ཆེན་དྲི་ལྡན་གཉིས།། སྤྲུ་ནག་བྱི་ཀུ་མུ་ཟི་ཀྰ་ལ་དང་།། ལྷོག་དུག་སྦྱར་བའི་ཕྱེ་མ་ལོ་བརྒྱད་ཆུས།། རིལ་བུར་དྲིལ་བ་བྱིན་ཟས་འཁྱུད་པ་ལས།། སྟེང་འོག་གྲིབ་གདོན་འབྱུང་པོ་མྱུར་དུ་འབྱེར།། ག་བུར་གླ་རྩི་ཤིང་ཀུན་ཤུ་དག་ནག། མུ་ཟི་སྒོག་སྐྱ་མཁན་པ་སྤྲུ་བ་ནག། མི་ཤ་རྒོད་སྤོས་རྟ་བོང་བྱི་ལའི་བྲུན།། ཨར་ནག་པདྨའི་མེ་ཏོག་བུངས་ཆེར་བསྐྱེད།། ཞིབ་བཏགས་ལོ་བརྒྱད་ཨེ་ཀྲོས་རིལ་བུ་དྲིལ།། ཁོང་དུ་བཏང་དང་བདུག་པས་ནད་གདོན་འཇོམས།། ཁྱད་པར་ནུས་ལྡན་རྣམ་སྣང་མ་གི་ཏ།། བྲུན་གཉིས་ཚིལ་ཆེན་གུ་གུལ་འོ་མ་འཛིན།། ཆུ་རྩ་སྟག་ཤ་གཞོབ་གཉིས་ནག་པོ་གསུམ།། རྒྱ་ཚྭ་ཤིང་ཀུན་རེ་ལྕག་རྩ་བ་བཅས།། ཞིབ་བཏགས་རྫས་ཆེན་བཅོ་བརྒྱད་སྦྱོར་བ་སྟེ།། ཕྱི་ན་བྱུག་བདུད་དྲི་ཆུས་ཁོང་དུ་ཕུལ།། གསོ་དང་སྲུང་དང་ཕྱིར་མི་ལྡོག་པའི་མཆོག། གཞན་ཡང་ཨ་གར་ནག་པོ་ཤིང་ཀུན་དང་།། སྙིང་ཞོ་བཟང་དྲུག་ཙན་དན་དཀར་དམར་གཉིས།། སྒྲོན་ཤིང་གླ་སྒང་ནྰ་ག་གེ་སེར་དང་།། ཨུཏྤལ་སྒ་སྐྱ་ཤུ་དག་བོང་ང་དམར།། སྤང་སྤོས་རུ་རྟ་བྲེ་ག་བོང་དཀར་དང་།། བདུད་རྩི་ཆོས་སྨན་བུར་སྨུག་རིལ་བུར་དྲིལ།། དགོངས་དང་ཐོ་རངས་མྱོས་བྱེད་ཁུ་བས་ཕུལ།། མཆོག་ཏུ་ཟབ་པ་པཉྩ་པཀྵིའི་སྟེང་།། བཟང་དྲུག་གེ་སར་སྙིང་ཞོ་ཁ་རུ་ཚ།། ཨར་ནག་ཡུངས་ཀར་ཐལ་ཆེན་ཟི་ར་གཉིས།། ཤ་ཁྲག་ཙིཏྟ་མིང་ཅན་དྲི་ལྡན་གསུམ།། དམར་གསུམ་གསང་སྨན་ཁ་བསྒྱུར་ཐ་དད་ཅན།། ལོ་བརྒྱད་མི་བསྐྱོད་པ་ཡི་རིལ་བུར་དྲིལ།། ལག་ལེན་མན་ངག་གནད་དང་ལྡན་པ་ན།། ས་སྟེང་འདི་ཡི་གྲིབ་གདོན་འབྱུང་པོའི་རིགས།། སྦྱོར་བ་འདི་ཡིས་མི་སེལ་ག་ལ་སྲིད།། དེ་ཕྱིར་མཆོག་ཏུ་གསང་བའི་མན་ངག་གོ། གཞན་ཡང་བསམ་འཕེལ་སྦྱོར་བ་ཆེ་ཆུང་དང་།། ཨ་གར་ཉི་ཤུ་ལ་སོགས་སྐབས་བསྟུན་སྦྱར།། ཙན་དན་གུར་གུམ་སུག་སྨེལ་འབྲས་བུ་གསུམ།། གནྡྷ་པཏྲ་དུག་ཉུང་སྤུ་ཤེལ་རྩེ།། ཡུངས་ཀར་རྒྱ་ཚ་ཤུག་པ་པྲི་ཡང་ཀུ།། དབྱི་མོང་རུ་རྟ་ཧོང་ལེན་བོང་ང་དཀར།། སྤང་མ་ལྡོང་རོས་གཅིན་དྲུག་མར་རྙིང་ལ།། སྦྱར་བ་ཁུས་འདེབས་སྨན་མར་ཞེས་བྱ་སྟེ།། བཟང་བྱུག་སྣར་བླུགས་གདོན་ལས་མྱུར་དུ་གྲོལ།། གུ་གུལ་སྤྲུ་ནག་བ་བླ་སྤྱང་བྲུན་དང་།། ཚིལ་ཆེན་ཤ་ཆེན་རྭ་གཞོབ་ཤུ་དག་ནག། རྨ་བྱའི་ཁྲག་བཅས་ནུས་ལྡན་མི་བསྐྱོད་པས།། རིལ་བུར་དྲིལ་ཞིང་ཕག་ཚིལ་སྦྱར་བ་བྱུག། འབྱུང་པོ་སྤྱི་དང་སྟེང་འོག་གདོན་ཀུན་འཇོམས།།


སྔགས་ཀྱིས་བཅོས་པ་སྤྱི་དང་བྱེ་བྲག་གཉིས།། དང་པོ་རྒྱ་ཤོག་གཙང་མར་རྒྱ་སྣག་གིས།། ཡིག་འབྲུ་ ཀྲྴྠུྨྣྱ འདི་བྲིས་ལྟོ་སྟོང་བཏང་བ་ཡིས།། གདོན་རིགས་ཐམས་ཅད་ཞི་ཞིང་རླག་པར་བྱེད།། ཡང་ན་སྔགས་བྷཿ ནཿ དྷཿ ནཿ ཀུཿ དྷཿ ནཿ ཡཿ དྷཿ ནཿ འདི་དག་པར་བྲིས་པ་ལ།། ཐ་དད་རྗས་ཀྱིས་བྱུག་སྟེ་དུས་སུ་བཟའ།། ཚེ་རིང་སྡེ་བརྒྱད་འབྱུང་པོ་གསོ་དང་བསྲུང་།། གཞན་ཡང་ཡིག་རྒོད་འདི་ཉིད་ཐ་བྲིས་པའམ།། ཟ་ཡིག་འདི་ ཧྨྷྶྦ ཨྷོཾ གཉིས་གང་རུང་སྲོད་འཁོར་དུས།། བསྟེན་པས་སྡེ་བརྒྱད་འབྱུང་པོའི་གདོན་ཀུན་འཇོམས།།


བྱེ་བྲག་རྒྱལ་འགོང་གདོན་པར་གསང་སྔགས་ བྷགཔཎཤགཔཎགུགཔཎལགཔཎ འདི།། ལེགས་པར་བྲིས་ཏེ་གཤམ་ནས་དྲིལ་ལ་བཏང་།། དེ་བཞིན་རྒྱ་ཤོག་གཙང་མར་རྒྱ་སྣག་གིས།། ཨོཾ་ཕྲ་མོ་མྰ་ར་ཡ་ཕཊ འདི་བྲིས་གཤམ་དྲིལ་ཟོས་པས་བཙན་གནོད་ཐུབ།། ཡང་ན་ཡིག་རྒོད་ ཀཾ་ འདི་མིད་གོང་དང་མཚུངས།། གྲེ་བོར་ ཉྨྙོ འདི་ཉིད་བྲིས་ཏེ་ཟོས་པས་ཞི།། གྲེ་མོར་སྔགས་འབྲུ་འདི་གསུམ་བ་བྲིས་ཏེ་ཟ།། ཀུན་ལ་ལྷ་བསྐྱེད་སྔགས་ རྟ་མགྲིན་སོགས་རང་རང་གཉེན་པོ་ བཟླས་རབ་གནས་བྱ།། གཞན་ཡང་རང་རང་བསྲུང་དང་གསོ་བའི་ཚོགས།། དཔག་ཏུ་མེད་ཕྱིར་དེ་དག་གཞན་ནས་གསལ།། བླ་མ་དགོངས་པ་འདུས་པའི་ལས་བྱང་གི་ཡན་ལག་སོགས་ལས་མང་དུ་འབྱུང་ངོ་།། མཆོད་སྦྱིན་ལ་སོགས་བསོད་ནམས་བསགས་པ་དང་།། བསྐྲད་གཟིར་བསྲེག་མནན་ལ་སོགས་དྲག་པོ་དང་།། མདོས་གཏོར་སྦྱིན་སོགས་ཞི་བའི་ཆོ་ག་བཏང་།། ཀུན་གྱིས་སེལ་དཀའ་པདྨེ་དམར་ཁྲ་ནི།། ཉེར་གཅིག་ནག་པོ་གསུམ་དང་རྒྱ་ཚ་རྣམས།། ལུག་རིལ་ཙམ་དང་སྡིག་སྲིན་མཚལ་དཀར་དང་།། ཉི་དགའི་འབྲས་བུ་ཧ་ཤིག་ཐུན་རེ་མཉམ།། དུར་བྱིད་མཐེབ་ཙམ་དན་རོག་རྡོག་པོ་ལྔ་།། ཨ་རུ་མཆུ་སྙུང་བཅུ་དགུ་ཐར་ནུ་ཡི།། ཁཎྜ་མཐེབ་ཙམ་རེ་ལྕག་དེ་དང་མཚུངས།། ཆུ་རྩ་ཞོ་གཅིག་སྒ་ཏིག་ཁྱོར་བ་གང་།། ལྕུམ་དཀར་རྩ་བ་མཐེབ་ཚིགས་ཙམ་པ་གཉིས།། དེ་རྣམས་ཞིབ་བཏགས་ནུས་ལྡན་ཨེ་ཀྲོ་ཡིས།། ཁཎྜར་ལེགས་བསྡུས་དེ་སྟེང་ཨར་ནག་དང་།། ཆུ་སེར་སྨན་གསུམ་སྤྲུ་བ་ཤུ་དག་ནག། རྟ་བོན་མུ་ཟི་སྡོམ་སྡིག་སྦུར་བ་ནག། སྦལ་ཉའི་ཤ་དང་དངུལ་ཆུ་ཁྲག་སྣ་ལྔ།། སྒོག་གཅིག་ཤིང་ཀུན་རུ་རྟ་གླ་བའི་རྩི།། གསེར་མདོག་ཆོས་སྨན་བྱ་མོ་ཁྱི་སྤྱང་དང་།། ཕག་བྲུན་རུས་སྦལ་པིར་ཤ་གཟའ་དུག་པ།། ཀླུ་བདུད་ཉ་ཁྲབ་སྟག་ཤ་རྒྱ་ཚིལ་དང་།། གཞོབ་ལྔ་རྨོངས་ཁའི་སྦྲེ་གསུམ་ནལ་བུ་དང་།། སྲེ་མོང་བྱ་རྒོད་པུ་ཤུད་སྐྱེ་བདུན་ནམ།། གྲུབ་པ་ཐོབ་པའི་གདུང་རྣམས་རྩི་བཞིན་བཏགས།། ཆང་ཞིམ་དག་གིས་རིལ་བུ་སྲན་སྦོས་ཙམ།། རབ་གནས་སྔགས་ཀྱིས་ངར་བཏབ་དགོངས་དུས་སུ།། གཡེར་ལྕམ་ཐང་གིས་རྩ་ཁ་དབྱེ་བྱས་ཏེ།། ཐོ་རངས་ལྔ་བདུན་དགུ་སོགས་སྟོབས་སྦྱར་བཏང་།། སྔོན་དངོས་ལས་ལྔ་སྤྱི་དང་མཐུན་པར་སྤྱད།། དེ་ཡིས་གདོན་བྱེར་བགེགས་འདུལ་ནད་ཀུན་བཅོམ།། ཁ་ཟས་བསིལ་དང་རྩུབ་པའི་རིགས་རྣམས་དང་།། ཁྱད་པར་གྲིབ་གདོན་བསྐྱེད་པའི་ཟས་ཀུན་ གདོན་ཅན་གྱི་ས་ནས་ཁྱེར་བའི་ཤ་ཆང་སོགས་ སྤངས།། ཡང་ཞིང་འཇུ་སླ་དྲོད་བཅུད་ལྡན་པ་བསྟེན།། ཞུན་མར་བཟའ་དང་བྱུག་ཅིང་རླུང་གསང་མཉེ།། སྤྱོད་ལམ་གྲོགས་མེད་ཉམ་ངར་སྡོད་པ་དང་།། སྨྲ་མང་མྱ་ངན་འཇིགས་སྔངས་འུར་ཟིང་སྒྲ།། ཁྱད་པར་སློང་རྐྱེན་གང་ཡིན་རྟག་ཏུ་བསྡམས།། དབེན་ཞིང་ཉམས་དགའ་མི་མཐུན་བྲལ་བའི་སར།། ཡིད་འོང་གྲོགས་བསྟེན་སྙན་པའི་ཚིག་གིས་ཁྲིད།། རིགས་སྔགས་སྤྱི་དང་རྨ་བྱ་ཆེན་མོ་སོགས།། ཁྱད་པར་གདོན་གང་ཡིན་པའི་གཉེན་པོ་བཟླ།། དེ་ཡི་མི་བཟད་གདུག་པའི་གདོན་ལས་གྲོལ།།


རྗེས་གཅོད་མཚོག་གསང་སྡུད་སྒོ་དྲུག་བདུན་དང་།། དཀར་ནག་མཚམས་རྣམས་བསྲེགས་ཅིང་ཙཀྲ་གདགས།། གཞན་ཡང་ཨ་ཝ་དྷུ་ཏྰིའི་འོག་རོལ་གྱི།། ཡིད་ཀྱི་རྩ་ལ་གདོན་ཞུགས་ལམ་བཀག་པས།། རྣམ་ཤེས་སྨྱོ་བྱེད་ནད་འབྱུང་དེ་ཉིད་ལས།། ཐོག་མར་བདུད་རྩི་ལྔ་དང་ཏིལ་མར་གྱིས།། བསྐུ་མཉེ་བྱ་ཞིང་བཙན་དུག་སྨན་མར་རམ་ སྙིང་འཕྱོའི་སྐབས་སུ་བཤད་པའི།། འབྲས་གསུམ་མར་སྟེང་ཞོ་ཤ་རྒོད་སྤོས་དང་།། རི་བོང་ཙིཏྟ་ཁ་ཚར་གདབ་པ་བཟའ།། ཁྱུང་སྟེང་ཛྰ་གུལ་ཤིང་ཀུན་ཨ་གར་ནག། སྤོས་དཀར་རི་སྙིང་སྦྱར་བའི་རིལ་བུ་བསྟེན།། ཟས་སྤྱོད་རྗེས་གཅོད་གོང་དང་རིག་པས་འཕྲུལ།། བྱེ་བྲག་རླུང་གྱུར་ཨ་གར་སྦྱོར་བ་བསྟེན།། ཨན་སྟོང་དཀར་ནག་མཚམས་བསྲེགས་མཁྲིས་ཤས་ཆེ།། སྙིང་རྩ་གཏར་ཞིང་ཏིག་ཏའི་སྨན་མར་སྦྱར།། བད་གྱུར་སྐྱུག་བྱ་མེ་ཡིས་རང་གསང་བསྡམས་ཚིགས་པ་གསུམ་པ་སོགས།། འདུས་པར་དེ་ཀུན་ལྡན་པས་བཅོས་པར་བྱ།། མྱ་ངན་ལས་བྱུང་མཐུན་པས་ཡིད་གསོ་ཞིང་།། དུག་ལས་གྱུར་པ་དེ་ཡི་གསོ་ཐབས་ དཔའ་བོ་སེར་པོ་བོང་ང་དཀར་དམར་རྩད་རེ་རལ་ལུང་པ་རྣམས་དྲི་ཆུས་རིལ་བུ་སྦྱར་ཞེས་རྒྱུད་ལས་འབྱུང་ སྦྱར།། གདོན་གྱུར་བྱུག་བདུག་རིལ་བུ་སྔར་བཞིན་ འབྱུང་གདོན་སྐབས་སུ་བཤད་ལྟར་ བསྟེན།། དེ་བཞིན་བརྗེད་བྱེད་སྙིང་འདར་མགོ་འཁོར་ཞིང་།། ནད་ལངས་དུས་སུ་འགྱེལ་དང་ལྦུ་བ་སྐྱུག། རྐང་ལག་གཡབ་ཅིང་མུན་པར་ཞུགས་སྙམ་སེམས།། དེ་ལ་ནི་རུ་ཧ་དང་སྣ་བཤལ་བཏང་།། འུག་པ་བྱ་རོག་བྱ་རྒོད་གཟུགས་མོ་སྤྲུལ།། ཁྱི་སྤྲེ་རྟ་ཡི་ཆུ་སྒོ་བྲུན་དུད་བདུག། བ་སེར་མཁྲིས་ཁུ་སྦྱར་བའི་སྣ་སྨན་བླུགས།། ཤུ་དག་རུ་རྟ་མར་རྙིང་སྦྲང་སྦྱར་བྱིན།། འབོག་ཡུན་རིང་ན་སོར་མོ་ཉི་ཤུ་བསྲེགས།། དཔྱད་དང་རྗེས་གཅོད་གོང་བཞིན་རིག་པས་འཕྲུལ།། གཞན་ཡང་འབོག་གྲབས་དུས་སུ་རྐང་མཐེབ་ཉིད།། སྐུད་པས་བཅིངས་ཏེ་བཟུང་བས་འབོག་འཕྲོ་བཅད།། ཚབས་ཆེ་ཙིཏྟ་རྣམ་གཉིས་ཆང་གིས་ཕུལ།། དེ་རྗེས་ཨ་གར་བརྒྱད་པའི་ཕྱེ་མ་བསྟེན།། ལྐུག་ན་གསང་བའི་སྨན་མཆོག་མིད་པས་འབྱེད།། གཞན་ཡང་ནད་གང་ཤས་ཆེའི་གཉེན་པོ་བསྟེན།། ཁྱད་པར་ཟས་གོས་ལ་སོགས་འགོ་གྲིབ་རིགས།། བསྲུང་དང་གསོ་བའི་རིམ་པ་འདི་ལྟར་བྱ།། ཐོག་མར་གྲོ་གའམ་ནི་ཤོག་བུ་ལ།། མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར་བ་ཡི།། ལྟེ་བར་སྔགས་ཨོཾཨིསཙཏྲཡ། ཏོརཡཏོརཡསྭྰཧྰ། འདི་ཚེག་མེད་དབུ་ཅན་བྲི།། དེ་རྒྱབ་མུ་ཁྱུད་འདབ་བརྒྱད་སྔགས་ཨུཏྲམིཊཡཏོརཡཏོརཡ། མོནཊཀྲོདྷཡཨཀཏྲོཏཡཏོར། ཨབྷུཀྲོ དྷཡ། ཨུཊ ཤཊཡ། ཨེལིངཨེཊཡ། ལམོནཊཡ། ཨསནིཔིསནནཏྲཡརཡཏོརཡསྭྰཧྰ འདི་བཀོད།། དེ་རྒྱབ་རིམ་པར་ཨ་ལི་ཀ་ལི་དང་།། རྟེན་འབྲེལ་སྙིང་པོ་མེ་རིའི་འཁོར་བར་འབྲི།། ག་བུར་བབཟང་དྲུག་བྱུག་ཅིང་ལྟེ་བ་རུ།། ཟུར་ཡང་མ་ཉམས་ཆུ་ཤེལ་བཅས་པ་གཞུག། ཡེ་ཤེས་ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ བསྐྱེད་ཅིང་སྤྱན་དྲངས་རབ་ཏུ་གནས།། བྱ་རྒོད་སྡེར་མོ་གྲུམ་པའི་སྤུ་དང་ནི།། དར་དམར་གྱིས་དྲིལ་དྲོད་དང་མ་བྲལ་འཆང་།། འདིས་ནི་གྲིབ་གདོན་རིགས་ཀུན་ངེས་པར་ཐུབ།། རྟེན་འབྲེལ་རྫས་ཀྱི་སྒོ་ནས་གསོ་བ་ནི།། གཙོ་བོ་གསང་བའི་སྨན་ཅིག་ཐུན་ཅིག་ལ།། བཟང་དྲུག་ཙནྡན་དཀར་པོ་ཨ་གར་དང་།། གི་ཝཾ་སྤོས་གཉིས་ཟི་ར་གུ་གུལ་གཉིས།། ཤུ་དག་དཀར་པོ་བཅས་ཏེ་ལེགས་སྦྱར་ཏེ།། བ་མར་འོ་མས་རིལ་བུ་དྲིལ་བ་ཉིད།། བཟའ་བྱུག་བདུག་པས་སྙིང་འཐིབ་བྱིང་རྨུག་སེལ།། གཞན་ཡང་དེང་དུས་ཕན་ཚུན་མ་འཚམས་པར།། ནུས་ཅན་ཀུན་གྱིས་རིག་སྔགས་སྦྱོར་བ་ཡིས།། སྒོ་གསུམ་བཅིངས་ནས་ཚུལ་མིན་སྤྱོད་པ་དང་།། སྡུག་བསྔལ་ཚོར་བ་དྲག་པོ་གཟིར་བ་ཉིད།། སྲུང་བའི་གདམས་པ་རྫས་དང་ཟ་ཡིག་གཉིས།། དང་པོ་རྨ་བྱ་བྱ་རོག་སྒྲོ་གཉིས་དང་།། སྟག་ཤ་ཙིཏྟ་བཅས་པ་མགུལ་དུ་གདགས།། ཡང་ན་མུ་ཟི་ལྡོང་རོས་རེ་ལྕག་པ།། རྟ་བོན་ཟི་ར་གུལ་ནག་པིཥ་དང་།། ཐར་ནུབརྒྱད་པོ་དར་དཀར་ནང་དུ་བསྟུམ།། སྤྱི་བོར་བཅིངས་ངམ་ཡང་ན་མགུལ་དུ་འདོགས།། དེ་བཞིན་ཡུངས་དཀར་ཀེ་ཤངས་དུག་ཁྲག་སོགས།། སྤྲེའུ་རི་བོང་ཏེ་ལོ་ནེ་ཙོའི་སྙིང་།། ཐལ་ཆན་སྦྱང་བ་དྲི་ཆུས་རིལ་བུ་དྲིལ།། སྔགས་ཀྱིས་ངར་བཏགས་དཔྲལ་བར་ཐིག་ལེ་བྱ།། གྲི་ལྕགས་སོར་གདུབ་རྗས་དང་སྔགས་ཀྱི་ངར།། གདགས་ཏེ་སྲིན་ལག་ལ་བཅིངས་ངེས་པར་ཐུབ།། གཞན་ཡང་ཙཀྲ་ཟ་ཡིག་ལ་སོགས་པ།། མང་དུ་མཆིས་མདོ་དེ་དག་གཞན་དུ་གསལ།། ཡང་ཅིག་དེང་སང་རྒྱལ་བཙན་གཟེར་དང་ནི།། ཁྱབ་འཇུག་མིག་ཟུར་དག་གིས་མཐོང་བ་ཡིས།། དྲན་མེད་བརྒྱལ་ཅིང་དབང་པོ་མ་ལུས་འཆོར།། དེ་རྣམས་མ་ཡིན་ཀླད་དཀྱིལ་མིར་ཁི་ཞེས།། འབུ་གནས་དེ་ཉིད་སྔོན་གྱི་ལས་དང་ནི།། འཕྲལ་བྱུང་གདོན་རྐྱེན་དག་གིས་འགུལ་བ་ལས།། དྲན་མེད་བརྒྱལ་ནས་སྤྱོད་ཡུལ་མ་ལུས་འཆོར།། དེ་ལ་སྲུང་དང་གསོ་བའི་རིམ་པ་གཉིས།། དང་པོ་སྔར་བཤད་དགོན་སྲུང་རིགས་དང་ནི།། ཁྱད་པར་རྒྱ་ཤོག་དག་ལ་རྒྱ་སྣག་གི།། འདི་ཉིད་  ཨོཾམཧྲིངཧྲིཁྱིམསསུསྭྰཧྰ བྲིས་ཏེ་ཐོ་རངས་དུས་སུ་བཟའ།། གསོ་བའི་ཐབས་ལ་གཏི་མུག་འཁོར་ལོ་དང་།། དེ་ཡི་བདུད་རྩི་ཝ་ར་སྐད་ཆེན་གྱིས།། དྲི་ཆུར་ཞིབ་བཏགས་སྣ་སྨན་མང་དུ་བཏང་།། འབུ་བྲལ་ཤི་རྟགས་སྣ་ནས་ཁྲག་རྒྱུན་འབབས།། ཡང་ན་མོད་ཀྱིས་འཚེ་ཡང་སྲིད་པ་ཡིན།། རྗེས་སུ་འཚོགས་གསང་སྨིན་མཚམས་སྡུད་སྒོ་བཞིར།། མེ་བཙའ་གདབ་བམ་ལྕགས་ཀྱི་ཏེལ་པས་སྲུངས།། དེ་ལྟར་ཟབ་རྒྱས་ས་སྲུང་དབང་པོ་སྟེ།། འཇོ་སྒེག་གཡོ་བའི་རྒྱུད་དོན་ལྷ་དབང་གིས།། མན་ངག་རྡོ་རྗེའི་རྩེ་བརྒྱ་གདེངས་པ་ཡིས།། འབྱུང་གདོན་ལྷ་མིན་མངལ་ཁུར་མངོན་པར་འཆིངས།། ཚུལ་འདི་ཚད་མེད་སྙིང་རྗེའི་ཟླ་གཞོན་གྱིས།། གཞན་ཕན་ཀུནྡའི་ལང་ཚོ་དར་བ་ལས།། ལེགས་འོང་ཕན་བདེ་སྦྲང་རྩིའི་དོག་པ་ཡིས།། འགྲོ་ཀུན་འཕྲལ་ཡུན་ཐར་བའི་གསོས་སྦྱིན་ཤོག། ཁྱད་པར་ལུང་རྟོགས་ཨུཏྤལ་གཞོན་ནུའི་གཟུགས།། ཆེས་ཆེར་མཚར་སྡུག་རྫོགས་པའི་རྣམ་འདྲེན་མཆོག། བསྐལ་པར་མི་ཤིགས་བཅུད་ལེན་གྲུབ་པ་ཡིས།། དོན་གཉིས་དགའ་སྟོན་གསར་པ་སྤྲོ་གྱུར་ཅིག།


            ཞེས་འབྱུང་གདོན་སྨྱོ་བརྗེད་སོགས་ཀྱི་བཅོས་ཚུལ་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་སྐྱེས་སྦྱོང་གི་སྤོབས་པ་ཤིན་ཏུ་དམན་པའི་གྱི་ན་པ་འཇིགས་མེད་མཁྱེན་བརྩེས་སྦྱར་བའོ།། སརྦསམྟཤྲྰིམངྒལཾཀུརྦནྟུ།། །།





མཐའ་མའི་འདོན་ཐེངས་།: 02.11.2015 ཉིན། 10:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།