སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

- བྱམས་པ་འཕྲིན་ལས།
 

            འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི། མདོ་ཁམས་སྡེ་དགེའི་མངའ་ཁུལ་དགེ་བའི་གཏེར་ཀླུང་། དིལ་མགོ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་དྲུག་(སྤྱི་ལོ1820)ལོར་སྐུ་འཁྲུངས།
 

            དགུང་ཕྲེང་བརྒྱད་ལ་ཕེབས་དུས་ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་འབྲི་ཀློག་གིས་མཚོན་པའི་ཤེས་བྱའི་གནས་མཐའ་དག་ལ་གསན་སྦྱོང་གི་འགོ་ཚུགས། ཞེ་ཆེན་མཧཱ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ་དང་། འཚོ་བྱེད་ཚེ་དབང་། སྡེ་དགེའི་བླ་སྨན་པ་ཆོས་གྲགས་རྒྱ་མཚོ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཆོག་རྣམས་དང་། ཡང་སྒོས་གསོ་རིག་རྒྱུད་བཞི་ཆ་ལག་དང་བཅས་པ་རྣམས་ཀྱིས་གཙོས་བོད་གངས་ཅན་གྱི་ལྗོངས་སུ་གྲགས་ཆེ་བའི་སྨན་གཞུང་ཕལ་ཆེ་བའི་བཤད་པ་དང་། ལག་ལེན་མན་ངག་རིགས་རྣམས་ཞིབ་ཁྲིད་ཐོབ། དེ་ལ་བརྟེན་ནས་རིན་པོ་ཆེ་དང་། དངུལ་ཆུ་བཙོ་བཀྲུའི་སྦྱོར་བ་སོགས་མྱོང་བ་ཟབ་ཁྱད་ཅན་མང་པོ་ཁྱབ་སྤེལ་གནང་སྟེ་སྐྱེ་འགྲོ་ཀུན་ལ་ཕན་པ་དང་བདེ་བའི་དཔལ་ཡོན་འཛད་མེད་དུ་བསྩལ་བས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཞེས་པའི་སྙན་གྲགས་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ་མཛེས་པ་འདི་བྱུང་།
 

            དམ་པ་འདིའི་གསུང་གི་མཛད་པའི་སྐོར་ལ།   《མཁྱེན་བརྩེ་བཀའ་འབུམ་》ཞེས་ངོ་མཚར་ཕུལ་དུ་བྱུང་བ་འདིའི་དཀར་ཆག་ཐ་པར་གསོ་རིག་སྐོར་གྱི་བཀའ་རྩོམ་གྲངས་ལས་འདས་པ་ཞིག་ཡོད་ཅིང་། དཔེར་ན་《གསོ་རིག་རྒྱུད་བཞིའི་བསྡུས་དོན་སྙིང་པོ་》དང་། 《སྨན་སྦྱོར་ཉེར་མཁོ་སྣ་ཚོགས།》 《སྨན་གྱི་ངོས་འཛིན་ལས་འཕྲོས་པའི་དོགས་སེལ་ཕྲན་བུ།》 《ཉམས་ཡིག་སྣ་ཚོགས》 《མན་ངག་ཉེར་མཁོ་སྣ་ཚོགས།》 གཞན་ཡང་《སྲོག་རླུང་གི་བཅོས་ཕན་བདེའི་དོ་ཤལ།》དང་། ཁྲག་རླུང་སྟོད་འཚངས་ཀྱི་བཅོས་ཚུལ་ངོ་མཚར་སྲོག་སྟེར། རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ་སོགས་ཟིན་བྲིས་རྗེད་བྱང་ལ་བཏབ་པ་དེ་རྣམས་ལེགས་བཤད་རྨད་དུ་བྱུང་བ་འབའ་ཞིག་ལ་བརྟེན་སྔར་ནས་བཟུང་རང་ཅག་འཚོ་བྱེད་ཀུན་གྱི་སྙིང་ནོར་དམ་པར་གྱུར།
 

            རྗེས་སུ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་སྡེ་དགེ་དང་། རྫོང་གསར་བཀྲ་ཤིས་ལྷ་རྩེ་གཉིས་ལ་མདོ་སྔགས་རིག་གནས་སྤྱི་དང་། དེ་འབྲེལ་གསོ་རིག་འཆད་ཉན་གྱི་བཤད་གྲྭ་འཛུགས་པར་མཛད་ནས་བརྒྱུད་འཛིན་མཁས་པའི་དབང་པོ་ཟམ་མི་ཆད་པ་ཆུ་ཡི་གཉེར་མ་ལྟར་བྱུང་། དེའི་ནང་གྲགས་ཆེ་བ་གཙོ་བོ་ས་སྐྱའི་ཁྲི་ཆེན་གོང་མ་ཕྱོགས་གླང་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཇམ་དབྱངས་བློ་གཏེར་དབང་པོ་ཞེས་པ་སོགས་ཡིན། སྤྱིར་ན་ཁོང་རྣམ་པས་གྲུབ་མཐའ་རིས་མེད་ཀྱི་བསྟན་པའི་བྱ་བར་སྲི་ཞུ་རྣམ་དག་མཛད་པ་དང་ཆབས་ཅིག་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་གྱི་ཆེད་དང་། ནད་པ་མང་པོའི་ལུས་སེམས་ཟུག་རྔུའི་སྡུག་བསྔལ་སྣ་ཚོགས་ལས་སྐྱོབ་ཕྱིར་སློབ་དཔོན་གོང་མའི་རྣམ་ཐར་ཇི་ལྟ་བར་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་བའི་ཚུལ་ནི་ཞིབ་རྒྱས་བརྗོད་པའི་ཡུལ་ལས་འགོངས། དེ་ལྟར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་འགྲོ་འོང་བདུན་ཅུ་དོན་གསུམ་ལ་ཕེབས་པའི་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ཉིན་འདིར་སྣང་གི་མཛད་པ་མཐར་ཕྱིན་ནས་གཟུགས་སྐུའི་བཀོད་པ་བསྡུས་པ་བཅས་སོ།། །།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 06.11.2017 ཉིན། 9:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།