སྨན་རྩིས་དྲ་བ། - ཆེད་རྩོམ།

འཆི་རིམ་དང་སྨན་པ་སོགས་ཀྱི་བྱ་གཞག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.09.2015
ཆེད་རྩོམ། >>



འཆི་རིམ་དང་སྨན་པ་སོགས་ཀྱི་བྱ་གཞག

༄༅། །ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢ ཉིན་ལྡི་ལིར་སྲོག་གཅོད་ནད་ཀྱི་ཟིན་པའི་ནད་པ་དང༌། འཆི་འགྲོ་བའི་ནད་པར་སྨན་བཅོས་ཀྱི་ཆ་ཤས་ཇི་ལྟར་ལེན་དགོས་མིན་སྐོར་གྱི་བགྲོ་གླེང་ཚོགས་འདུར་སྨན་རམས་པ་པདྨ་རྡོ་རྗེའི་གཏམ་བཤད་ཀྱི་མ་ཕྱི།

 

 

 

 

༡། ནད་མེད་པའི་གོ་དོན།

ལུས་འདིའི་ཉེས་པ་རླུང་ལྔ་དང༌། མཁྲིས་པ་ལྔ། བད་ཀན་ལྔ། ལུས་ཟུངས་བདུན། དྲི་མ་གསུམ་བཅས་ཉི་ཤུ་རྩ་ལྔ་པོ་དེ་ཀུན་ཁ་ཟས་ཀྱི་རོ་དང་ནུས་པ་དང་སྤྱོད་ལམ་རྣམ་པ་གསུམ་པོ་དམན་ལྷག་ལོག་པ་དང་བྲལ་བས་ཉེར་ལྔ་པོ་དེ་དག་ཐམས་ཅད་རང་རང་གི་ལྡང་ཚད་བཞིན་ཆ་མཉམ་པར་གནས་པར་བྱེད་ལ། དེ་རྣམས་མཉམ་པས་ལུས་ཀྱི་སྟོབས་དང༌། གཟི་མདངས། ཚེ་རྣམས་འཕེལ་བར་འགྱུར་རོ།། རྣམ་པར་མ་གྱུར་པའི་ལུས་མི་ན་བར་གནས་ཤིང༌། ཟས་སྤྱོད་ཚུལ་བཞིན་དུ་བསྟེན་པའི་མི་ན་བ་ཡུན་རིང་དུ་གནས་པར་བྱ་བས་སྒྱུ་རྩལ་དང་རིགས་ལུང་སོགས་བྱེད་པ་དང༌། ཚེ་རིང་བར་བྱེད། འབྲས་བུ་ནི་གནས་སྐབས་ལྷ་མིའི་ཆོས་ལུགས་ཀུན་ཤེས་པ། ཟང་ཟིང་དང་འཕགས་པའི་ནོར་གྱིས་ཕྱུག་པ་སོགས་ཚེ་འདིར་སྐྱིད་པ་དང༌། མཐར་ཐུག་བླ་མེད་གི་གོ་འཕང་ཐོབ་པ། འདི་དང་གཏན་གྱི་བདེ་བ་ཕུན་སུམ་ཚོགས་པ་ངང་གིས་འབྱུང་བ་བདེ་བའི་འབྲས་བུ། མཐོ་རིས་དང་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་ཐོབ་འགྱུར་གྱི་དོན་ཡིན་པས་དེ་ལྟར་འབྲས་བུ་གསུམ་ནི་དངོས་སུ་ནད་མེད་ཐ་མལ་དུ་གནས་པ་རྣམས་ལ་གསུངས་ཤིང༌། ཤུགས་བསྟན་དུ་ལུས་མི་ན་བར་ཡུན་རིང་དུ་གནས་པར་བྱེད་པ་པོའི་སྨན་པ་རྣམས་ལའང་གྲུབ་པ་ཡིན་ནོ།།

 

 

༢། འཆི་བར་ངེས་པའི་ནད་པ།

སེམས་ཅན་གཅིག་གི་ཚེ་ཟད་ན། སངས་རྒྱས་སྟོང་གི་མཐུ་རྡུགས། ཞེས་པ་ལྟར་འཆི་བའི་དུས་བྱེད་པ་ལས་གཞན་དུ་ཐབས་ཡོད་པ་མ་ཡིན། ཉེ་བ་དང་ཤིན་ཏུ་ཉེ་བའི་འཆི་ལྟས་སྣང་བ་དང༌། རྩ་རྒྱུད་དུ། འཚོ་བ་གསུམ་ཟད་འདུ་བ་གཤེད་དུ་བབས།། ཞེས་སོགས་གསུངས་པའི་སྲོག་གཅོད་ཀྱི་ནད་དགུ་པོ་གང་ཡང་རུང་བས་ནད་པ་དེའི་ལུས་ལ་དམ་དུ་བཟུང་བ་རྣམས་སངས་རྒྱས་སྟོང་གི་ཐུགས་རྗེས་ཀྱང་འཚོ་བའི་ཐབས་སུ་འགྱུར་བ་མ་ཡིན་པས་སྤང་བར་བྱའོ།། བརྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་ལས་འབྲས་མི་དགེ་བ་ཤིན་ཏུ་སྟོབས་ཆེ་བའི་ཚེ་ཟད་པའམ་མིན་ཀྱང་ངེས་པར་སྲོག་འཕྲོག་པའི་ཕྱིར་གཞན་དབང་སྔོན་གྱི་ལས་ནད་ཅེས་ཚེ་འདོར་བར་དུས་ལ་བབས་པའི་ནད་ཡིན་པས་གཉེན་པོ་ཐོག་ཏུ་ཁེལ་བའི་བཅོས་ཀྱིས་མི་ཐུབ་སྟེ་འཆི་ནད་ཡིན་པས་ན། ཙ་ར་ཀ་ལས་ཀྱང་སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གསོ་བའི་སྦྱོར་བ་ལ་འཇུག་ཏུ་ཟིན་ཀྱང༌། གསོར་མི་རུང་བ་ལ་འཚོ་བ་མ་ཡིན་ནོ།། གསུངས་པ་ལྟར། དེ་ཡང་བསྡུ་ན་སྲོག་གཅོད་ཀྱི་ནད་དགུར་འདུས་པ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་ཏེ། །ཞེས་དང༌། གཞན་ཡང་མདོ་སྡེ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོགས་གསུངས་པ་ལྟར། རྒྱུ་རྐྱེན་འཛོམས་ཞིང་དུས་ལ་བབས་ན་འབྲས་བུ་འབྱུང་ལ། སྨིན་ལུགས་ཀྱང་ལས་གཞིར་བཞག་ནས་ངེས་པའི་ལས་དང༌། མ་ངེས་པའི་ལས་གཉིས་ཡོད་པ་ལས་དང་པོ་ལ་མཛོད་ལས། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་གྱུར་ལ་སོགས་ངེས་རྣམ་གསུམ། །ཞེས་མཐོང་ཆོས་ཚེ་འདི་ལ་རྣམ་སྨིན་མྱོང་བར་ངེས་པ། ཕྱི་མ་མྱོང་བ། སྐྱེས་ནས་མྱོང་འགྱུར། ཕྱི་མ་ཕན་ཆད་ལ་མྱོང་བ། ལན་གྲངས་གཞན་ལ་མྱོང་འགྱུར་ཏེ་དེ་གསུམ་རྣམ་སྨིན་མྱོང་ངེས་དང་ལས་གང་ཞིག་རྐྱེན་དང་འཕྲད་ན་འབྲས་བུ་འབྱིན་ལ་མ་ཕྲད་ན་མི་འབྱིན་པ་དེ་མ་ངེས་པའི་ལས་ཡིན་ནོ། །དེས་ན་འདི་སྐབས་ཀྱང་དེ་དག་གང་རུང་དུ་འདུ་ལ། དེ་ཡང་ངོ་བོ་འཕེན་རྫོགས་གཉིས་སུ་ཕྱེ་བའི་རྫོགས་བྱེད་ཀྱི་ལས་སུ་བསྡུ་བར་རིགས་ཏེ། ལས་འབྲས་གསལ་བའི་མེ་ལོང་ལས་ཀྱང་རྟག་པར། སྡིག་པའི་ལས་བསགས་ཀྱང༌། །འཆི་ཚེ་དགེ་བའི་མཚམས་སྦྱར་ནས། །འཕེན་བྱེད་དགེ་བས་འཕངས་པའི་ཕྱིར། །བདེ་འགྲོར་སྐྱེས་ཀྱང་རྫོགས་བྱེད་ལས། །སྡིག་པས་ནད་མང་དབུལ་པོ་སོགས། །རྟག་པར་སྡུག་བསྔལ་གྱིས་གཟིར་འགྱུར། །ཞེས་དང་རིག་པའི་དབང་ཕྱུག་གིས། མ་བརྗེད་པར་ཡང་འདོད་པ་ནི། །ཤུགས་ལས་རྟོགས་པར་གྱུར་པ་ཡིན། །ཞེས་པ་ལྟར། གཞན་དབང་སྔོན་ལས་མ་ཡིན་པའི་གཞན་གསུམ་ཀྱང་ལས་ཡིན་པར་གོ་བས་རྟོགས་ལ་དེ་དག་ཀྱང་གཞན་དབང་སྔོན་གྱི་ལས་རྒྱུ་གཙོ་ཆེ་བ་ངེས་པའི་ལས་ཡིན་ལ། གཞན་གསུམ་པོ་རྐྱེན་གཙོ་ཆེ་བ་མ་ངེས་པའི་ལས་ཡིན་དེ་དག་ཀྱང་སྨིན་ལུགས་དབང་གིས་ཕྱོགས་འདིར་བཞིར་དབྱེ་ཡོད།


 

འབྲས་བུ་སྲོག་གཅོད་ཀྱི་ནད་དགུ།

རང་གི་ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་ལས་ཀྱི་ལྷག་མ་བསོད་ནམས་ཀྱི་མཐུ་གསུམ་པོ་གང་རུང་ཟད་པའི་མི་དེ་ནི་ངེས་པར་འཆི་བ། ནད་ཚ་གྲང་གང་ཡིན་ལ་དེ་གའི་གྲོགས་ཀྱི་ཟས་སྤྱོད་སྨན་དཔྱད་བསྟེན་པ་ནི་སྦྱོར་བ་མཚུངས་པ། གཉན་པའི་གནད་རྣམས་སུ་མཚོན་ཕོག་པ་ནི་གནད་དུ་བབས་པ། དུས་འདས་ཞེས་པ་གསལ་བྱེད་ཀྱི་སྒྲ་དེ་ཚ་གྲང་གཉིས་ཀའི་ཁྱབ་བྱེད་ཀྱི་རླུང་གི་ནད་བཅོས་པའི་སྲོག་གི་རྟེན་དབུ་མའི་རླུང་གི་རྒྱུན་ཆད་པ།

ཚ་བའི་ནད་བཅོས་པའི་དུས་ལས་འདས་པས་ཚ་བ་ལ་འདས་པ། གྲང་ནད་ཀྱང་དུས་ལས་ཡོལ་བས་གྲང་བ་གཏིང་འཁར་བ། དེ་ལྟ་བུའི་ནད་དུས་ལས་འདས་པ་མ་ཡིན་ཡང་ལུས་ཟུངས་ཀྱིས་སྨན་དཔྱད་མི་ཐུབ་པ། འབྱུང་པོའི་གདོན་མ་རུང་པས་རྣམ་པར་འཚེ་བས་བླ་ཚེ་ཕྲོགས་པ་བཅས་རྣམ་པར་གྱུར་པ་ནད་ཀྱི་འབྲས་བུ་སྲོག་གཅོད་པ་འབའ་ཞིག་གི་ནད་དགུ་ཞེས་བྱ་བར་བཤད། དེ་ཡང་ཅུང་ཡོངས་གཏད་ཀྱི་ལེའུ་ནས་རྒྱས་པར་བཤད་ན། བརྒྱ་དང་རྩ་གཅིག་ཅེས་བཞི་ཆ་གཅིག་ནི་ལས་འབྲས་མི་དགེ་བ་ཤིན་ཏུ་སྟོབས་ཆེ་བའི་ཚེ་ཟད་པའམ་མིན་ཀྱང་ངེས་པར་སྲོག་འཕྲོག་པའི་ཕྱིར། གཞན་དབང་སྔོན་གྱི་ལས་ནད་ཅེས་ཚེ་འདོར་བར་དུས་ལ་བབས་པའི་ནད་ཡིན་པས། གཉེན་པོ་ཐོག་ཏུ་ཁེལ་བའི་བཅོས་ཀྱིས་ཀྱང་མི་ཐུབ་སྟེ་འཆི་ནད་ཡིན་པས་ན། ཙ་ར་ཀ་ལས་ཀྱང་སྨན་པ་ཤིན་ཏུ་མཁས་པ་དག་ཀྱང་ནད་པ་ལ་ཡོངས་སུ་རྟོག་ཅིང་གསོ་བའི་སྦྱོར་བ་ལ་འཇུག་ཏུ་ཟིན་ཀྱང་གསོར་མི་རུང་བ་ལ་འཚོ་བ་མ་ཡིན་ནོ།། གསུངས་པ་ལྟར། དེ་ཡང་བསྡུ་ན་སྲོག་གཅོད་ཀྱི་ནད་དགུར་འདུས་པ་ཡིན་ཏེ། གང་ཞེ་ན། ཚ་བ་ལ་བཅོས་དུས་ལས་འདས་པ་དང་མ་འདས་གཉིས་ནི་དཔེར་ན་མེ་ལོང་ཐབ་ཏུ་བཅུག་པ་དང་འདྲ་སྟེ། དེ་ཉིད་མ་ཞུ་དུས་ན་ཆུས་མེ་བསད་དེ་ཞུ་མི་ནུས་ལ་བཞུ་ཟིན་ནས་ཆུ་དེས་མེ་བསད་ཀྱང་མི་བཟློག་པ་བཞིན་ནོ།། གྲང་བ་བཅོས་འཕྱིས་པ་གཏིང་ནས་འཁར་བ་དང༌། མ་འཁར་བ་གཉིས་ནི། དཔེར་ན། ལྡུམ་བུ་གསར་པ་དང་ནི་སྡོང་རྒན་འདྲ་སྟེ་དང་པོ་ལྡུམ་བུའི་དུས་སུ་ཚོས་སླ་ཡང་གཉིས་པ་སྡོང་རྒན་གྱི་དུས་སུ་ཚོས་པར་མི་འགྱུར་བ་བཞིན་ནོ།། རླུང་ནད་བཅོས་འཕྱིས་པ་སྲོག་རྟེན་དབུ་མའི་ནང་གི་རླུང་གི་རྒྱུ་བ་ཆད་པ་དང་མ་ཆད་གཉིས་ནི། དཔེར་ན། རྐོན་པ་སྟེ་ཆང་སྣོད་རྫ་མའི་དོན་ལ་བཞེད་ནའང་དོན་རྒྱའི་ནང་གི་བྱ་དང་འདྲ་སྟེ། མ་ཤོར་ན་ཟིན་ལ་ཤོར་ན་སླར་ཟིན་ཐབས་མེད་པ་བཞིན་ནོ།། ཟུངས་ཟད་པའི་ནད་ལ་དེ་ཉིད་ཀྱི་སྲོག་ཀྱང་གནས་པ་ཡིན་ཏེ་ནད་དེ་བཅོམས་པར་གྱུར་ན་སྲོག་ཀྱང་ལྷན་ཅིག་ཏུ་འཇིག་པའི་ཕྱིར། དཔེར་ན། རྨང་གི་མ་ཐུབ་པར་དེ་སྟེང་རྩིག་པ་བརྩིག་པ་དང་འདྲ་སྟེ་སྟེང་དུ་བཅོས་པས་སྟེང་འོག་གཉིས་ཀ་འཇིག་པ་བཞིན་ནོ།། རྣམ་པར་གནོད་ཅིང་འཚེ་བར་བྱེད་པའི་གདོན་གྱིས་བླ་ཁྱེར་བ་ནི་ལྟར་སྣང་ལ་འཚོ་བ་འདྲ་ཡང་ངེས་པར་འཆི་བ་ཡིན་ཏེ་དཔེར་ན་མཚོན་སོགས་ཀྱིས་རྒྱུ་མ་ཕུག་པའི་མི་དང་འདྲའོ།། ཁམས་འཚོ་བའི་རྒྱུ་ཚེའི་འཕེན་པ་དང༌། སྔོན་བསགས་ཀྱི་ལས་ཀྱི་ལྷག་མ་དང༌། བསོད་ནམས་ཀྱི་མཐུ་གསུམ་ག་ཟད་པ་ནི་ནད་ལས་གྲོལ་ཀྱང་རྩ་ཆད་ཅིང་ལུས་སྟོབས་ཤོར་བ་སོགས་འབྱུང་བ་ལྔ་འགག་པའི་ཕྱིར་ན། དཔེར་ན་ནམ་མཇུག་ཆད་པའི་ཆར་པ་ཡང་རིམ་གྱིས་ཆད་འགྲོ་བ་དང་འདྲའོ།། ནང་གི་འདུ་བ་གཤེད་དུ་བབས་པ་ནི་ཚ་བ་དང་གྲང་བ་གཉིས་ཀ་ནད་པ་གཅིག་ལ་འདོམས་པས་ཚ་གྲང་གཉིས་པོ་གཅིག་བཅོས་ན་གཅིག་སྐྱེས་པས་གཉེན་པོ་ཀུན་མི་ལེན་པ་སྟེ། དཔེར་ན་རང་ཐག་རྦད་ཆོད་ཀྱི་མི་ལ་གྲོས་འདེབས་པ་དང་འདྲའོ།། སྦྱོར་བ་མཚུངས་པ་ནི་ཚ་བའི་ནད་ལ་སྨན་དཔྱད་ཟས་སྤྱོད་དྲོད་དུ་སོང་བ་ལྟ་བུ་རྒྱུ་རྐྱེན་དང་གཉེན་པོ་གོ་ལོག་པས་གང་བཅོས་ཀྱང་ནད་ཀྱི་གཉེན་པོར་མི་འགྲོ་བར་གྲོགས་ཀྱི་ཐོག་ཏུ་འབབ་པ་སྟེ་དཔེར་ན་དུག་གིས་ཟིན་པའི་མི་ལ་སླར་བཙན་དུག་བླུད་པ་དང་འདྲ་བའོ།། གནད་དུ་བབས་པ་ནི་ཤིན་ཏུ་གཉན་པའི་དམིགས་སུ་མཚོན་ཕོགས་པ་སོགས་ཀྱིས་སྲོག་གི་གནས་བཅོམ་པ་དང་མཚུངས་ཏེ་སྲོག་རྩ་ཆད་པ་དེ་སླར་མཐུད་པ་སོགས་ཀྱི་བཅོས་ཐབས་ཅི་ལ་རྙེད་དེ་དཔེར་ན་ཆུ་དང་བྲག་གི་གྲས་ཁ་ས་ཡུལ་བཙན་པོའི་རྫོང་དགྲ་ལ་ཤོར་བ་དང་འདྲ་བ། ཟླ་ཟེར་ལས་ཀྱང༌། ནད་པ་གང་ཡན་ལག་བཅུ་དྲུག་དང་ལྡན་པས་གསོ་བྱེད་ཀྱི་འབྱོར་བ་སོགས་མ་ཚང་དུ་ཟིན་ཀྱང་ནད་མེད་ཅིང་བདེ་བར་འགྱུར་བ་ཡོད་མོད་ཀྱིས་འོན་ཀྱང་ནད་མེད་པའི་འདམ་དུ་བྱིང་བ་ལ་ནི་ལག་ནས་འདྲེན་ཅིང་སློང་བའི་ཐབས་སྨན་ཁོ་ན་ཡིན་ནོ།། ཡང་ཡན་ལག་བཅུ་དྲུག་གི་ཕུན་སུམ་ཚོགས་པ་ནི་ཀུན་དང་ལྡན་པས་གསོས་སུ་ཟིན་ན་ཡང་འཆི་བར་འགྱུར་བ་དག་སྣང་ངོ་ཞེས་སྨྲ་བ་དེ་ཡང་དེ་ལྟ་མ་ཡིན་ཏེ། གསོ་ཐབས་ནི་སྨན་གྱིས་གསོར་མི་རུང་བའི་ནད་ལ་ཡང་སྨན་དེ་དག་གསོ་བའི་ཐབས་མིན་པར་འགྱུར་བ་ཡོད་མེད། གལ་ཏེ་དེ་ལྟ་བུའི་ནད་པ་གསོ་བའི་ཐབས་ཡན་ལག་བཅུ་དྲུག་ཕུན་སུམ་ཚོགས་པ་དང་ལྡན་ཞིང་ནད་པ་བློ་དང་ལྡན་པ་ལ་གསོ་བའི་དཔྱད་གནས་སུ་ཟིན་ཀྱང་གསོ་བ་མ་གྲུབ་པར་གྱུར་བ་འདི་ནི་སྔོན་གྱི་ལས་ཀྱི་ཉེས་པས་ཚེ་ཟད་པ་ལ་སོགས་པའི་དབང་གིས་མ་གྲུབ་པ་ཡོད་ན་ཡང་ཡན་ལག་བཅུ་དྲུག་དང་ལྡན་པའི་གསོ་བ་ནི་མེད་པ་མིན་ནོ། འོན་ཀྱང་དུས་མིན་པར་འཆི་བ་ལ་སོགས་པ་ནི་རིག་བྱེད་སོགས་བསྟན་བཅོས་ཀྱི་གྲུབ་པའི་མཐའ་ཀུན་ཏུ་ངེས་པར་གྲགས་པ་ཡིན་པས་ན་དེ་ནི་སྦྱིན་སྲེག་དང༌། དཀའ་ཐུབ་དང༌། སྡོམ་པ་ལ་སོགས་པ་འབད་པ་ཆེན་པོ་དག་གིས་ཀྱང་ནི་གསོ་བའི་བསྟན་བཅོས་ལྟར་མ་གྲུབ་ན། གཞུང་ལུགས་གཞན་གྱིས་ཇི་ལྟར་བྱས་ཀྱང་བཟློག་པར་མི་ནུས་སོ།།

 

 

༣། འཆི་བ་ཤིན་ཏུ་ཉེ་བའི་ལྟས།

ཤིན་ཏུ་ཉེ་བའི་འཆི་ལྟས་ལ་འབྱུང་བ་རྣམ་པ་ལྔ་ཐིམ་པའི་ཚུལ་དང༌། དབང་པོ་ལྔ་པོ་རིམ་པས་ཐིམ་པའི་ཚུལ་གཉིས་ཏེ་དེ་ལ་དང་པོ་འབྱུང་བ་ལྔའི་རང་བཞིན་ཅན་གྱི་ལུས་འདི་ཉིད་འཆི་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་ས་ཆུ་མེ་རླུང་ནམ་མཁའ་རྣམས་རིམ་པས་སྔ་མ་སྔ་མ་དག་ཕྱི་མ་ཕྱི་མ་ལ་ཐིམ་པར་འགྱུར་ཏེ་དེ་ཡང་སའི་ནུས་པ་ཆུ་ལ་ཐིམ་པའི་རྟགས་སུ་གཟུགས་ཀྱི་རྣམ་པ་ཕྲ་རགས་རྣམས་མི་མཐོང་ཞིང༌། དེ་བཞིན་དུ་ཆུའི་ནུས་པ་མེ་ལ་ཐིམ་པའི་རྟགས་སུ་བུ་ག་སྒོ་དགུ་ལ་སོགས་པ་རྣམས་རྣམ་པར་འགྱུར་ལ། མེའི་ནུས་པ་དེ་ཡང་རླུང་གི་རང་བཞིན་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་རྣམས་སྡུད་པ་དང༌། རླུང་ནུས་དེ་ཡང་ནམ་མཁའ་ལ་ཐིམ་པའི་རྟགས་སུ་ཕྱི་དབུགས་ཀྱི་འབྱུང་བ་ཆད་པར་འགྱུར་བ་ཡིན་ནོ།། གཉིས་པ་འབྱུང་བ་ལྔས་བསྐྱེད་པའི་དབང་པོ་ལྔ་པོ་འདི་ཡང་ཐིམ་པའི་ཚུལ་སྔ་མ་དང་མཚུངས་པར་འགྱུར་སྟེ། ཇི་ལྟར་ཞེ་ན་གཟུགས་དེ་ཡང་སྒྲའི་རང་བཞིན་ལ་དབྱེར་མེད་དུ་ཐིམ་པར་འགྱུར་བའི་ཚུལ་དང༌། དེ་བཞིན་དུ་རྣ་བའི་དབང་པོ་ཉམས་པར་གྱུར་པས་སྒྲ་མི་གསལ་ཞིང༌། སྒྲ་དེ་ཡང་དྲི་ལ་ཐིམ་པར་འགྱུར་ལ་སྣའི་དབང་པོ་ཉམས་པར་གྱུར་པས་ནི་དྲི་མི་གསལ་ཞིང་དྲི་དེ་ཡང་རོ་ལ་ཐིམ་པར་འགྱུར་བ་དང༌། ལྕེའི་དབང་པོ་ཉམས་པར་གྱུར་པས་ནི་རོ་མི་གསལ་ཞིང༌། རོ་དེ་ཡང་རེག་བྱ་ལ་ཐིམ་པར་འགྱུར་བ་དང༌། ལུས་ཀྱི་དབང་པོ་ཉམས་པར་འགྱུར་པས་ནི་རེག་བྱ་མི་ཚོར་ཏེ། མཐར་སྲོག་གི་རླུང་ཉིད་ལ་ཐིམས་པ་དང༌། དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ནས་སྲིད་པ་གཞན་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ།།

རྒྱུད་སྡེ་རིན་པོ་ཆེ་རྣམ་ལས། རྩ་རླུང་ཐིག་ལེ་སྡུད་རིམ་གྱི་སྒོ་ནས་འཆི་ལྟས་གསལ་བར་བྱེད་པ་དང༌། འབྱུང་བ་ལྔ་ཐིམ་པའི་ཚུལ་ཤིན་ཏུ་རྒྱས་པར་ཡོད་ནའང་དེ་དག་ཕལ་ཆེར་ལོ་བརྒྱ་ཐུབ་པའི་དབང་དུ་བྱས་ནས་ལོ་གསུམ་ཕྱོགས་གསུམ་གྱི་འཆི་ལྟས་གཙོ་བོར་མཛད་པ་ཡིན་ལ། འདིར་ཤས་ཆེར་ནད་པའི་དབང་དུ་བྱས་པ་ཡིན་པས་སྡུད་རིམ་རྣམས་གོ་རིམ་བཞིན་མི་འབྱུང་སྟེ། རྣ་བའི་སྒྲ་དོར་ཞག་དྲུག་སྟེ། །ལྕེ་ཡི་རོ་དོར་ཞག་ལྔ་ཡིན། །མིག་དབུས་རི་མོ་ཞག་བཞིའི་ཚེ། །དྲི་དོར་ཞག་གསུམ་མོ། །རེག་བྱ་དོར་བ་ཞག་གཉིས་ཏེ། །ཆོས་ཁམས་ཁུ་བ་ཉམས་པ་ནི། །ཞག་ཅིག་ནས་ནི་ཕ་རོལ་འགྲོ། །དཀར་ཆ་འོག་ཏུ་ལྷུང་བ་སྟེ། །དམར་ཆ་གྱེན་དུ་འགྲོ་བ་ཡིན། །རླུང་རྣམས་སྣ་སྒོ་ནས་འགྲོ་སྟེ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་འཆི་ལྟས་མཚན་མ་རང་གྲོལ་ལས། ཤིན་ཏུ་ཉེ་བའི་འཆི་ལྟས་བསྟན་པ་ནི། དབང་པོ་ལྔ་ནི་རིམ་བཞིན་ཐིམ་པ་སྟེ། དབང་པོའི་འཆི་ལྟས་ཟས་སྐོམ་མི་འཇུ་སྐྱུགས། །དྲོད་ཆུང་མཇིང་པས་མགོ་བོ་མི་ཐེག་ཅིང༌། །མགོ་བོ་ཐུར་དུ་ལྷུང་སྙམ་བྱེད་པ་འོང༌། །དེ་ནས་འབྱུང་བ་ལྔ་པོ་ཐིམ་པའི་ཚུལ། །ནང་གི་ས་ནི་ཤ་དང་རུས་པ་སྟེ། །དེ་ནི་ཕྱི་ཡི་ས་ལ་ཐིམ་པའི་རྟགས། །ལུས་ལྗིད་པགས་གཞི་ས་ལ་ལྷུང་ནས་སུ། །ནང་རྟགས་ས་གསེབས་བྱིང་དང་ནུབ་སྙམ་བྱེད། །ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་ཐུབ། །ལུས་སྟོབས་ཤོར་ཞིང་ཤེས་པ་རྨུགས་པར་འགྱུར། །ནང་གི་ཆུ་ནི་ཁྲག་དང་ཆུ་སེར་སྟེ། །དེ་ནི་ཆུ་ལ་ཆུ་ཉིད་ཐིམ་པའི་རྟགས། །ཁ་ཆུ་སྣ་ཆུ་འཛགས་ཞིང་གྲེ་ལྕེ་སྐེམས། །ཆུ་ནུས་མེ་ལ་ཐིམ་པས་ལུས་དྲོད་ཤོར། །ཤེས་པ་རེས་གསལ་རེས་མི་གསལ་བ་འོང༌། །ནང་གི་མེ་ནི་དྲོད་ཡིན་ཆུ་ལ་ཐིམ། །མིག་གཉིས་གྱེན་ལོག་མི་ངོ་མི་ཤེས་འོང༌། །མེ་ནུས་རླུང་ལ་ཤོར་བས་དྲོད་རྣམས་སྡུད། །ནང་རླུང་དབུགས་ཡིན་ཕྱི་རླུང་ཐིམ་པའི་རྟགས། །དབུགས་ནི་ངར་ངར་ཡན་ལག་གཡབ་པར་བྱེད། །ནང་རྟགས་ཤེས་པ་འཚུབས་པ་ལ་སོགས་འབྱུང༌། །སྨིག་སྒྱུ་ལྟ་བུར་མེར་མེར་ཁྱུག་ཁྱུག་འོང༌། །ཤིག་སྲོ་ཐམས་ཅད་ཕྱི་ལ་བྲོས་པར་འགྱུར། །མ་ལས་ཐོབ་པའི་རཀྟ་གྱེན་དུ་འགྲོ། །དམར་ལམ་ཤེས་པ་སྣང་བ་དམར་ལམ་འབྱུང༌། །དེའི་ཚེ་སྣང་བ་མཆེད་པ་ལ་ཐིམ་པ། །འདོད་ཆགས་ལས་འགྱུར་རྟོག་པ་བཞི་བཅུ་འགགས། །ཕ་ལས་ཐོབ་པའི་བྱང་སེམས་ཐུར་དུ་ལྷུང༌། །དཀར་ལམ་ཞེས་བྱའི་སྣང་བ་སྐྱ་ལམ་འོང༌། །དེ་ཚེ་མཆེད་པ་ཐོབ་པ་ལ་ཐིམ་པས། །ཞེ་སྡང་ལས་གྱུར་རྟོག་པ་སུམ་ཅུ་འགགས། །དབུགས་ཀྱང་ཕྱི་རུ་ཇེ་རིང་ཇེ་རིང་ལ། །ལུས་ཀྱི་ཁྲག་ཀུན་སྲོག་རྩའི་ནང་འདུས་ནས། །སྙིང་གི་དཀྱིལ་དུ་ཁྲག་ཐིག་རྒྱབ་པ་ཡིས། །ནག་ལམ་ཞེས་པ་སྡང་ཡེད་ནག་ཐུམ་ཡོང༌། །མུན་པ་གཡང་ལྷུང་ལྟ་བུ་འབྱུང་བར་འགྱུར། །དེའི་ཚེ་མཆེད་པ་ཉེར་ཐོབ་ལ་ཐིམ་པས། །གཏི་མུག་ལས་གྱུར་རྟོག་པ་བདུན་འགགས་སོ། །ཁ་དང་མིག་གཉིས་གྱེན་བཟློག་སྐྱ་ལོག་འགྲོ། །ཕྱིའི་སྣང་བ་ཉི་མ་ནུབ་པ་ལྟར། །དབང་པོའི་དྲན་བྱེད་མཐོང་སྣང་འགགས་ནས་སུ། །སྣང་བ་ཐམས་ཅད་ནག་འུབ་འདུས་པར་འགྱུར། །དེ་ཚེ་དབུགས་ནི་ཁྲུ་གང་ཙམ་དུ་ཆད། །དེ་ནས་སྙིང་ལ་ཁྲག་ཐིག་གཉིས་རྒྱབ་པ། །མགོ་གུག་དབུགས་ནི་མདའ་གང་ཙམ་དུ་ཆད། །དེ་ནས་སྙིང་དཀྱིལ་ཁྲག་ཐིག་གསུམ་རྒྱབ་པས། །ཨིག་འབྱིན་དབུགས་ནི་མདའ་གང་ཙམ་དུ་ཆད། །ནག་ཐོམ་དྲན་མེད་ཕྱི་དབུགས་ཆད་པ་དང༌། །བྱང་སེམས་དཀར་དམར་སྙིང་ཁར་འཕྲད་པའི་ཚེ། །བདེ་བའི་ངང་དུ་ཤེས་པ་བརྒྱལ་ལོག་གི། །རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པས། །ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང༌། །རིག་པ་སྙིང་དཀྱིལ་ཆོས་ཉིད་མ་བུ་ཐིམ། །ནང་དབུགས་ཆད་དེ་རླུང་སེམས་དབུ་མར་གནས། །གཞིའི་འོད་གསལ་སེམས་ཅན་ཀུན་ལ་འཆར། །རྟོག་པ་ལྡན་པའི་རྣལ་འབྱོར་འགའ་ཞིག་ལ། །ལམ་གྱི་འོད་གསལ་མ་བུ་དེ་དུས་འཕྲད། །སྐད་ཅིག་གཅིག་གིས་ཡར་གྱི་ཟངས་ཐལ་དུ། ཆོས་སྐུ་སྐྱེ་བ་མེད་པ་མངོན་དུ་འགྱུར། །ལོངས་སྐུ་སྤྲུལ་སྐུ་འགྲོ་དོན་རྩོད་མེད་མཛད། །སྐུ་གསུམ་ལྷུན་གྱིས་གྲུབ་སྟེ་སངས་རྒྱས་སོ། །དེ་ཕྱིར་མི་ལུས་ཐོབ་པའི་དོན་གོ་ལ། །ཟབ་ཆོས་དམ་པ་ཉམས་སུ་ལེན་པ་གཅེས། །དེ་མ་རྟོགས་པའི་འགྲོ་བ་ཐམས་ཅད་ལ། །དོན་གྱི་འོད་གསལ་ཤར་ཡང་ངོས་མ་ཟིན། །སྐྱེ་བ་འདོར་ལེན་གྲངས་མེད་མཐའ་ཡས་ཤི། །འོད་གསལ་ཤར་བ་བརྗོད་ལས་འདས་མོས་ཀྱང༌། །འཁོར་བ་མཐའ་མེད་མུ་མཐའ་མེད་པར་འཁྱམ། །དེ་ཕྱིར་དེ་ལྟར་བཙན་ས་བཟུང་བ་གཅེས།། ཡང་བར་དོ་ལམ་གྱི་བློ་ཆོང་ཀྱི་མན་ངག་བཤད་པ་ལས། དང་པོ་ཁོ་ནར་ཕྲ་རགས་སྡུད་པའི་ཚུལ་ནི། གང་དག་འཆི་བའི་ནད་ཀྱིས་བཏབ་པ། སྲིད་པ་ཕ་རོལ་དུ་འཇུག་པར་བརྩམས་པ་དེ་དག་ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུངས་མི་ཐུབ། ས་འོག་ཏུ་བྱིང་བར་གྱུར་རོ་སྙམ་པ་འབྱུང༌། ཆུ་མེ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་འབྱུང་སྟེ་སྐམ་པར་འགྱུར། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་མཐའ་ནས་བསྡུས་ཏེ་ཡལ་བ་ལ་ཉེ་བར་འགྱུར། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་ཅུང་ཟད་མི་ཆད། འདིའི་ཚེ་སྔ་ཕྱི་ཅི་རིགས་སུ་སྣང་སོགས་ཐིམ་པ་དང༌། རྟོག་པ་ཐིམ་པ་ལྷན་ཅིག་འབྱུང་སྟེ། སྣང་བ་ཐིམ་པའི་རྟགས་སུ་ཕྱི་རུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་པ་འབྱུང༌། ནང་ལ་དུ་བ་ལྟ་བུ་བན་བུན་ལང་ལོང་བ་འབྱུང་། འདིའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་པོ་འགག དེ་སོ་གསུམ་ནི་འདོད་ཆགས་དང་བྲལ་བ་དང༌། འདོད་ཆགས་དང་བྲལ་བ་བར་མ་དང༌། ཤིན་ཏུ་འདོད་ཆགས་དང༌། ཡིད་ཀྱིས་འགྲོ་བ་དང༌། འོང་བ་དང༌། མྱ་ངན་དང༌། མྱ་ངན་བར་མ་དང༌། ཤིན་ཏུ་མྱ་ངན་དང༌། ཞི་བ་དང༌། རྣམ་རྟོག་དང༌། འཇིགས་པ་དང༌། འཇིགས་པ་བར་མ་དང༌། ཤིན་ཏུ་འཇིགས་པ་དང༌། སྲེད་པ་དང༌། སྲེད་པ་བར་མ་དང༌། ཤིན་ཏུ་སྲེད་པ་དང༌། ཉེ་བར་ལེན་པ་དང༌། མི་དགེ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ཚོར་བ་དང༌། ཚོར་བ་བར་མ་དང༌། ཤིན་ཏུ་ཚོར་བ་དང༌། རིག་པ་དང༌། རིག་པ་པོ་དང༌། རིག་གཞི་དང༌། སོ་སོར་རྟོག་པ་དང༌། ངོ་ཚ་ཤེས་པ་དང༌། བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང༌། དགོས་པ་དང་བཅས་པ་དང༌། བསགས་པ་ཉིད་དང༌། ཕྲག་དོག་སྟེ་རང་བཞིན་གྱི་རྟོག་པ་སུམ་ཅུ་རྩ་གསུམ་མོ།། ཞེས་ཨརྱ་དེ་བའི་སྤྱོད་བསྡུས་ལས་གསུངས་སོ།།

མཆེད་པ་ཐིམ་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུའམ་ཁྲག་གི་ཆག་ཆག་བཏབ་པ་ལྟ་བུ་དམར་ལེབ་འབྱུང༌། ནད་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་ལན་རེར་གསལ་ལན་རེར་མི་གསལ་བ་འབྱུང༌། འདིའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག དེ་བཞི་བཅུ་ནི་ཆགས་པ་དང༌། ཀུན་ཏུ་ཆགས་པ་དང༌། དགའ་བ་དང༌། དགའ་བ་བར་མ་དང༌། ཤིན་ཏུ་དགའ་བ་དང༌། རངས་པ་དང༌། རབ་ཏུ་མགུ་བ་དང༌། ངོ་མཚར་བ་དང༌། རྒོད་པ་དང༌། ཚིམ་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་དང༌། བརྟེན་པ་དང༌། བརྩོན་པ་དང༌། ང་རྒྱལ་དང༌། བྱ་བ་དང༌། འཕྲོག་པ་དང༌། སྟོབས་དང༌། སྤྲོ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་ལ་སྦྱོར་བ་དང༌། དགའ་བ་བར་མ་ལ་སྦྱོར་བ་དང༌། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང༌། སྒེག་པ་དང༌། རྣམ་པར་སྒེག་པ་དང༌། ཞེས་གྲགས་པ་དང༌། དགེ་བ་དང༌། ཆིག་གསལ་བ་དང༌། བདེན་པ་དང༌། མི་བདེན་པ་དང༌། ངེས་པ་དང༌། ཉེ་བར་ལེན་པ་དང༌། སྦྱིན་པ་པོ་དང༌། གཞན་ལ་བསྐུལ་བ་དང༌། དཔའ་བ་དང༌། ངོ་ཚ་བ་མེད་པ་དང༌། གཡོ་སྒྱུ་དང༌། གདུག་པ་དང༌། མི་བསྲུན་པ་དང༌། གྱ་གྱུ་ཆེ་བ་སྟེ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུའོ་ཞེས་སྤྱོད་བསྡུས་ལས་གསུངས་སོ།

ཐོབ་པ་འོད་གསལ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་མུན་ནག་ལ་གཡང་དུ་ལྷུང་བ་ལྟ་བུ་ནག་འུབ་པ་འབྱུང༌། ནད་རྟགས་ཤེས་པ་མར་མེ་ལྟ་བུ་གསལ་བ་འབྱུང༌། དེའི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག དེ་བདུན་ནི། ཆགས་པ་བར་མ་དང༌། བརྗེད་ངས་པ་དང༌། འཁྲུལ་པ་དང༌། མི་སྨྲ་བ་དང༌། སྐྱོ་བ་དང༌། ལེ་ལོ་དང༌། ཐེ་ཚོམ་སྟེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ནོ། སྤྱོད་བསྡུས་ལས་གསུངས་སོ།།

            གཞན་ཡང་དེ་དག་གི་དུས་སུ་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་ཞེས་བྱ་བ་སོགས་སྒྲ། དྲི། རོ། རེག་བྱ། ཆོས་རྣམས་ཐིམ་པ་དང༌། དུས་གཅིག་ཏུ་ནང་གི་སྐྱེ་མཆེད་རྣམས་ཀྱང་ཐིམ་པར་འགྱུར་ཏེ། མདོར་ན། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ། ཆོས་དྲུག་མཁར་ཁ་མ་སོགས་སུ་གསལ་ལོ།། དེ་ལྟར་ཐིམ་པ་རྣམས་ཡོངས་སུ་རྫོགས་པ་དང་མཐུན་པ་ཉིད་དུ། སྤྱི་བོའི་དཀར་ཆ་ཧཾ་ཡིག་ཆུའི་རང་བཞིན་དུ་ཐུར་དུ་གཤེགས། ལྟོ་བའི་དམར་ཆ་མེའི་རང་བཞིན་གྱེན་དུ་གཤེགས། སྙིང་ཁར་རྩ་རླུང་སེམས་གསུམ་གྱི་དྭངས་མ་དུས་གཅིག་ཏུ་འཛོམས་པས། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་གཞིའི་འོད་གསལ་མཚན་ཉིད་པ་འཆར། དེ་ཡང་འདིར་གོམས་པའི་བྲེ་བྲག་གི་བདེ་བ་དང༌། གསལ་བ་དང༌། མི་རྟོག་པ་སྔོན་ཤས་གང་ཆེ་བ་དང༌། གང་ལ་གཙོ་བོར་གོམས་པ་དེ་ཉིད་དེའི་ཚེ་སྟོབས་སུ་གྱུར་པ། སྐུ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཐོང་བར་འགྱུར་རོ།།

གཉིས་པ། དེ་ལམ་དུ་བྱེད་པ་བར་དོའི་མན་ངག་ནི། འཆི་བའི་གནས་སྐབས་སུ་ཐིམ་སྡུད་ཀྱི་རྟགས་མ་མཐོང་ན། འཇིགས་སྐྲག་དང༌། ཡ་ང་བ་མེད་པར་བྱས་ལ། ད་ནི་བདག་གིས་རིང་པོ་མི་ཐོགས་པར་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་དོ་ཞེས། དགའ་སྤྲོ་ཚད་མེད་པ་དང་བཅས་ཏེ། ཇི་ལྟར་སྔར་འོད་གསལ་འཛིན་དུས་ཀྱི་མངོན་པར་རྟོགས་པ་བཞིན་བྱས་པས་འོད་གསལ་གྱི་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། རང་ཉམས་ལེན་གྱི་རྩལ་ཞན་པ་དག་ཅིག་ཡིན་ན། གྲོགས་ཀྱིས་བསྐུལ་བ་ལ་སོགས་པའི་གནད་དང་ལྡན་པར་བྱ་ཞིང༌། ཏིང་ངེ་འཛིན་ལ་གནོད་པའི་རྐྱེན་ངན་པ་རྣམས་སྤང་སྟེ་གནས་པར་བྱའོ།

དེ་ལྟར་གོམས་པའི་གནད་ཀྱི་གནས་ལུགས་ཇི་ལྟ་བ་ངོ་ཤེས་པ་སྟེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའམ། མགྲོན་པོ་རང་ཡུལ་དུ་ཕྱིན་པ་ལྟ་བུ་འབྱུང༌།

ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་འོད་གསལ་ཆེན་པོར་བཞུགས་པ་འོད་གསལ་མ་ཞེས་བྱ། དྭངས་མ་ལྔ་འདུས་ཀྱི་རྟེན་འབྲེལ་ལས་ཏིང་ངེ་འཛིན་གསལ་བར་ཤར་བ་འོད་གསལ་བུ་ཞེས་བྱ། དེ་གཉིས་དབྱེར་མེད་དུ་གྱུར་པར་འོད་གསལ་མ་བུ་འདྲེས་པའི་བསམ་གཏན་ཞེས་བྱ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཆེན་ཆོས་དབྱིངས་འགྱུར་མེད་ཀྱི་འོད་གསལ་ཞེས་བྱ། བདེ་གསལ་མི་རྟོག་པ་རོ་མཉམ། དུས་མཚམས་རྟེན་འབྲེལ་གྱི་དབང་གིས་གསལ་བར་སྣང་བ་ལྷུན་གྲུབ་རང་བྱུང་གི་རིག་པ་ཡེ་ཤེས་འོད་གསལ་ཞེས་བྱ། དེ་དག་དབྱེར་མེད་རེ་མཉམ་དུ་གྱུར་པ་དབྱིངས་རིག་འདྲེས་པའམ། དབྱིངས་ཡེ་ཤེས་རོ་མཉམ་དུ་གྱུར་པ་ཞེས་ཐ་སྙད་དུ་མཛད་དོ།། དེ་ཉིད་ཁོ་ན་དོན་གྱི་འོག་མིན་ཏེ། ཇི་ལྟར་བྱིས་པ་རྣམས་ཀུན་ཏུ་རྟོག་པས་རྣམ་པར་བཞག་པ་ལྟར་གནས་པ་དང་སྟོན་པ་ཐ་དད་དུ་གྲུབ་པ་ནི་མ་ཡིན་ནོ། ཞེས་གསུངས།

 

དེ་ཡང་འཆི་ངེས་པ་ནི། རྒྱུད་དུ། ཕྱི་དང་ནང་དང་གསང་བ་སྲོག་དང་གསུམ་གྱི་ཟུངས་ནི་རིམ་པ་བཞིན་དུ་ཤ་དང་ཟས་དང་རྩ་དང་གསུམ་ཡིན་པས་དེ་གསུམ་ཤོར་བ་སྟེ་ཉམས་པའི་ནད་པ་གང་ཡིན་པ་དེ་ཡང་འཆི་བའི་དུས་བྱེད་པར་འགྱུར་བ་ངེས་ལ། གཞན་ཡང་འགྲོ་བ་ཉམས་ཐག་པའི་ནད་པ་དེ་ཉིད་ལ་གསོ་བ་རིག་པའི་གཞུང་ལུགས་མན་ངག་དང་བཅས་པའི་སྒོ་ནས་སྨན་དཔྱད་ཟས་སྤྱོད་ཀྱི་ཆོ་ག་རྣམ་པ་སྣ་ཚོགས་པ་འབད་པས་བསྒྲུབས་ཤིང་གང་ལ་གང་འཚམ་པའི་བྱ་བ་བྱས་ཀྱང༌། བཅོས་སྐྱེད་མེད་པ་གང་ཡིན་པ་དེ་རྣམས་ནི་འཆི་བདག་གི་དབང་དུ་འགྲོ་བར་ངེས་པ་ཡིན་ནོ། ཡན་ལག་བརྒྱད་པ་ལས་ཀྱང༌། སྨན་པས་ནད་པ་གང་ཞིག་ལ། །སྨན་གྱི་བྱ་བ་བྱས་གྱུར་པ། །འབད་ཀྱང་སོས་པར་མ་གྱུར་ན། །དེ་ཡི་སྲོག་ནི་རྙེད་པར་དཀའ། །མཁས་ཤིང་མང་དུ་བསྒྲུབས་པ་དང༌། །ཆོ་ག་བཞིན་དུ་སྦྱིན་གྱུར་ཀྱང༌། །སྨན་གྱི་བྱ་བ་མ་གྲུབ་ན། །དེ་ལ་གསོ་བའི་ཐབས་མེད་དོ། །གང་ཞིག་སྨན་ནི་སྦྱོར་བའི་ཚེ། །རྒྱུ་མེད་པར་ནི་ཕྱིན་ཅི་ལོག །མདོག་དང་རོ་སོགས་སྤོང་གྱུར་ན། །ནད་མེད་ཡིན་ཡང་དེ་མི་འཚོ།། ཞེས་དང༌། ཉེ་དུ་མཛའ་བོ་རྣམས་ཀྱིས་ནི། །དྲིས་ཀྱང་མཉན་པར་མི་བྱ་བ། །སྨན་པས་སྨྲ་བར་མི་བྱ་ཞིང༌། །དེ་ཡི་གསོ་བ་ཁས་མི་བླང༌། །ཤིན་རྗེའི་ཕོ་ཉ་ཤ་ལ་སོགས། །གཞན་གྱི་ཉེ་བར་བརྟེན་པ་གང༌། །སྨན་གྱི་སྟོབས་ནི་འཇོམས་པས་ན། །དེ་ཕྱིར་དེ་ནི་ཡོངས་སུ་སྤང༌།།

དེ་ལྟར་བཤད་མ་ཐག་པའི་དོན་འབྱུང་བ་ལྔའི་རང་བཞིན་གྱི་ལུས་ཀྱི་ཕུང་པོ་འདི་ཉིད་ངེས་པར་འཇིག་པའི་འཆི་ལྟས་རྣམས་ཤར་བ་དེའི་ཚེ་ནད་དང་ལུས་ཟུངས་དང་དྲི་མ་རྣམས་རང་རང་གི་གནས་དང་ལྡང་ཚད་སོགས་ལས་འཆོལ་བར་འཁྲུགས་པར་གྱུར་ནས་ཕན་ཚུན་གཅིག་གི་གཤེད་གཅིག་གི་བྱ་སྟེ་སྲོག་གི་དབང་པོ་ལུས་དང་བཅས་པ་འདོར་བའམ་འཇོམས་པར་བྱེད་པའི་ཕྱིར་རོ།། འདི་ནི་དཔེར་ན། འབྱུང་བ་རྣམས་ཀྱི་བྱ་བ་བྱེད་ལས་དང་བཅས་པ་གཞན་དུ་འགྱུར་བའི་དུས་ཀྱི་རི་རབ་ལ་སོགས་སྣོད་ཀྱི་འཇིག་རྟེན་འཇིག་པར་བྱེད་པའི་ཚུལ་དང་མཚུངས་པ་ཡིན། དེ་ཡང་མངོན་པ་མཛོད་ལས། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བཞི་པ་ནད་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང༌། །སེམས་ཅན་བཅས་ཀྱི་འབྱུང་འཇིག་བྱེད། །བསམ་གཏན་གཉིས་སོགས་གསུམ་པོ་ནི། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང༌། །མེ་ཡིས་བདུན་ནོ་དེ་ནས་མིན། །མཇུག་ཏུ་རླུང་གིས་འཇིག་པ་ཡིན།། ཞེས་གསུངས་ཤིང་དེ་དག་ཀྱང་སེམས་ཀྱི་ཆོ་འཕྲུལ་འབའ་ཞིག་ལས་འབྱུང་སྟེ། བསམ་གཏན་གྱི་རྟོག་དཔྱོད་མེ་ལྟ་བུ། དགའ་བདེ་ཆུ་ལྟ་བུ་དང༌། རྣམ་རྟོག་གཡོ་བ་རླུང་ལྟ་བུ་གསུམ་གྱི་བྱེད་པ་ལ་བརྟེན་ནས་འཇིག་པར་བྱེད་པ་ཡིན། སྣོད་ཀྱི་འཇིག་རྟེན་འདི་ཡང་ཐོག་མར་ཆགས་པའི་ཚེ་འབྱུང་བ་ལྔ་པོ་གཅིག་གྲོགས་གཅིག་གིས་བྱེད་ཅིང༌། བར་དུ་གནས་པའི་དུས་ཤེད་མཉམ་དུ་གནས་པ། མཐར་འཇིག་པའི་ཚེ་གཅིག་དགྲ་གཅིག་གིས་བྱས་ནས་འཇིག་པར་བྱེད་པའི་ཚུལ་ལས་ཀྱི་ནུས་པའམ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་པར་མངོན་ནོ།།

 

 

༤། སྨན་བཅོས་དང་ཆོས་ཕྱོགས་ཀྱི་ཐབས་ལམ།

                མཁྲིས་པའི་ལེའུར། མཁྲིས་པ་ཀྵ་ཡ་ནག་པོ་ལྟ་བུ་མཁྲིས་པ་ཤ་རུས་སོགས་ཐམས་ཅད་ལ་ཁྱབ་ཅིང༌། གཤིན་རྗེའི་ཞགས་པ་དང་འདྲ་བས་ཟིན་པས་འཚོ་བར་མི་འགྱུར་བའི་དོན་གྱིས་ན་འདི་ལྟ་བུའི་ནད་དེ་ལ་བཅོས་ཐབས་མི་བརྩམ་ཞིང་དཀར་པོ་དགེ་བའི་ཚོགས་གསོག་པ་བསྐུལ་བར་བྱའོ།། གསུངས་པ་ལྟར་དང༌། ཀླུ་གདོན་གྱི་སྐབས། རིག་བྱེད་པའི་ལུགས་ལ་ཐོག་མར་ཁོ་ནར་ནད་བརྟགས་ལ། དེ་ནས་གསོ་བ་བརྩམ་བྱ་སྟེ། གཞན་དུ་རང་དོན་ཉམས་པ་དང༌། གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། ཞེས་བཤད་ཡོད། སངས་རྒྱས་པའི་ལུགས་ལ་ནི་སེམས་ཅན་སྡུག་བསྔལ་ཅན་བསམ་པ་དང༌། སྦྱོར་བས་སྤང་བའི་སྐབས་མེད་དེ། སྨན་དང་སྨན་པ་ཉིད་དང་ནི། །དེ་ཡི་ནད་གཡོག་བྱེད་པར་ཤོག། ཅེས་དང༌། ནད་པ་དང་ནི་ཆོས་སྨྲ་དང༌། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན།། ཞེས་སོ།། དེས་ན་བཅོས་ཀྱིས་ལུས་ལ་མ་ཕན་ཀྱང་ཆོས་ཀྱིས་སེམས་ལ་ཕན་པར་བྱ་ཞིང༌། རྟགས་རེ་གཉིས་ཙམ་གསོ་སླ་བའི་རྟགས་དང་འདྲེས་པ་ནི་གསོ་བ་བརྩམ་དགོས་ཤིང་གསོས་པའང་སྲིད།

 

 

༥། སྨན་པའི་བྱ་བ།

                གཡུ་ཐོག་ཆ་ལག་བཅོ་བརྒྱད་དུ། དང་པོ་སྨོན་པ་ཚད་མེད་པ་བཞིས་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པ་ནི། ནད་པའི་སྡུག་བསྔལ་མཐོང་བའི་སྙིང་རྗེ། དེ་ལ་ཕན་འདོགས་པའི་བྱམས་པ། དེ་ལ་ཕན་ཐོགས་ན་དགའ་བ་ལ་བསམ་པའི་དགའ་བ། ནད་པ་དེ་ཡུལ་བཟང་ངན་བྱམས་སྡང་དབུལ་ཕྱུག་པར་གསོ་བར་བྱ་སྙམ་པའི་བཏང་སྙོམ། དེ་ལྟར་ཚད་མེད་བཞི་པོ་དེ་སྦྱོར་བའི་དུས་སུ་ནད་པ་ཐམས་ཅད་ལ་དེ་ལྟར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་སྐྱེད་པར་བྱའོ།།

དངོས་གཞི་ལ། ནད་པ་འབྱུང་བའི་དུས་སུ་དེ་ལྟར་ལག་ལེན་ལ་ཞུགས་པས་ཉམས་སུ་ལེན་པའོ།། མཇུག་ཏུ་ནད་པ་གསོས་པའི་དུས་བསྔགས་པར་བལྟ་བ་ནི། དེ་ལ་དགའ་བར་བལྟ་ཞིང༌། ཅི་ཡང་མི་སྟེར་ཡང་འཁོན་འཛིན་མི་བྱེད་པར་དགེ་བར་བསྔོ་བའོ།། དེ་ལྟར་སེམས་པ་དཀར་པོ་ནི་གསོ་བ་སླ་ཞིང༌། འཚོ་བ་མང་པོ་བྱུང་བས་ཕན། གསོ་བར་ཁས་བླངས་ནས་སྨན་ལེན་མི་ལེན། སྐྱེད་བྱུང་མ་བྱུང༌། སྨན་སྦྱོར་སྒྱུར་བ་སོགས་དུས་ནམ་བྱ་རན་དེ་ལས་མ་འགྱངས་པར་བྱེད་དགོས་སོ།།  ནད་པ་གསོ་བའི་བྱ་བ་ལ། ཆང་དང༌། རྩེ་འཇོ། དགའ་གཏམ་དང༌། ལས་ཀ་སོགས་བར་མ་ཆད་པར་བསྒྲིམ་དགོས་ཏེ་སྲོག་ལན་གཅིག་ཆད་ནས་གསོར་མི་བཏུབ་པའི་ཕྱིར་ཤིན་ཏུ་གཅེས་པར་བྱའོ།།

ནད་པའི་སེམས་གསོ་བ་ནི། ངང་བསྲིང་བ་དང༌། སྐྱོ་བ་བསངས་པའི་ཕྱིར། ཆིག་སྙན་པོ་དལ་བུས་སྨྲ་ཤེས་པས་ནད་པ་སྤྲོ་བ་བསྐྱེད་ནུས་པའོ།། དེ་བཞིན་དུ་ནད་པ་ལ་བུ་ཚའི་བློ་བཞག ནད་པའི་རྣག་ཁྲག་ལ་ཁྱི་ཕག་གི་བློ་བཞག་དགོས་པ་དང༌། ཇི་ལྟར་ཉེན་ཆེ་ཞིང་འཆི་བར་མཐོང་ཡང་འདི་ལ་ཡང་གསོ་ཐབས་ཡོད་ཀྱིས་བཅོས་ཀ་བཞིན་བསྒྱུར་ཡིན་ཞིང༌། མི་རྟ་ཁྱི་གསུམ་མ་ཤི་བར་དུ་གསོས་བྱ་བ་ཡིན། མ་ཤི་དགོས་བྱས་ལ་སེམས་གསོ་ཡིན་འཆོས་པའོ།། ཐུབ་པའི་དབང་པོའི་ཞལ་ནས་ཀྱང༌། གང་ཞིག་ནད་པར་བརྙས་པ་བྱས་པ་ནི་བདག་ལའོ།། ནད་པ་ལ་བསྙེན་བཀུར་བགྱིས་པ་གང་ཡིན་པ་ཡང་བདག་ལ་སྟེ་དེ་བས་རྒྱུ་འབྲས་ལ་ཆེད་དུ་བརྩི་བ་རྣམས་ནི་ཅི་ནས་ཀྱང་དེ་ལྟར་ངེས་པར་བྱའོ།། སྨན་པའི་ལེའུར། བདུད་རྩི་སྙིང་པོ་ཞེས་ལེའུ་བརྒྱ་དང་གཅིག་པ་ལས། འདིར་བསླབས་བརྟགས་དང་ཉམས་སུ་བླང་གྱུར་པས། །ཚེ་དང་ནོར་དང་བདེ་བ་གྲགས་པ་ཐོབ། །གཡོ་སྒྱུ་འདོད་སྤང་བྱང་ཆུབ་སེམས་དང་ལྡན། །གང་ཞིག་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་པར་འགྱུར།། ཞེས་དང༌། ནད་པ་ལ་སྡིག་པ་བསགས་ན་ཡང༌། སངས་རྒྱས་ལ་བསགས་པ་དང་ཁྱད་པར་མེད་ལ། ནད་པ་ལ་ཚོགས་བསགས་ན་ཡང་སངས་རྒྱས་ལ་བསྙེན་བཀུར་བ་བྱས་པ་དང་ཁྱད་པར་མེད་པར་བཤད་དོ།། ཕྱི་མ་རྒྱང་དུ་བཞག་ནས་ཚེ་འདི་ལ་གྲགས་པ་ཅི་ཐོན་དང་ནོར་རྫས་ཅི་ཐོབ་བྱེད་པ་དེ་སྨྱོ་བ་ཡིན་ཏེ། ཚེ་འདི་བས་ཕྱི་མ་རིང་བའི་ཕྱིར་རོ།།

 

 

ཕ་རོལ་དུ་ཕྱིན་པ་དྲུག

སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད།།

སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་ནི། སྨན་ལ་སེར་སྣ་མེད་པ་སྟེར་བ་ཟང་ཟིང་གི་སྦྱིན་པ། ངག་གི་ནད་པའི་སེམས་གསོ་བ་ཆོས་ཀྱི་སྦྱིན་པ། གཅེས་པའི་སྲོག་སྟེར་བ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའོ།། གཡོ་སྒྱུ་ཚུལ་འཆོས་ཀྱི་དྲི་མས་མ་གོས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན། དེ་བཞིན་དུ་ནད་པའི་ཁོང་ཁྲོ་སོགས་ལ་བཟོད་པ། བརྟག་དཔྱད་དང་བཅོས་ལ་ལེ་ལོ་མེད་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་བཞི་ལ་སྤྱོད་པའོ།། འོ་ན་སྨན་པ་ལ་བསམ་གཏན་དང་ཤེས་རབ་མེད་དམ་ཞེ་ན། ལྟ་བ་མཐའ་གསུམ་དང་བྲལ་བ་དེ་ཤེས་རབ་ལ་རག་ལུས་པས་ཤེས་རབ་ཀྱི་མཆོག་ཡིན། ཚད་མེད་བཞི་སྒོམ་པ་ལ་གོམས་པ་དེས་བསམ་པ་ལ་བརྟག་པ་ཐོབ་པར་བྱེད་པས་ན་བསམ་གཏན་ཏེ་ཕ་རོལ་དུ་ཕྱིན་པ་དྲུག་ཀ་རྫོགས་པའོ།།

 

 

ལོག་པའི་གོལ་ས་བཞི་ནི།

ནད་པ་གསོ་རྒྱུ་མང་པོ་བྱུང་ན་དགའ་བ་དང༌། སྦྱངས་ན་དགའ་བ། ཤི་ན་དགའ་བ་སྙམ་ན་དགའ་བ་ལོག་པ་ཡིན།

ནད་པ་འདི་དུས་སུ་མི་དྲག་ཅིང་ན་བར་བྱས་ལ་ཟས་ནོར་དབྲལ་ལོ་སྙམ་ན་སྙིང་རྗེ་ལས་ལོག ནད་པ་ལ་བརྩེ་བ་སྤང་པའི་དཔྱད་རྩུབ་མོ་བྱས་པ་དང༌། ནད་པ་ན་རུང་ཤི་རུང་ང་རང་གི་གྲགས་པ་ཅི་ཐོན་དང་ལག་ཐོབ་ཅི་མང་བྱ་སྙམ་ན་བྱམས་པ་ལོག ནད་པ་བཟང་པོ་འཚོ་ངན་པ་རྣམས་མི་འཚོ་སྙམ་ན་བཏང་སྙོམ་ལོག་པ་ཡིན། སྐྱོན་དེ་རྣམས་ཀྱི་སྟེང་དུ་མ་ཤོར་བ་གལ་ཆེའོ།།

 

སྤྱོད་པ་སྤང་བླང་གཉིས།

སྤྱོད་པ་ཡང་གཉིས་ལས་སྤང་ཞིང་འདོར་བའི་སྤྱོད་པ་ནི་སྤྱོད་པ་བླང་དོར་གཉིས་ལས་མི་དགེ་བ་སྤང༌།

སྨྱོ་འཆལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར།། ཞེས་པས་མི་དགེ་བ་ནི་བཅུ་སྟེ།

 

 

སྡིག་པ།

            ནད་པའི་ཆེད་དུ་སེམས་ཅན་གཞན་གྱི་སྲོག་མི་གཅོད་ཅིང༌།            བརྩོན་འགྲུས་བྱས་ན་གསོས་པའི་ནད་པ་ལ་ལེ་ལོས་ཤིར་མི་གཞུག           ནད་པའི་ཁྱིམ་ནས་ནོར་རྫས་མི་རྐུ་ཞིང་ཐབས་ཀྱིས་མི་དབྲལ།          ནད་པའམ་ནད་པའི་ཆུང་མ་སོགས་ལ་མི་གཡེམ།  ནད་གསོ་སྙིང་མི་འདོད་པའི་ནད་པ་ལ་དེ་ཤོལ་དུ་རེ་བའི་རྫུན་མི་བྱ་ཞིང༌། འདོད་པའི་དབང་གིས་མི་དགོས་བཞིན་གྱིས་སྨན་དཔྱད་འཆོལ་དུ་མི་གཞུག     ནད་གཡོག་སོགས་ལ་སྙད་བཏགས་པའི་ཕྲ་མ་མི་སྨྲ།            ཁྱོད་གསོ་དུས་མི་འོང་ཞེས་པའམ་འཆི་བར་འདུག་ཅེས་པ་ལ་སོགས་པ་སེམས་གསོད་པའི་ངག་འཁྱལ་མི་སྨྲ། ནད་པ་ལ་རྒོལ་བ་དང་ཁྲོ་བའི་ཚིག་རྩུབ་མི་སྨྲ།       ནད་པའི་ནོར་ཡིད་དུ་འོང་བ་ལ་བརྣབ་སེམས་ཀྱི་ཐོབ་པ་མི་དབྲལ།    ནད་པ་ལ་གནོད་སེམས་ཀྱིས་དཔྱད་ཁམས་ཅན་སོགས་མི་བྱ། ནད་པ་འདི་ཤི་ན་དགའ་སྟེ་མགོ་བའི་ལོག་བལྟ་མི་བྱ། དེ་རྣམས་མི་བྱ་བ་ནི་ཅིའི་ཕྱིར། ཐུབ་པའི་དབང་པོའི་ཞལ་ནས་ཀྱང༌། གང་ཞིག་ནད་པ་ལ་བརྙས་པ་བྱས་པ་ནི་བདག་ལའོ།། ནད་པ་ལ་བསྙེན་བཀུར་གྱིས་པ་གང་ཡིན་པ་ཡང་བདག་ལ་སྟེ། དེ་བས་རྒྱུ་འབྲས་ལ་ཆེད་དུ་བརྩི་བ་རྣམས་ནི་ཅི་ནས་ཀྱང་དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས་པས་ནད་པ་ལ་སྡིག་བསགས་ན་སངས་རྒྱས་ལ་བསགས་པ་དང་ཁྱད་མེད་ལ། ནད་པ་ལ་ཚོགས་བསགས་ན་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང་ཁྱད་མེད་པར་བཤད་དོ།།

 

 

སྨྱོ་སྤྱོད་དོར་བ།

ཕྱི་མའི་རྣམ་སྨིན་འཁུར་ན་སྨན་པ་སྨྱོ། མཁས་ལ་སྙམ་དུ་རེ་ན་སྨན་པ་སྨྱོ། རང་བཅོས་གྲོགས་ངོ་འདོན་ན་སྨན་པ་སྨྱོ། ཞེས་བྱ་སྟེ། ཕྱི་མ་རྒྱང་དུ་བཞག་ནས་ཚེ་འདི་ལ་གྲགས་པ་ཅི་ཐོན་དང་ནོར་རྫས་ཅི་ཐོབ་བྱེད་པ་དེ་སྨྱོ་བ་ཡིན་ཏེ། ཚེ་འདི་བས་ཕྱི་མ་རིང་བའི་ཕྱིར་རོ།། སྨན་པ་གཉིས་བར་དུ་བཅུག་པའི་དུས་སུ་རང་བས་མཁས་པ་ཅི་བྱུང་ན་དེའི་འོག་ཏུ་མི་འཛུལ་བར་ཚུལ་འཆོས་དང་དྲེགས་པ་བསྐྱེད་དེ་སྙམ་པ་རེ་ན་སྨྱོ་བ་ཡིས། མཁས་པ་ཞེ་ཁྲེལ་བའི་ཕྱིར་རོ།། ཡང་སྨན་པ་མཉམ་པའི་གཉིས་བར་དུ་བཅུག་ལ། ནད་པ་གསོ་བའི་དཀའ་བ་རང་གིས་སྤྱད་ནས་ཁྱད་ཆོས་དང་ནོར་ཁོ་ལ་ཤོར་ན་སྨྱོ་བ་ཡིན་ཏེ་ཁོས་བྲིད་པས་དོན་མ་གྲུབ་པའི་ཕྱིར་རོ།།

 

 

འཆལ་སྤྱོད་གསུམ་དོར་བ་ནི།

       བློ་བྲིད་རྫུ་འཕྲུལ་བྱེད་ན་སྨན་པ་འཆལ། ཁས་བླངས་དོན་ཐོག་མི་རྒྱུག་སྨན་པ་འཆལ། ལེ་ལོ་ཆང་དབང་ཆེ་ན་སྨན་པ་འཆལ། ཞེས་བྱ་སྟེ། བློ་བྲིད་དམ་རྫུ་འཕྲུལ་གྱི་སྒོ་ནས་རྡེའུ་འདོན་པའམ། མིག་འབྱེད་པའམ། སྐྲན་འདོན་པ་ལ་སོགས་པའི་ཟས་ནོར་སྡུད་པའི་ཐབས་ཕྲ་མོ་ལ་ཡན་ནས། གཅོང་སྡེ་བཞི་སོགས་དཀའ་བའི་ནད་མི་འཆོས་ན་ཡང་འཆལ་བ་སྟེ། ཚུལ་བཞིན་ཕྱིས་མི་དྲིན་པའི་ཕྱིར་རོ།། ཁས་བླངས་པའི་དོན་ཐོག་ཏུ་མི་རྒྱུག་ན་ཁ་མི་རྟག་ན་འཆལ་བ་ཡིན་ཏེ། རང་ལ་བསྔགས་པར་མི་བལྟ་བའི་ཕྱིར་རོ།། ལེ་ལོ་དང་ཆང་དབང་ཆེས་ན་ནད་བལྟ་བ་ལས་གཡེལ་ན་འཆལ་བ་ཡིན་ཏེ། ནད་པ་ཤོར་ན་མིས་ཕྱ་ལ་རང་འགྱོད་པའི་ཕྱིར་རོ།།

 

 

ཐོ་ཅོའི་སྤྱོད་པ་གསུམ་དོར་བ་ནི།

       བསླབ་ཤེས་མེད་པའི་དྲེགས་པ་ཐོ་ཅོ་ཡིན། ནོར་རྫས་མེད་པའི་འཆོར་འདོད་ཐོ་ཅོ་ཡིན། མཉམ་འགྲོགས་ཁྱད་གསོད་བྱེད་ན་ཐོ་ཅོ་ཡིན། ཞེས་བྱ་སྟེ་རང་ལ་ཡོན་ཏན་ཅི་ཡང་མེད་པའི་གྲགས་པ་ཆེན་པོ་བྱེད་ན་ཐོ་ཅོ་ཡིན་ཏེ། བསོད་ནམས་ཁ་དགག་པའི་ཕྱིར་རོ།། རང་ལ་ནོར་རྫས་ཅི་ཡང་མེད་པའི་ཐབ་ཀ་དང་ཕྱི་འཆོར་ཆེན་པོ་བྱེད་ན་ཐོ་ཅོ་ཡིན་ཏེ་སྦྲང་དཀར་ལ་བསྟོད་པའི་ཕྱིར་རོ།། སྨན་པ་མགོ་སྙམ་རྣམས་ལ་ཁྱད་གསོད་བྱེད་ན་ཐོ་ཅོ་ཡིན་ཏེ་རང་སྲོག་སྐྱེལ་བའི་ཕྱིར་རོ།།

 

 

དིག་སྤྱོད་གསུམ་དོར་བ་ནི།

       བྱས་ལ་རང་དོན་མེད་ན་དིག་པ་ཡིན། ནད་ལ་ཁུ་འཁྲིག་མེད་ན་དིག་པ་ཡིན། རོ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན། ཞེས་བྱ་སྟེ། ནད་གསོ་བ་ལ་དཀའ་ཐུབ་ཆེར་བྱས་ཏེ་རང་གི་འདོད་དོན་བསྒྲུབ་མི་ཤེས་ན་དིག་པ་ཡིན་ཏེ་རང་དོན་འཆལ་བར་ཤོར་བའི་ཕྱིར་རོ།། ནད་ངོས་འཛིན་པའམ་ནད་གཉའ་ཅོག་པའི་དུས་སུ་འདི་ཡིན་ནམ། འདིར་འགྲོ་བའམ་སྙམ་པའི་ཁུ་འཕྲིག་མེད་པར་ཕྱོགས་གཅིག་ལ་ཞེན་ན་དིག་པ་ཡིན་ཏེ། ནད་ཟོ་མི་ལེན་ཞིང་འོག་འདྲིས་སམ་མི་ཚོར་བའི་ཕྱིར་རོ།། འཆི་ངེས་པ་རོ་ལྟ་བུའི་ནད་པ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན་ཏེ། རོ་ལ་ཚབས་བྱེད་པའི་ཕྱིར་རོ།།

 

 

ངན་སྤྱོད་གསུམ་དོར་བ་ནི།

       མཉམ་ཉིད་གོང་དུ་གོང་དུ་ཤོར་ན་སྨན་པ་ངན། སྨན་དང་ཆ་བྱད་གཡོར་ན་སྨན་པ་ངན། ནད་པ་དཔེ་ཡིས་འཆོས་ན་སྨན་པ་ངན། ཞེས་བྱ་སྟེ། སྨན་པ་གཉམ་པོ་ལ་ཅིག་ཤོས་གོང་དུ་ཤོར་ན་ངན་པ་ཡིན་ཏེ། རང་མགོ་མ་ཐོན་པའི་ཕྱིར་རོ།། སྨན་པ་རང་གི་སྣོད་ན་མེད་པར་སྨན་དང་ཆ་བྱད་གཡར་བསྐྱི་དགོས་ན་ཡང་རང་ངན་པ་ཡིན་ཏེ་གཞན་ལ་རག་ལུས་པའི་ཕྱིར་རོ།། ནད་པ་དཔེ་ཡིས་འཆོར་ན་ཡང་རང་ངན་པ་ཡིན་ཏེ་མན་ངག་ཁོང་དུ་མ་ཚུད་པའི་ཕྱིར་རོ།།

དེ་ལྟར་སྤྱོད་པ་ངན་པ་ལྔ་གསུམ་བཅོ་ལྔ་དེ་དོར་ཅིང་མེད་པར་བྱའོ།།

 

 

༦། ནད་གཡོག་གི་བྱ་བ།

       ནད་པ་བདེ་མི་བདེ། སྐྱེད་བྱུང་མ་བྱུང་ཤེས་པ་སྒྲིན་པ་དང༌། ལེ་ལོ་མི་བྱེད་པར་སྙིང་བརྩེ་ཞིང་ཤ་ཚ་བ་དང༌། གནས་ཁང་དང་། ཁ་ཕོར། ཟས། སྨན་ལ་སོགས་པ་རྣམས་མི་གཙང་བའི་དྲི་མས་མ་གོས་པར་གཙང་སིང་ངེ་བྱེད་པ་དང༌། ནད་པ་ན་བས་བློ་རྟབ་ནས་ཅི་བྱ་གཏོལ་མེད་དུ་མི་འགྲོ་བར་བློ་གྲོས་མཐོན་པོའི་བློ་དང་ལྡན་པ་བཞི་དང་ལྡན་ན་ནད་གསོས་གོ་ཆོད་པ་ཅིག་འོང་བས་གསོ་སླ།

 

 

༧། ནད་པའི་བྱ་བ།

       རྒྱུད་དུ། ཐ་མལ་འདུས་པ་ལས། སྐྱེ་བའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཐོན་པོའི་མཐའ་ནི་ལྷུང་བ་སྟེ། །བསགས་པའི་མཐའ་ནི་འཛད་པ་ཡིན།། ཞེས་པའི་དུས་ཀྱི་ཆོས་ཉིད་སུས་ཀྱང་འགོག་མི་ནུས། བདག་གཅིག་པུ་ལ་མ་ཡིན། ཐམས་ཅད་འདི་ལས་མ་འདས་སྙམ་དུ་སེམས། ལར་འདུས་བྱས་ཐམས་ཅད་ནི་མི་བརྟག་པ། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་བའོ།། ཞེས་དེ་བཞིན་གཤེགས་པའི་གསུང་ལ་ངེས་པར་དུ་བསམ་པར་བྱའོ།། གཞན་ཡང་ངོ་ཚ་དང་ཁྲེལ་བསྲུང༌། ང་རྒྱལ་དང་སྙིང་སྟོབས་བསྐྱེད། ལེགས་ཕྱོགས་ལ་བསམ། སྡུག་བསྔལ་མི་བྱེད་དོ་སྙམ་པའི་ཞེ་བཅད། བདག་གི་ལས་ངན་སྦྱང་དོན་དུ་འབྱུང་བ་ཡིན་པས་རྒྱུ་དགེ་བ་མ་བསགས་ན་འབྲས་བུ་བདེ་བ་འབྱུང་བ་དཀའ། བདག་གི་ལས་ངན་སྦྱང་དོན་དུ་འདི་འབྱུང་བ་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་འདིས་གོ་ཆོད་པར་གྱུར་ཅིག བདག་བདེ་གཞན་ལ་སྨིན་པར་གྱུར་ཅིག གཞན་གྱིས་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག་ཅེས་བསམ་པར་བྱའོ།།

 

བོད་གཞུང་དབུས་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་འགན་འཛིན་སྨན་པ་པདྨ་རྡོ་རྗེས་ཕྱོགས་བསྒྲིགས་ཞུས།

 


 

 

ཁུངས་བཅོལ་ཡིག་ཆ།

 

༡། བཻཌཱུརྱ་སྔོན་པོ།

༢། དཔལ་ལྡན་རྒྱུད་བཞི།

༣། འཆི་ལྟས་མཚན་མ་རང་གྲོལ།

༤། བར་དོ་ལམ་གྱི་བློ་ཆོད་ཀྱི་མན་ངག་བཤད་པ།

 

 

མཐའ་མའི་འདོན་ཐེངས་།: 28.09.2015 ཉིན། 9:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།