སྨན་རྩིས་དྲ་བ། - ཆེད་རྩོམ།

ཞུ་རྗེས་གསུམ་ངོས་འཛིན་ཚུལ་སྐོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.08.2016
ཆེད་རྩོམ། >>

 

 

བོད་ལུགས་གསོ་བ་རིག་པའི་སྨན་གྱི་ཞུ་རྗེས་གསུམ་ངོས་འཛིན་ཚུལ་སྐོར་ཅུང་ཟད་གླེང་བ།

- ཉི་མ་ཚེ་རིང་།

        

ཡུལ་གངས་ཅན་ལྗོངས་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་དཔལ་ལྡན་རྒྱུད་བཞི་དེ་ཉིད་ལས་གསོ་བྱེད་ཀྱི་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞི་བསྡུས་ནས་བསྟན་པ་དེ་ལའང་ཟས་དང་སྨན་ལ་སོགས་པ་བསྟེན་བྱའི་དངོས་པོ་རྣམས་ཀྱི་འབྱུང་བའི་ཁམས་དང་། ནུས་པའི་ཁྱད་པར། ཡོན་ཏན་དང་། མཐུ་སྟོབས། རོ་དང་། ཞུ་རྗེས་ལ་སོགས་པའི་རང་རང་གི་ཁྱད་ཆོས་མི་འདྲ་བ་གང་དག་འཕྲོད་པར་སྦྱར་ཏེ་བསྟེན་པས་ལུས་ཁམས་བདེ་བར་འཚོ་ཞིང་ནད་རིགས་སྤྱི་བྱེ་བྲག་མ་ལུས་པ་འཇོམས་པར་བྱེད་ཀྱི་ཡོད། འོན་ཀྱང་ཟས་སྐོམ་དང་སྨན་ལ་སོགས་པའི་ཞུ་རྗེས་ཀྱི་རོའི་ངོ་བོ་ངོས་འཛིན་ཚུལ་ཐད་ལ་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་མཆིས་པས། འདིར་ཁོ་བོས་དཔྱད་གསུམ་རྣམ་པར་དག་པའི་རིག་པ་ཡང་དག་གིས་དེའི་སྐོར་ཅུང་ཟད་སྤྲོ་བར་འདོད་པ་འདི་ལྟ་སྟེ།

 

དང་པོ། ཞུ་རྗེས་གསུམ་ངོས་འཛིན་ཚུལ།

          ཟས་སྨན་ཅི་རིགས་པ་ཕོ་བའི་གནས་སུ་ཞུ་བའི་རྗེས་ཀྱི་རོ་ནི་མེ་དྲོད་རྣམ་གསུམ་གྱི་སྟོབས་གཙོ་ཆེ་བས་རོ་མངར་བ་དང་། སྐྱུར་བ། ཚ་བ་རྣམ་པ་གསུམ་དུ་ཞུ་བ་དང་། རོ་དྲུག་གི་ནུས་པ་སྟོབས་ཆེ་བའི་དབང་གིས་མངར་བ་དང་། སྐྱུར་བ། ཁ་བ་རྣམ་པ་གསུམ་དུ་ཞུ་བ་ཡིན་གཤིས། རང་རང་གི་རྒྱུ་དང་རྐྱེན་གྱི་ཁྱད་པར་ལས་ཞུ་རྗེས་ཀྱང་མི་འདྲ་བ་བྱུང་བ་མ་ཟད། དེ་གཉིས་གང་ལ་ཡང་མི་བལྟོས་པ་རྫས་རང་གཤིས་ཀྱི་སྟོབས་ལས་བྱུང་བའི་ཞུ་རྗེས་ཀྱང་ཡོད་པ་ཤེས་དགོས་ཏེ། དེ་ཡང་། སློབ་དཔོན་གྱི་མདོ་གནས་ལེའུ་དང་པོ་ལས། རྫས་ཀྱི་ཞུ་བ་རྣམ་གསུམ་སྟེ།། མངར་སྐྱུར་ཚ་བའི་བདག་ཉིད་ཅན།། ཞེས་དང་། རང་འགྲེལ་ལས། སྨན་གྱི་ཞུ་བའི་རྗེས་ནི་རྣམ་པ་གསུམ་སྟེ། མངར་བ་དང་། སྐྱུར་བ་དང་། ཚ་བའི་རང་བཞིན་ཡིན་ནོ།། ཞེས་དང་། འགྲེལ་ཆེན་ཟླ་ཟེར་ལས། ཞུ་བ་ནི་རྣམ་པ་གསུམ་དེ་རྫས་ཐམས་ཅད་ཡོངས་སུ་ཞུ་བའི་དུས་འབྲས་བུ་ལས་རྗེས་དུ་དཔག་པ་བྱེད་དེ་ཕོ་བའི་མེ་དང་འཕྲད་པ་ལས། རོ་རྣམས་རང་རང་གི་རང་བཞིན་ལས་གཞན་དུ་གྱུར་པ་དེ་ལ་ནི་རྣམ་པ་གསུམ་ཉིད་ཡིན་གྱི། དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ།། དེ་ནས་རྫས་ལ་ལ་ནི་མངར་བར་ཞུ། ལ་ལ་ནི་སྐྱུར་བར་ཞུ། ལ་ལ་ནི་ཚ་བར་ཞུ་བ་ཡིན་ནོ།། དེ་ལ་མངར་བ་ལན་ཚྭ་ནི་མངར་བར་ཞུ་བའོ།། སྐྱུར་བ་ནི་སྐྱུར་བའོ།། ཚ་བ་དང་བསྐ་བ་དང་ཁ་བ་ནི་ཚ་བའོ།། དེ་ནི་འབྲས་བུ་ལས་རྗེས་སུ་དཔག་པ་ཡིན་ནོ།། ཞེས་སོགས་གསུངས་པའི་སྒྲུབ་བྱེད་ཀྱི་ལུང་རིགས་ཚད་ལྡན་འདིས་ཁ་བའི་དོད་དུ་ཚ་བ་ཡིན་པར་འདོད་ལ། ཅིའི་ཕྱིར་ཞེ་ན། ཟས་སྐོམ་སྨན་ལ་སོགས་པ་རོ་དྲུག་གང་ཞིག་ཐོག་མར་བད་ཀན་མྱག་བྱེད་དང་འཕྲད་པ་དེ་ཉིད་ས་ཆུའི་རང་བཞིན་ཤས་ཆེ་བ་ལས་ཞུ་རྗེས་ཀྱང་མངར་བ་དང་། བར་དུ་མཁྲིས་པར་འཇུ་བྱེད་ཀྱི་དུས་ན་ཆུའི་ཆ་ཤས་མེས་བསྐམས་ནས་མེ་ཤས་ཆེ་བའི་རང་བཞིན་ལས་ཞུ་རྗེས་ཀྱང་སྐྱུར་བ་དང་། ཐ་མ་མེ་མཉམ་རླུང་གིས་སའི་ཆ་ཤས་གཏོར་ནས་མེ་རླུང་ཤས་ཆེ་བར་གྱུར་པའི་རང་བཞིན་ལས་ཞུ་རྗེས་ཀྱང་ཚ་བར་འགྱུར་བས་སོ།། རྒྱུ་མཚན་དེའི་ཕྱིར་ཁ་བ་ལས་ལྡོག་པ་ཚ་བར་ཞུ་བ་ཞེས་རྒྱུ་འབྲས་བསླུ་མེད་ཀྱི་ཁྱད་ཆོས་དང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་ཞེས་པ་འབྱུང་འབྲས་དེ་ལྟར་རོ།། ཕོ་བའི་མེ་དྲོད་རྣམ་གསུམ་དང་འཕྲད་པའི་སྐབས། འོ་ན་ཞུ་རྗེས་ཁ་བ་མ་ཡིན་པའི་རྒྱུ་མཚན་གང་ཞེ་ན། གནས་སྐབས་ཀྱི་རྐྱེན་འདིར་གནས་སྐབས་སུ་ཞུ་བའི་རྗེས་ཀྱང་ཁ་བར་མི་འགྱུར་ཞིང་ཚ་བའི་རྣམ་པར་བཞག་པའི་རིག་པ་ཇི་ལྟ་བ་ནི་ཐ་མ་མེ་མཉམ་རླུང་དང་འཕྲད་སྐབས་མེ་རླུང་གི་ཆ་ཤས་ཆེ་བ་རིག་པས་གྲུབ་ཅིང་རྒྱུ་མཚན་དེའི་ཕྱིར་མེ་རླུང་ལས་རོ་ཚ་བ་མ་གཏོགས་ཁ་བ་མི་འབྱུང་བའི་ཕྱིར་རོ།། ཟས་སྐོམ་སྨན་ལ་སོགས་པ་ཞུ་རྗེས་གསུམ་ཁོ་ན་ལས་གཞན་པའི་ཞུ་རྗེས་མེད་ཅིང་གྲངས་གསུམ་དུ་ངེས་པ་ཡིན་ནམ་ཞེ་ན་དེ་ལྟར་མ་ཡིན་ཏེ། སྨན་ལ་ལ་ནི་ཞུ་རྗེས་ཁ་བར་ཞུ་བ་དང་། ལ་ལ་ནི་བསྐ་བར་ཞུ་བ། གཞན་ཡང་མངར་ལ་སྐྱུར་བ་དང་། ཚ་ལ་ཁ་བ་སོགས་ལྡན་པའི་ཞུ་རྗེས་ཀྱང་ཡོད་པ་ཤེས་དགོས་ཤིང་། དེ་ནི་བྱེ་བྲག་ཁྱད་པར་ལ་དགོངས་ནས་གསུངས་པ་ཡིན་གཤིས་གཙོ་བོ་ནི་མ་ཡིན་ནོ།། དེ་ཡང་། བདུད་རྩི་རྫིང་བུ་ལས། སླེ་ཏྲེས་མངར་ཞིང་ཁ་བསྐ་ཚ།། ཞུ་རྗེས་མངར་སྐྱུར་ལྡན་པ་ཡིན།། ཞེས་དང་། བདུད་རྩི་བུམ་པ་ལས། སྨན་སྒ་དང་ནི་སྒ་སྐྱ་གཉིས།། ཚ་མངར་ཚ་བ་ཞུ་རྗེས་ནི།། མངར་དང་ཁ་སྟེ་བད་རླུང་སེལ།། ཞེས་དང་། གཏེར་མཛོད་ལས། སྒ་སྐྱ་ཅུང་ཟད་བསྐ་དང་བཅས།། ཞུ་རྗེས་ཁ་དང་བསྐ་བ་ཡིན།། ཞེས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། རྒུན་འབྲུམ་འབྲས་བུའི་མཆོག་ཡིན་ཏེ།། རོ་ཙ་མིག་སྨན་བཤང་གཅི་སླ།། མངར་ཞིང་ཞུ་རྗེས་སྣུམ་པ་དང་།། ཅུང་ཟད་བསྐ་ཞིང་བསིལ་ལ་ལྕི།། ཞེས་དང་། ཡང་། ཡོན་ཏན་ཅུང་དམན་བ་རུ་ར།། ཞུ་རྗེས་ཚ་མངར་སྒྲ་མིག་ཕན།། ཞེས་དང་། ཟླ་ཟེར་ལས། དཔེར་ན་སྦྲང་རྩི་ནི་རོ་མངར་དུ་ཟིན་ཀྱང་། ཞུ་བའི་རྗེས་ཁ་བ་དང་། བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང་ནུས་པ་བསིལ་བར་བྱེད་པས་རླུང་སྐྱེད་པར་བྱེད་དོ།། ཞེས་པ་ལ་སོགས་དེ་ལྟ་བུའི་ལུང་རིགས་ཀྱིས་ཕྱུག་པའི་ཞུ་རྗེས་མི་འདྲ་བའི་སྐོར་འབྱུང་བ་ཤེས་པར་བྱའོ།།

 

གཉིས་པ། ཉེས་པའི་རྗེས་མཐུན་གྱི་ཞུ་རྗེས་བཤད་པ།

          ཕོ་བའི་མེ་དྲོད་རྣམ་པ་གསུམ་གྱི་སྟོབས་ལ་བལྟོས་ནས་བཤད་པའི་ཞུ་རྗེས་གསུམ་ཞེས་བྱ་ནི་ཉེས་པའི་རྗེས་སུ་མཐུན་པའམ་དེའི་ནུས་མཐུ་ལ་བརྟེན་ནས་བྱུང་བའི་ཞུ་རྗེས་ཞེས་བྱ་བ་སྟེ། བཤད་རྒྱུད་ལེའུ་ལྔ་པར་ཇི་སྐད་དུ། རོ་དྲུག་ཏུ་གཏོགས་པའི་ཟས་སྐོམ་གང་དང་གང་ཟོས་པ་དེ་དག་ཐམས་ཅད་ཀྱང་ཕོ་བའི་གནས་སུ་སླེབས་པའི་ཚེ། ཐོག་མར་བད་ཀན་མྱག་བྱེད་ཅེས་བྱ་བས་ཞིབ་ཏུ་མྱག་པར་བྱེད་ཅིང་། དེ་དག་ཀྱང་ས་ཆུའི་རང་བཞིན་ཡིན་པའི་དོན་གྱིས་རོ་ཡང་མངར་བ་ཤས་ཆེ་ཞིང་། རྣམ་པ་ལྦུ་བ་ཅན་བད་ཀན་གྱི་མཚན་ཉིད་དང་མཐུན་པར་གྱུར་ནས་བད་ཀན་མྱག་བྱེད་དེ་ཉིད་ཀྱི་སྟོབས་ཅུང་ཟད་སྐྱེད་པར་བྱེད་པ་དང་། བར་དུ་ལྦུ་བ་ཅན་དེ་ཉིད་མཁྲིས་པ་འཇུ་བྱེད་ཅེས་པའི་དྲོད་ཀྱིས་ཉེ་བར་བཞུས་པ་ལས་མེའི་ནུས་པ་རྣམ་པར་ཚ་བ་དང་། གོང་གི་སའི་ལྷག་མའི་བྱེད་པ་ལ་བརྟེན་ནས་རོ་ཡང་སྐྱུར་བ་ཤས་ཆེ་བར་གྱུར་པས་མཁྲིས་པ་འཇུ་བྱེད་དེ་ཉིད་ཀྱིས་སྟོབས་ཅུང་ཟད་སྐྱེད་པར་བྱེད་ལ། འཇུ་བྱེད་ཀྱིས་བཞུས་པའི་ཞུ་བ་དེ་ཡང་ཐ་མར་མེ་མཉམ་རླུང་གིས་སའི་ཆ་ཤས་ལྷག་མ་དེ་གཏོར་ནས་མེ་རླུང་གི་སྟོབས་ཀྱིས་དྭངས་སྙིགས་སོ་སོར་ཕྱེ་བའི་ཚེ་རོ་ཡང་ཚ་བ་ཤས་ཆེ་བར་གྱུར་བའོ།། རྒྱུ་མཚན་དེའི་ཕྱིར་ཕོ་བའི་མེ་དྲོད་རྣམ་པ་གསུམ་གྱི་ནུས་པ་ཕུལ་དུ་བྱུང་བ་ཞིག་ཡིན་གཤིས་ཉེས་པའི་རྗེས་སུ་མཐུན་པའི་ཞུ་རྗེས་སམ་གནས་སྐབས་ཀྱི་ཞུ་རྗེས་སྤྱིར་རགས་པའི་རྣམ་པར་བཞག་པའི་སྒོ་ནས་བསྟན་པའོ།།


གསུམ་པ། རོ་ཡི་རྗེས་སུ་མཐུན་པའི་ཞུ་རྗེས་བཤད་པ།

          རྟེན་འབྱུང་བ་ལྔ་ལས་སྐྱེས་པའི་སྨན་གྱི་རོ་དྲུག་གི་སྟོབས་ནུས་གཙོ་བོར་གྱུར་པའི་དབང་གིས་ཞུ་རྗེས་ཀྱང་མི་འདྲ་བ་བྱུང་བ་ནི་རོའི་རྗེས་མཐུན་གྱི་ཞུ་རྗེས་ཞེས་བྱ་བ་ཡིན་ལ་དེ་ནི་བཤད་རྒྱུད་ལེའུ་བཅུ་དགུ་པར་ཇི་སྐད་བསྟན་པའི་རོ་མངར་བ་དང་། ལན་ཚྭ་བའི་ཞུ་རྗེས་ནི་མངར་བ་ཉིད་དུ་ཞུ་བ་ཤས་ཆེ་བ་དང་། རོ་སྐྱུར་བའི་ཞུ་རྗེས་ནི་སྐྱུར་བ་ཉིད་དུ་ཞུ་བ་ཤས་ཆེ་བ་དང་། རོ་ཁ་བ་དང་། ཚ་བ་དང་། བསྐ་བ་ཉིད་ཀྱི་ཀྱི་ཞུ་རྗེས་ནི་ཁ་བ་ཉིད་དུ་ཞུ་བ་ཤས་ཆེ་བའོ།། སློབ་དཔོན་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པར། མངར་དང་ལན་ཚའི་ཞུ་རྗེས་མངར།། སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན།། ཁ་དང་ཚ་དང་བསྐ་བ་རྣམས།། ཞུ་རྗེས་ཕལ་ཆེར་ཁ་བ་ཡིན།། ཞེས་དང་། ཟླ་ཟེར་ལས། མངར་བ་ནི་ཞིམ་པའོ།། ལན་ཚྭ་ནི་ཚྭ་རྣམས་ཏེ་དེ་གཉིས་ཀྱི་ཞུ་བའི་རྗེས་མངར་བར་འགྱུར་རོ།། རོ་སྐྱུར་བ་ཟོས་པའི་ཁ་རྗེས་ཀྱང་སྐྱུར་བ་ཉིད་ཡིན་ནོ།། རོ་ཁ་བ་དང་ཚ་བ་དང་བསྐ་བ་རྣམས་ནི་ཕལ་ཆེར་ཁ་བར་འཇུ་བ་ཡིན་ནོ།། ཞེས་དང་། དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་དང་དེ་ཉིད་ཀྱི་འགྲེལ་པ་བྱང་ཟུར་སོགས་ཕྱིས་འབྱུང་གི་གསོ་བ་རིག་པའི་བསྟན་བཅོས་མང་ཆེ་བས་ཞུ་རྗེས་ཁ་བ་ཉིད་དུ་གསུངས་པ་ནི་ཉེས་པའི་རྗེས་མཐུན་གྱི་ཞུ་རྗེས་གཙོ་བོར་མ་དགོངས་ཤིང་། རོའི་རྗེས་མཐུན་གྱི་ཞུ་རྗེས་ལ་གཙོ་བོར་བལྟོས་ནས་གསུངས་པ་ཡིན་གཤིས་ཞུ་རྗེས་ཚ་བ་དང་ཁ་བ་རྣམ་གཉིས་ཀྱི་འདོད་ཚུལ་མི་འདྲ་བའང་དེ་ལྟར་འབྲེལ་ན་ལེགས་པར་མཐོང་ཞིང་འགལ་བའང་མེད་པའོ།།

 

བཞི་པ། གང་ལ་མི་བལྟོས་པ་རྫས་རང་གཤིས་ཀྱི་ཞུ་རྗེས་བཤད་པ།

          ཟས་སྨན་ཅི་རིགས་གང་ཞིག་སྤྱིའི་སྒོ་ནས་ཉེས་པ་གསུམ་ལས་བྱུང་བའི་ཕོ་བའི་མེ་དྲོད་རྣམ་པ་གསུམ་གྱི་སྟོབས་དང་། ཡང་ན་རོ་དྲུག་གང་ཡིན་གྱི་སྟོབས་ལས་ཞུ་རྗེས་ཀྱང་མི་འདྲ་བ་བྱུང་བ་ནི་གསོ་བ་རིག་པའི་ཞུ་རྗེས་ཀྱི་རྣམ་བཞག་གི་སྐབས་འདིར་བསྡོམས་ཚིག་གི་ཚུལ་དུ་བཀོད་ནས་བསྟན་པ་ཡིན་མོད། དེ་ལས་བློ་རིག་དམིགས་ཀྱིས་བསལ་ནས་ཕྲ་བར་དཔྱད་ན་དེ་གཉིས་གང་ལ་མི་བལྟོས་པ་རྫས་རང་ཉིད་ཀྱི་གཤིས་ལས་བྱུང་བའི་ཞུ་རྗེས་ཀྱི་རོ་མི་འདྲ་བ་ལ་གསོ་རིག་སྨན་གྱི་གཞུང་ལུགས་མང་པོ་ནས་གསུངས་པ་རེ་ཞིག་འདིར་དཔེ་མཚོན་ཙམ་བསྟན་པ་ནི། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ཆང་ནི་དྲོད་འབར་ཡི་ག་འབྱེད།། རྣོ་ཞིང་དྲོད་བསྐྱེད་ཁོང་བརྟ་དགའ།། མངར་བཅས་ཁ་ཞིང་ཚ་བ་དང་།། ཞུ་རྗེས་སྐྱུར་ཞིང་ཅུང་ཟད་འཁྲུ།། ཞེས་རོ་མངར་བཅས་ཁ་ཚ་ཡིན་ཀྱང་ཞུ་རྗེས་སྐྱུར་བ་ཉིད་དུ་གསུངས་པ་དང་། ཡང་། ཨ་རུ་ར་བསྐ་ཞུ་རྗེས་མངར།། རྩུབ་ཅིང་ལན་ཚྭའི་རོ་མེད་ཡང་།། ཞེས་རོ་བསྐ་ཡང་ཞུ་བའི་རྗེས་མངར་བ་ཉིད་དུ་ཞུ་བ་དང་། པི་པི་ལིང་རློན་བད་བསྐྱེད་མངར།། བསིལ་ཞིང་ལྕི་ལ་སྣུམ་པ་ཡིན།། སྐམ་པོ་དེ་ལས་ལྡོག་པ་སྟེ།། སྣུམ་ཞིང་རོ་ཙ་རོ་ཚ་ལ།། ཞུ་རྗེས་མངར་ཞིང་བད་རླུང་དང་།། ལུད་པ་དབུགས་མི་བདེ་སེལ་འཁྲུ།། ཞེས་རོ་ཚ་ཡང་ཞུ་རྗེས་མངར་བ་ཉིད་དུ་ཞུ་བ་དང་། མོན་སྲན་གྲེའུ་དཀར་སྲན་ཆུང་སོགས།། གང་བུ་ཅན་འབྲུ་རྩ་སྒོ་དགག། རོ་བསྐ་མངར་ཞིང་འཁྲུ་བ་གཅོད།། ཞུ་རྗེས་ཚ་ལ་བསིལ་ཞིང་ཡང་།། ཞེས་རོ་བསྐ་མངར་དང་ལྡན་པ་ཞུ་རྗེས་ཚ་བར་ཞུ་བ་དང་། རྒྱ་སྲན་ནག་ཚ་ཞུ་རྗེས་སྐྱུར།། ཞེས་རོ་ཚ་ཡང་ཞུ་རྗེས་སྐྱུར་བ་དང་། འབྲུ་ནི་མངར་ཡང་སྐྱུར་བ་ཉིད།། དེ་བཞིན་སེའུ་སྐྱུར་ཡང་མངར།། ཞེས་པ་དང་། ཤེལ་གོང་ལས། པ་ཏོ་ལ་ཞིམ་ཁ་ཚ་སྲིན་ནད་སེལ།། ཞུ་རྗེས་མངར་བས་ཡི་ག་འབྱེད་པར་བྱེད།། ཅེས་པ་ལ་སོགས་པ་མང་དུ་བསྟན་པ་དེ་དག་ནི་ཉེས་པ་གསུམ་གྱི་ཕོ་བའི་མེ་དྲོད་ཀྱི་སྟོབས་དང་། རོ་དྲུག་གང་ལ་མི་བལྟོས་པ་རྫས་རང་གཤིས་སུ་གྲུབ་པའི་དངོས་པོའི་ཆོས་ཉིད་ལས་བྱུང་བ་ཡིན་གཤིས་དེ་ལ་སོགས་པའི་ཞུ་རྗེས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་དགོས་པ་སྟེ། བཤད་འགྲེལ་མེས་པོའི་ཞལ་ལུང་ལས། རོའི་རྗེས་སུ་ཞུ་རྗེས་དང་ནུས་པ་འབྲང་བའི་ཚུལ་ཡང་མང་དུ་ཡོད་མོད་ཀྱི་ཞིབ་ཏུ་ན་འཇུ་ཚུལ་གོང་མ་གཉིས་ཀ་མ་ཡིན་པ་རོ་མངར་བའི་ཞུ་རྗེས་སྐྱུར་བར་ཞུ་ནས་བད་མཁྲིས་བསྐྱེད་པ་དང་། བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་ནུས་པ་བསིལ་བ་དང་། མངར་བའི་ཞུ་རྗེས་ཚ་ལ་ནུས་པ་བསིལ་བ་དང་། ཚ་བའི་ཞུ་རྗེས་ཚ་བར་ཞུ་ནས་ཉེས་གསུམ་བསྐྱེད་པ་དང་། ལན་ཚྭའི་ཞུ་རྗེས་ཚ་བར་ཞུ་ནས་དྲོད་བསྐྱེད་པ་དང་། ལན་ཚྭའི་ཞུ་རྗེས་མངར་བར་ཞུ་ནས་བད་ཀན་འཕེལ་བར་བྱེད་པ་དང་། ཚ་བའི་ཞུ་རྗེས་ཚ་བས་བད་རླུང་སེལ་བ་དང་། བསྐ་བའི་ཞུ་རྗེས་མངར་བར་ཞུ་ནས་ནུས་པ་རྩུབ་ཀྱང་ཉེས་ཀུན་སེལ་བ་དང་། བསྐ་བའི་ཞུ་རྗེས་ཚ་བར་ཞུ་ནས་བཅུད་ལེན་ལ་ཕན་པ་དང་། ཚ་བའི་ཞུ་རྗེས་མངར་བར་ཞུ་ནས་བད་རླུང་སེལ་བར་བཤད་པ་ལྟ་བུ་བསམ་ལས་འདས་ན། གནས་ཚོད་དུ་ཕོ་བའི་མེ་གསུམ་དང་སྨན་གྱི་རྒྱུ་རྐྱེན་རོ་ནུས་ཞུ་རྗེས་སོགས་མཐའ་གཅིག་ཏུ་དབང་མི་བཙན་པར་སྨན་གྱི་མཐུ་ཞེས་བྱ་བ་སྨན་རང་རང་གི་རང་བཞིན་ཁོ་ན་གཙོ་ཆེ་བ་ཡིན་ཞེས་གསུངས་སོ།།

 

ལྔ་པ། མཇུག་དོན་བསྡུ་བ་ནི།

          མདོར་ན་ཞུ་རྗེས་ཀྱི་རོ་ཡི་རྣམ་པར་བཞག་པའི་སྙིང་དོན་འགལ་འཁྲུལ་མེད་པ་ནི་མེ་དྲོད་རྣམ་གསུམ་གྱི་སྟོབས་ལས་ཞུ་བའི་ཚུལ་ཡང་མངར་སྐྱུར་ཚ་བ་གསུམ་དུ་ཞུ་བ་དང་། རོ་དྲུག་གི་སྟོབས་ལས་ཞུ་བའི་རྗེས་ཀྱང་མངར་སྐྱུར་ཁ་བ་ཤས་ཆེ་བ་འབྱུང་བ་ཡིན་གཤིས་ཞུ་རྗེས་གསུམ་ཞེས་སྤྱིར་རགས་པའི་སྒོ་ནས་གྲངས་གསུམ་དུ་བསྟན་པ་དང་། དེ་ལས་གཞན་པའི་ཞུ་རྗེས་ཀྱི་རོ་མི་འདྲ་བ་ཡོད་པ་གང་དག་རེ་ཞིག་ཆེས་དམིགས་ཀྱི་བསལ་བའི་སྒོ་ནས་བསྟན་པ་ཤེས་པར་བྱའོ།། ཞུ་རྗེས་ཀྱི་ཚུལ་ལ་ཉེས་པ་གསུམ་གྱི་རྗེས་མཐུན་ལས་བྱུང་བ་ནི་ཕོ་བའི་མེ་དྲོད་ཀྱི་སྟོབས་གཙོར་གྱུར་པ་ཡིན་པས་དེ་ནི་གནས་སྐབས་ཞུ་རྗེས་སམ་སྤྱིར་བཏང་རགས་པའི་རྣམ་པར་བཞག་པའི་ཞུ་རྗེས་ཡིན་པར་གོ་དགོས་པ་དང་། རོའི་རྗེས་སུ་མཐུན་པའི་ཞུ་རྗེས་ནི་རྟེན་འབྱུང་ལྔས་བསྐྱེད་པའི་རོ་དྲུག་མི་འདྲ་བ་གང་ཞིག་གི་སྟོབས་ལ་བལྟོས་ནས་ཞུ་རྗེས་ཀྱི་རོ་ཡང་མི་འདྲ་བ་འབྱུང་བ་གང་དག་བྱེ་བྲག་ཁྱད་པར་གྱི་རྣམ་པར་བཞག་པའི་ཞུ་རྗེས་ཡིན་པར་གོ་དགོས་པ་དང་། ཕོ་བའི་མེ་དྲོད་དང་རོ་དྲུག་གང་ལའང་བལྟོས་མི་དགོས་པའི་རྫས་རང་གཤིས་ཀྱི་སྟོབས་ལས་ཞུ་རྗེས་མི་འདྲ་བ་དེའི་དབང་གིས་ནུས་པ་ཡང་མི་འདྲ་བ་མང་དུ་བྱུང་བ་ནི། ཆེས་ཤིན་ཏུ་ཞིབ་པ་དམིགས་ཀྱིས་བསལ་བའི་རྣམ་པར་བཞག་པའི་ཞུ་རྗེས་ཡིན་པར་གོ་དགོས་ཤིང་། དེ་ལྟར་གོ་རིམ་གྱི་ཚུལ་གསུམ་པོ་དེས་གཞུང་གི་ཞུ་རྗེས་ཀྱི་རོ་ཞེས་པའི་གོ་དོན་འགལ་འཁྲུལ་མེད་པར་འབྲེལ་ཆགས་སུ་གོ་ནུས་པ་ཡིན་ནོ།། །།

- འདི་ནི་ཕྱི་ལོ་༡༩༩༤ ལོའི་བོད་ལྗོངས་ཞིབ་འཇུག་དུས་དེབ་བཞི་པ་ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 01.08.2016 ཉིན། 11:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།