སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་།

- བྱམས་པ་འཕྲིན་ལས།
 

  ཚེ་རིག་འཛིན་པ་ངག་དབང་སངས་རྒྱས་དཔལ་བཟང་ངམ། ཝྰགིནྡྲ་ཤྲཱི་བྷདྲ་ནི་གྲ་ཕྱི་ཁུལ་གྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་སྨན་པ་དང་།   སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དངོས་སློབ་ཐུ་བོ་ཞིག་ཡིན། སྔ་ཕྱིར་མི་རྗེ་སཱ་རའི་ཞབས་ལ་གཏུགས་ནས་གསོ་དཔྱད་མན་ངག་ལག་ལེན་སྐོར་མ་ལུས་པ་གསན། རྗེས་སུ་ << མན་ངག་ལྷན་ཐབས། >> ཀྱི་ <<གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པར་བཤད་པ་བདུད་རྩིའི་གཏེར་བུམ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད་བཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག >> ཅེས་པ་ཕྱོགས་སྒྲིག་གནང་།  
 

ལྷན་ཐབས་ལྡེ་མིག་ནི་གསང་རྒྱ་ཧ་ཅང་དམ་པོ་བྱེད་དགོས་པའི་མན་ངག་རྡོ་ལག་སྤྲོད་ཀྱི་གདམས་པ་ཡིན་པས་དམ་ཚིག་མི་གཙང་བའི་རིགས་ལ་སྤེལ་ན་བཀའ་ཆད་དང་།  བར་ཆད་ཡོང་ཞེས་སློབ་དཔོན་གོང་མ་ཚོས་ཐུགས་ནན་ཏན་གནང་གི་འདུག དེའི་སྐོར་ལྷན་ཐབས་འགོ་བརྗོད་སྐབས། དང་པོ་གདམས་པ་ཚིག་རྒྱུད་རྒྱ། །འདི་ལ་དགོས་པའི་ཆོས་དམ་ཚིག །སྔོན་བར་མཐའ་མའི་རིམ་པ་ཡང་། །མཚན་ལྡན་སློབ་དཔོན་འདི་ཤེས་ལ། །སྣོད་ལྡན་སློབ་མས་མན་ངག་ཞུ། །ཞེས་དང་།  ཡང་དེ་ཉིད་ལས། ཡི་གེའི་རྣམ་གྲངས་མཐའ་ཡས་ཀྱང་། །མཁའ་འགྲོའི་གསང་ཚིག་མ་ལགས་པའི། །ཀུན་གྲགས་དཀྱུས་སུ་འདི་འདྲི་ན། །བྱིན་ཡལ་བཀའ་འགལ་བར་ཆད་ཡོང་། །མན་ངག་འདོད་པ་མང་ན་ཡང་། །དམ་ཚིག་ཐུབ་ངེས་ཉུང་ཤས་ལས། །ཀུན་ལ་མི་སྟོན་མཁའ་འགྲོའི་རྒྱ། །བསྟན་ན་བཀའ་སྲུང་གསང་ཚིག་འཆོར། །གཞན་དོན་བྱེད་པ་མང་མོད་ཀྱང་། །ལྷག་བསམ་སེམས་བསྐྱེད་མི་ལྡན་ན། །སྙན་གྲགས་ལྟོ་ཕྱིར་རྙེད་འཚོལ་ལ། །གཏད་ན་ཉམས་པ་ཅན་དུ་འགྱུར། །ཤེས་རིག་བཀྲ་བ་མང་མཆིས་རུང་། །ཚད་ལྡན་སློབ་དཔོན་མི་བསྟེན་པར། །ཕོ་ཚོད་རང་བཟོའི་ཉམས་ལེན་གྱིས། །རང་གར་བྱས་ན་འཁྲུལ་པར་གོལ། །ནུས་ལྡན་སྨན་མཆོག་ཀུན་ཚོགས་ཀྱང་། །སྦྱོར་སྡེ་དེ་ཡི་སྙིང་པོའི་གཙོ། །གསང་སྨན་ཆད་ན་རོ་ནུས་འཆོར། །ནུས་པ་དམན་པས་ཕན་མི་འགྱུར། །དེ་ཕྱིར་བཤད་ཚུལ་ལྡན་གྱུར་ན། །བླ་མ་མཉེས་པས་བྱིན་རླབས་འཇུག །སློབ་དཔོན་དགྱེས་པས་མན་ངག་ལོན། །མཁའ་འགྲོ་མཉེས་ནས་དངོས་གྲུབ་ཐོབ། །ཆོས་སྲུང་མགུ་བས་བར་ཆད་སྲུང་། །བཀའ་རྒྱ་ཁྲོལ་བས་འགྲོ་དོན་རན། །དམ་ཚིག་ཀུན་ཚང་གཞན་ཕན་འགྲུབ། །བཤད་བཞིན་མཛོད་ཅིག་ཕྱི་རབས་ཀུན། །ཞེས་གསུངས་པ་ལྟར་ཡིན།
 

ངག་དབང་དཔལ་བཟང་གིས་གོང་དུ་གསལ་བའི་དམ་ཚིག་མཐའ་དག་ལེགས་པར་སྲུང་ཞིང་སློབ་དཔོན་གྱི་བཀའ་ལྟར་བསྒྲུབས་པས་སྡེ་སྲིད་རིན་པོ་ཆེས་མན་ངག་གབ་སྦས་མེད་པར་ཡོངས་རྫོགས་ཐུགས་ནས་ཐུགས་དང་།  སྙན་ནས་སྙན་དུ་བརྒྱུད་དེ་བཀའ་རྒྱ་བཀྲོལ། རྒྱུ་མཚན་ནི་ལྷན་ཐབས་ཀྱི་གསང་སྨན་རྣམས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་སོགས་འཕགས་བོད་མཁས་གྲུབ་མང་པོའི་ཞལ་སྒོ་ལས་ཉེ་བར་བརྒྱུད་དེ་ཆོས་རྒྱལ་བུདྡྷ་སཱརའི་ཐུགས་ཀྱི་ཡོལ་གོར་འཁྱིལ་བ་རྣམས་ངག་དབང་དཔལ་བཟང་གིས་ཅི་དགར་ལོངས་སུ་སྤྱོད་པ་ལས།  གཞན་གང་ལའང་བཀའ་རྒྱ་མ་བཀྲོལ།  དེ་དག་ནི་ཁོང་གིས་སྡེ་སྲིད་རིན་པོ་ཆེར་སྔ་ཕྱི་བར་གསུམ་དུ་ལུས་ངག་ཡིད་གསུམ་གྱི་དད་གུས་ལྷུར་ལེན་དང་།  སྣོད་ལྡན་གཅིག་ལས་གཅིག་བརྒྱུད་ཀྱི་འགྲོ་དོན་ཇི་སྲིད་བར་ཁྱབ་པའི་འཕྲིན་ལས་བྱུང་།
 

རྗེས་སུ་རབ་ཉི་ཆུ་འབྲུག (སྤྱི་ལོ་ 1712 )ལོ་སླར་ཡང་ <<མན་ངག་ཡོད་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ།>> ཞེས་བྱ་བ་ཕྱོགས་སྒྲིག་གནང་།  དེའི་མཆོད་བརྗོད་སྐབས། མི་རྗེ་ཚངས་པ་ལྷ་ཡི་སྲས་པོ་དེ། །མི་བདག་སེམས་དཔའ་ཆེན་པོའི་སྐུར་སྤྲུལ་ནས། །མི་མཐུན་ནད་སེལ་རྒྱུན་ཤེས་བུ་དང་མཚུངས། །མི་དབང་སངས་རྒྱས་རྒྱ་མཚོ་ཆེན་པོར་འདུད། །ཁྱེད་ཀྱི་ལྷན་ཐབས་ནོར་བུའི་བང་མཛོད་སྒོ། །འབྱེད་པའི་ལྡེ་མིག་ཟུར་རྒྱན་ཕྱི་མ་ཞེས། །ཚིག་དོན་དཀའ་གནད་སྦས་ཏེ་སྤུངས་པའི་དོན། །ཀུན་གྱི་སྙིང་པོ་གསལ་བྱེད་འདིར་བཀོར་དོ། །ཞེས་དང་།
 

མཇུག་བྱང་སྐབས། ངག་དབང་སངས་རྒྱས་དཔལ་བཟང་ཞེས་བྱ་བས། །མི་རྗེ་དེ་ཡི་གསུང་གི་བདུད་རྩིའི་རྒྱུན། །སྦས་པའི་དོན་ཀུན་གསལ་བྱེད་འདི་བཀོད་པས། །འགྲོ་བའི་ནད་རྣམས་ཐམས་ཅད་སེལ་གྱུར་ཅིག །ཅེས་མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ་ཞེས་བྱ་བ་འདི་ཡང་།  མི་རྗེ་དེ་ཉིད་ཀྱི་སློབ་མའི་ཐ་ཤལ་བ་ངག་དབང་སངས་རྒྱས་དཔལ་བཟང་གིས། རབ་བྱུང་ཉི་མའི་ནང་གི་དགའ་བ་ཞེས་པ་ཆུ་ཕོ་འབྲུག་གི་ལོར་སྨན་བླའི་ཞིང་ཁམས་རིན་ཆེན་བཞི་པའི་རི་བོ་ཆེའི་རྩེར་སྨན་པའི་རྒྱལ་པོའི་སྣང་བརྙན་དམ་པའི་སྐུ་མདུན་དུ་སུག་བྲིས་སུ་བསྟར་བ་འདི་ཀྱང་གསོ་བ་རིག་པའི་གནད་དོན་མཐའ་དག་གསལ་བར་གྱུར་ཅིག ཅེས་འཁོད་འདུག་པས་ངག་དབང་སངས་རྒྱས་དཔལ་བཟང་སྡེ་སྲིད་རིན་པོ་ཆེའི་སྐུ་ཚེའིི་མཇུག་དང་།  དེ་རྗེས་མན་ངག་ལྷན་ཐབས་ཀྱི་ལག་ལེན་དར་རྒྱས་གཏོང་རྒྱུ་དང་།  གསང་སྨན་གབ་སྦས་ལྷུག་པར་སྟོན་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཏེ་རིམ་གྱིས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་སྐུ་མདུན་པ་བླ་སྨན་སངས་རྒྱས་སྲིད་སྒྲུབ་ལ་གཏད། དེས་འཚོ་བྱེད་འཇམ་དབྱངས་རྒྱལ་མཚན་ལ་གནང་།  དེ་ནས་རིམ་པར་བརྒྱུད་དེ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ། དེ་ལས་ལྕགས་རིའི་འཚོ་བྱེད་རྣམས་ལ་བརྒྱུད་དེ་མཐར་སྨན་རྩིས་ཡོན་ཀྲང་མཁྱེན་རབ་ནོར་བུས་ལུང་རྒྱུན་སྤེལ་གནང་མཛད་པར་བརྟེན་ད་བར་བླ་མ་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཡིན་ནོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ནས་ཟུར་འདོན་ཞུས། 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 2:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།