སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མཇུག་དོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>

 

མཇུག་དོན།
 

དེ་ལྟར་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།》ཞེས་བྱ་བ་འདི་ནི་རབ་བྱུང་བཅུ་དྲུག་ལྕགས་བྱ་(སྤྱི་ལོ་1981)ལོའི་ཟླ་དགུ་པའི་ནང་བོད་ལྗོངས་བོད་སྨན་ལྟ་སྐོར་ཚོགས་པའི་སྣེ་འཁྲིད་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སླེབས་སྐབས་ཞིང་ཆེན་འཕྲོད་བསྟེན་ཐིང་གི་ཀྲུང་དབྱི་ཁྲུའུའི་རྒྱ་རིགས་སྣེ་ཤན་ཝང་ལགས་དང་སྔར་གྱི་ལོ་རྒྱུས་དང། མཁས་དབང་རིམ་བྱོན་སྐོར་ལ་ཕན་ཚུན་གླེང་མོལ་མང་པོ་བྱས་རྗེས་ངོས་ལ་བོད་ཀྱི་གསོ་རིག་ལོ་རྒྱུས་མི་སྣའི་ཆེད་རྩོམ་ཞེས་པ་བརྩམ་རྒྱུའི་རེ་འདུན་གནང་བ་དང་དེ་ལྟར་བྱུང་ཚེ་མི་རབས་རྗེས་མ་རྣམས་ཀྱིས་སྔོན་བྱོན་མཁས་དབང་ཚོའི་མཛད་རྗེས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཤིན་ཏུ་ཆེ་ཚུལ་གསུངས་ནའང་སྐབས་དེར་རང་གི་བསམ་པར་བོད་ཀྱི་གསོ་རིག་ལོ་རྒྱུས་སྐོར་ལ་ཁོག་འབུགས་རྒྱས་བསྡུས་སྣ་ཚོགས་ཡོད་པས་དེ་དག་ལས་ལྷག་པ་ཤེས་དམན་བདག་འདྲ་བས་འབྲི་ཐབས་ཅི་ལ་ཡོད་སྙམ་སྟེ་རང་གར་ལུས་ཞིང་། དེ་རྗེས་《ཀྲུང་གོའི་གསོ་རིག་ཀུནའདུས།》ཞེས་པའི་དཔེ་དེབ་ནང་མི་རིགས་སོ་སོའི་གསོ་རིག་ལོ་རྒྱུས་འབྲི་སྐབས་གཙོ་གནད་ནི་མཛད་རྗེས་རླབས་ཆེ་བའི་མཁས་དབང་ངོ་སྤྲོད་བྱེད་རྒྱུའི་སྐོར་ཡིན་ཚུལ་མཐོང་བར་བརྟེན་གོང་གསལ་ཝང་ལགས་ཀྱིས་གསུངས་པ་དེར་དགོས་པ་རྒྱུ་མཚན་ཡོད་ངེས་ཁར་པེ་ཅིང་དུ་སླེབས་ནས་ཀྲུང་དབྱི་མཁས་པ་འགའ་ཤས་ལའང་དེའི་སྐོར་བཀའ་འདྲི་ཞུས་པས་ཁོང་ཚོས་སྔར་ཡོད་བོད་ཀྱི་གསོ་རིག་ཁོག་འབུགས་ནང་གསལ་ལོ་རྒྱུས་མི་སྣ་དང་། ཡང་ན་དེ་མིན་རྣམ་ཐར་ནང་སྨན་པ་མཁས་ཆེན་སྐོར་གྱི་ཡིག་ཆ་ཇི་ཡོད་བཙལ་འཚོལ་གྱིས་དུས་སྐབས་དེ་དང་དེའི་དུས་སུ་སྨན་པ་མཁས་པ་སུ་བྱོན་ལྟ་བུ་ཆེད་མངགས་ངོ་སྤྲོད་བྱེད་རྒྱུ་བྱུང་ན་འབྱུང་འགྱུར་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་རིན་ཐང་ཆེ་བ་མ་ཟད། ན་གཞོན་ཚོར་ལོ་རྒྱུས་ཀྱི་ཤེས་བྱ་ཁ་གསབ་ཡོང་རྒྱུ། ད་དུང་རྒྱལ་ཁབ་ཕྱི་ནང་དུ་བོད་ཀྱི་གསོ་རིག་ལོ་རྒྱུས་མཚམས་སྦྱོར་བྱེད་རྒྱུ་བཅས་པར་གལ་ཆེའི་དོན་སྙིང་ཡོད་ཚུལ་གསུངས་པར་བརྟེན། ལྟ་སྐོར་ཚར་རྗེས་སྨན་རྩིས་ཁང་གི་མཁས་དབང་དགེ་རྒན་རྣམ་པར། ཁོ་བོས་སྔོན་གྱི་གསོ་རིག་ཁོག་འབུགས་རྣམས་ཀྱིས་རྨངས་གཞི་དང་། འབྲེལ་ཡོད་ཡིག་ཆ་བཙལ་འཚོལ་གྱིས་ཆེད་མངགས་བོད་སྨན་མཁས་པ་ངོ་སྤྲོད་ཞུ་བའི་རྣམ་ཐར་ཕྱོགས་བསྒྲིགས་ཞུ་རྩིས་ཡོད་པས་དེ་ལྟར་འགྲིག་མིན་དགོངས་སྐོར་ཞུ་སྐབས་ཁོང་རྣམ་པས་དེ་ལྟ་བུ་རྩོམ་འབྲི་བྱུང་ན་རང་གཞན་ཀུན་ལ་ཕན་ཐོགས་ཡོང་བར་མ་ཟད། དེང་གི་ཆར་གསོ་རིག་བསྟན་པའི་སྲི་ཞུ་གལ་ཆེན་ཡིན་པས་ངོས་ཚོས་ཀྱང་རྒྱབ་སྐྱོར་ཅི་ཐུབ་བྱས་ཆོག་ཅེས་དབུགས་དབྱུང་མཛད་པར་བརྟེན་ལོ་མཇུག་དེ་ནས་འགོ་བཙུགས་ཏེ་ད་བར་ལུས་སོང་།

སྤྱིར་ན་རྩོམ་པ་པོ་ལ་མཚན་ཉིད་མང་པོ་ཚང་དགོས་པ་དང་། ལྷག་པར་སློབ་དཔོན་ཀླུ་གྲུབ་ཀྱིས། ལུང་ལ་འདྲིས་ཤིང་ཚད་མ་མཁས། །རང་གི་ཉམས་མྱོང་མན་ངག་ལྡན། །ཡོངས་སུ་ཤེས་བྱའི་དངོས་པོ་ལ། །ཚད་དུ་ཕྱིན་ལ་མན་ངག་བརྩམས། །ཞེས་གསུངས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན།》 ཤོག་གྲངས་138 ན་༦ པར་ཐ་སྙད་མཁན་པོའི་དབང་དུ་བཏང་ན། སློབ་དཔོན་དབྱུག་པ་ཅན་གྱིས། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་དང་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཆོགས་པའི་རྒྱུ། །ཞེས་པ་འདི་ལ་མཆོག་དམན་ནམ་སྒྲ་ཡངས་དོག་གཉིས་ཀྱི་ཡང་བའི་དབང་དུ་བཏང་ན། སྐྱེ་བ་གོང་མ་གཞན་དུ་རྒྱལ་བའི་གསུང་རབ་ཕྱི་ནང་རིག་པའི་གནས་རྣམས་ལ་གོམས་པ་སྔོན་དུ་བྱས་པའི་མཐུ་ཡོངས་སུ་སད་པའི་བག་ཆགས་ཀྱི་ཚེ་འདིར་རང་བཞིན་གྱིས་གྲུབ་པའི་སྤོབས་པ་སྟེ་སྐྱེས་ཐོབ་ཀྱི་ཤེས་རབ་ཟབ་མོ་དང་། བྱེ་བྲག་སྤྱིར་གོང་ལྟར་དང་ཁྱད་པར་རིག་གནས་འདི་གའི་གཞུང་དང་། བསྟན་བཅོས་ཀྱི་ཚོགས། དེ་དང་འབྲེལ་བའི་སྔོན་གྱི་གཏམ་རྒྱུད། མིང་གི་མངོན་བརྗོད་ལ་སོགས་པ་ལེགས་བཤད་ཀྱི་ཚོགས་མང་དུ་ཐོས་པ། དེས་ཀྱང་མི་ཆོག་པར་ཐེ་ཚོམ་གྱི་དྲི་མ་མེད་པ། དེ་སེམས་པ་དང་གོམས་པ་ལ་མངོན་པར་སྦྱོར་བའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་མི་དམན་པ་སྟེ་གསུམ་ནི་སྐབས་དོན་སྙན་ངག་དང་། གཞུང་ལུགས་གང་གིའང་རིག་ཚུལ་ཕུན་སུམ་ཚོགས་པ་རྒྱུད་ལ་བསྐྲུན་པའི་རྒྱུར་བཤད་པ་དང་། ཞེས་སོགས་ཆ་རྐྱེན་མང་པོ་འཛོམས་དགོས་པར་གསུངས་ཀྱང་རང་ལ་ནི་དེ་ལྟ་བུ་ཅི་ལ་ཡོད། འོན་ཀྱང་ད་ལམ་གངས་ཅན་ལྗོངས་ཀྱི་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་འདི་ཉིད་སྔོན་ཆད་དམ་པ་རྣམས་ཀྱིས་མ་དགོངས་མ་གཟིགས་པ་ཅི་ལ་ཡིན་རུང་། དུས་སུ་བབས་མིན་དང་། ལྷག་པར་ཁོ་བོས་བགྱིད་བྱའི་བགོ་སྐལ་དུ་འཇོག་པ་གནང་བར་སྙིང་འཁུམས་ཏེ་བརྩོན་པ་ཆེན་པོས་རང་རེ་སྨན་རྩིས་ཁང་གི་མཁས་དབང་དགེ་རྒན་ཀུན་དགའ་ཕུན་ཚོགས་མཆོག་དང་། ཐུབ་བསྟན་ཚེ་རིང་མཆོག བློ་བཟང་སྙན་གྲགས་མཆོག ཁྲོ་རུ་ཚེ་རྣམ་མཆོག ཚུལ་ཁྲིམས་རྒྱལ་མཚན་མཆོག ཡེ་ཤེས་རྒྱལ་མཚན་མཆོག་སོགས་དང་། ད་དུང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་། མཚོ་སྔོན་རྨ་ལྷོ་ཁུལ་གྱི་ཤིང་བཟའ་སྐལ་བཟང་རྒྱ་མཚོ་མཆོག་བཅས་པར་དངོས་ཤུགས་བརྒྱུད་གསུམ་ནས་བཀའ་འདྲི་བཀའ་སློབ་ཞུས་པ་དང་། ཕྱོགས་མཚུངས་རང་རེ་སྨན་རྩིས་ཁང་གི་དཔེ་མཛོད་ཁོངས་སུ་ཡོད་པའི་ཁོག་འབུགས་དང་། དེ་མིན་འབྲེལ་ཡོད་སྨན་དཔེ་མི་ཉུང་པར་བལྟ་ཀློག་བྱས་པར་མ་ཟད། ལྷག་པར་ནོར་བུ་གླིང་ཁ་དང་། རྩེ་པོ་ཏཱ་ལའི་ཕྱག་དཔེ་ཁང་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ངོ་མས་གཟིགས་ཞིབ་དཔྱད་པ་མཛད་པའི་སྨན་དཔེ་བཀའ་མཆན་ཁྱད་དུ་འཕགས་པ་ཡོད་པ་མང་པོ་མཇལ་བ། གཞན་ཡང་ཞོལ་པར་ཁང་དང་། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭའི་དཔེ་མཛོད་ཁང་། བླ་བྲང་བཀྲ་ཤིལ་འཁྱིལ་དུས་འཁོར་གྲྭ་ཚང་གི་དཔེ་མཛོད་ཁང་། ནང་སོག་མཁར་སྔོན་པོའི་དཔེ་མཛོད་ཁང་། ཤིས་མོང་ཞིབ་འཇུག་སོའོ་ཡི་དཔེ་མཛོད་ཁང་། དེ་མིན་ནག་ཆུ་སྨན་རྩིས་ཁང་གི་ཡོན་ཀྲང་པདྨ་རྒྱ་མཚོ་དང་། ལྷ་རི་འགོ་རྫོང་བོད་སྨན་སྡེ་ཁག་གི་སྨན་པ་ཨུ་རྒྱན་ཚེ་དབང་། ཆབ་མདོ་རྫོང་བོད་སྨན་སྡེ་ཁག་གི་སྨན་པ་བྱམས་པ་དགེ་ལེགས་སོགས་ཀྱི་རིག་གནས་གསར་བརྗེའི་སྐབས་རང་གི་སྲོག་དང་བསྡོས་ཏེ་ས་འོག་ཏུ་སྦས་པའི་སྨན་གཞུང་བྲིས་མ་རྩ་ཆེན་སོགས་དཔྱད་གཞིའི་ཡིག་ཆ་མང་པོ་སྟེས་དབང་སྟབས་ལེགས་ཀྱིས་ལག་ཏུ་འབྱོར་བ་བཅས། ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། ཇི་ལྟ་ཇི་ལྟར་སྐྱེས་བུ་ཡིས། །བློ་ཡིས་དགེ་བའི་ལས་བྱེད་པ། །དེ་ལྟ་དེ་ལྟར་དོན་རྣམས་ཀུན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་ལྟར་ལེགས་གྲུབ་བྱུང་བ་ལས་རང་གི་ཤེས་ཡོན་གྱི་ཆ་ནས་བཤད་ན་ཤིན་ཏུ་ཉག་ཕྲ་བ་མེ་ལོང་དང་བྱད་བཞིན་གྱི་དཔེ་ལྟར་སྦ་གསང་བྱེད་ཐབས་བྲལ་བ་བཅས་མདོར་ན་ཕྱིན་ཆད་སླར་ཡང་འཁྲུལ་ཟད་ཀྱི་དཔྱད་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བ་དཔེར་ན་རིན་པོ་ཆེ་ས་ལེ་སྦྲམ་མེར་བསྲེགས། ལྕགས་ཀྱིས་བཅད། རྡོ་ལ་བརྡར་ཏེ་ལེགས་ཉེས་བརྟག་པ་དང་། ཇི་སྐད་དུ། སྔོན་ཚེ་རྒྱལ་བ་ཐུབ་དབང་ལ། །ཐམས་ཅད་མཁྱེན་ནམ་མི་མཁྱེན་ཞེས། །རྒྱལ་པོ་བྲམ་ཟེ་ཁྱིམ་བདག་རྣམས། །ཉམས་སད་བྱས་ཚུལ་འདུལ་བར་གསུངས། །ཐུབ་དབང་ཉིད་ཀྱང་བརྟག་དགོས་ན། །དེ་ཡི་གསུང་རབ་སྨོས་ཅི་དགོས། །བརྟགས་ནས་འདོར་ལེན་བྱེད་པ་དེ། །རྣམ་པ་ཀུན་ཏུ་མཁས་པའི་ལུགས། །ཞེས་གསུངས་པ་ལྟར་གནང་རྒྱུར་སྙིང་ནས་རེ་འདུན་ཞུའོ།།

སྨྲས་པ།
 

སྔོན་བྱོན་སློབ་དཔོན་རྣམས་ཀྱི་ཐུགས་རྗེ་དང་།།

ལས་སྨོན་རྟེན་འབྲེལ་བཟང་པོའི་མཐུ་སྟོབས་ཀྱིས།།

བསམ་འཕེལ་དབང་གི་རྒྱལ་པོའི་ཕྲེང་བ་འདི།།

དཔྱོད་ལྡན་གཞོན་ནུའི་མགུལ་དུ་མཛེས་གྱུར་ཅིག།

 

ཚིག་སྦྱོར་སྙན་པའི་ངལ་བ་མ་བསྒྲུབ་ཤིང་།།

རང་བཟོའི་ལོག་རྟོག་དྲི་ཡིས་མ་སྦགས་པར།།

དམ་པའི་རྣམ་ཐར་ཇི་བཞིན་བྲིས་པའི་མཐུས།།

གསོ་རིག་བསྟན་པའི་རྒྱལ་མཚན་སྒྲེང་བར་ཤོག།

 

ཆེན་པོའི་གོ་གནས་སྟོབས་ལྡན་གླང་པོའི་ཁུར།།

ཉམ་ཆུང་བེའུའི་ཕྲག་པར་ལྷུང་བ་ལྟར།།

གོང་མའི་རྗེས་ཤུལ་འཛིན་པར་དཀའ་ན་ཡང་།།

ལྷག་བསམ་དགེ་བའི་བྱ་བར་སྨད་མི་འཚལ།།

 

དམ་པའི་མཛད་རྗེས་བསྐལ་པར་གནས་པའི་ཕྱིར།།

འགྲོ་འོང་དྲུག་ཙམ་ཡུད་ཀྱིས་རྫོགས་གྱུར་ཀྱང་།།

བསྟན་ལ་ཕན་པའི་སྲི་ཞུ་མི་དམན་པ།།

ཚུལ་འདི་བསམ་གྱིན་ཁོ་བོ་སྐལ་པ་བཟང་།།

 

འདི་སྦྱར་དགེ་བས་རྗེས་འཛིན་རིག་པ་དག།

ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བ་དང་།།

སྐྱེ་རྒ་ན་འཆིའི་སྨག་རུམ་མཐུག་པོ་ལས།།

གྲོལ་ཏེ་སྡེ་བཞིའི་དཔལ་ལ་སྤྱོད་པར་ཤོག།
 

ཅེས་པ་འདི་ནི་སྨན་རྩིས་བསྟན་པའི་གཙུག་རྒྱན་མཁས་དབང་མཁྱེན་རབ་ནོར་བུའི་དངོས་སློབ། དུས་མཐར་བོད་ལྗོངས་སྨན་རྩིས་ཁང་གི་ཡོན་ཀྲང་མིང་འཛིན་ཝ་སྐྱེས་གདོང་ལྔར་བརྫུས་པ་བྱམས་པ་འཕྲིན་ལས་ཀྱི་རབ་བྱུང་བཅུ་བདུན་པའི་ས་འབྲུག་གནམ་ལོ་གསར་ཚེས་སྐབས་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས་རང་ཤག་ཏུ་ལེགས་པར་གྲུབ་པ་བཀྲ་ཤིས་ཤོག། །།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།