སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

མཁས་དབང་མཁྱེན་རབ་ནོར་བུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


མཁས་དབང་མཁྱེན་རབ་ནོར་བུ།

- བྱམས་པ་འཕྲིན་ལས།
 

            སྨན་རྩིས་བསྟན་པའི་གཙུག་རྒྱན་མཁས་དབང་མཁྱེན་རབ་ནོར་བུ་ཞེས་པའི་རིགས་རུས་ཆོ་འབྲང་ནི། ཡབ་ལྷོ་ཁ་རྩེད་ཐང་གི་རྩིས་རིག་སྨྲ་བ་ཀྲང་མགོ་ལེབ་བམ་རྩིས་པ་རྔ་བོ་ཆེར་གྲགས་པ་དང་། ཡུམ་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་དབྱངས་ཅན་མཚན་ཅན་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་(སྤྱི་ལོ་1883)ལོར་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གིེ་ཉེ་འདབས་ཁུལ་དུ་སྐུ་འཁྲུངས།
 

            བཙས་རྗེས་ཡབ་ཀྱིས་སྐྱེས་སྐར་བརྟག་པའི་རྩིས་འབྲས་ལ་སྐྱེ་རྟགས་སྐར་མ་སྤྱི་བོར་སོང་བས་མཚན་མ་བཟང་པོར་ངོས་འཛིན་གྱིས་བྱིས་པའི་དུས་ནས་ཕལ་པ་རང་ག་བ་ཞིག་མ་ཡིན་པར་དགོངས་ཏེ་བརྩེ་བ་ཆེན་པོས་བསྐྱེད་བསྲིངས་མཛད། སྐུ་ན་སོན་སྐབས་ལྷོ་ཁ་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་ཆོས་ཞུགས་སློབ་གཉེར་གནང་དུས་གང་གི་མཁྱེན་དཔྱོད་ཕུན་སུམ་ཚོགས་པ་དང་། བྱམས་སེམས་སྙིང་རྗེའི་ཐུགས་གཤིས་ལྡན་པ་སོགས་དམ་པའི་རང་རྟགས་འགོག་མེད་དུ་གསལ་བ་ནི། ཇི་སྐད་དུ། གཞོན་ནུར་ཐོ་ཅོའི་སྤྱོད་པ་རྣམས་སྤངས་ཏེ། །དམན་ལ་བྱམས་དང་ཡིད་གཞུངས་སྙིང་རྗེས་བརླན། །དུལ་ལ་བཟོད་དང་བརྩོན་འགྲུས་སྙིང་སྟོབས་ཅན། འདི་ཡང་རྒྱལ་སྲས་རྣམས་ཀྱི་ཁྱད་པར་ཆོས། །ཞེས་གསུངས་པ་ལྟར་དང་། དེ་ནས་རིང་པོར་མ་ཐོགས་པར་སྔོན་སྦྱངས་ལས་སྨོན་བཟང་པོའི་མཐུ་ལས་མཁྱེན་རབ་ནོར་བུ་མཆོག་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་གསན་སྦྱོང་གནང་རྒྱུར་གྲྭ་གཞོན་མང་པོའི་དབུས་ནས་བདམ་གསེས་བྱས་པའི་ཁོངས་སུ་ཚུད་དེ་ལྷ་སར་ཕེབས། ཐོག་མར་ལྩགས་རིའི་སྨན་པ་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་ཞེས་པའི་ཞབས་ལ་གཏུགས་ནས་སྨན་གཞུང་གསན་སྦྱོང་གི་དབུ་ཚུགས།

དེ་ཡང་ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། བདེ་བ་འདོད་ན་རིག་པ་དོར། །རིག་པ་འདོད་ན་བདེ་བ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །ཞེས་པ་ལྟར་དམ་པ་དེས་རིག་པ་དོན་གཉེར་ཆེད་དུ་ཉིན་མཚན་བལྟོས་མེད་ཀྱིས་བརྩོན་འགྲུས་དྲག་པོ་གནང་ཞིང་། ན་བཟའ་གསོལ་ཆས་སོགས་ལ་དང་དོད་མི་མཛད་པར་གྲྭ་རྐྱང་བྱ་བཏང་བའི་བརྟུལ་ཞུགས་བཟུང་དུས་ན་བཟའ་སྐུ་གཟན་ཧྲུལ་པོ་མདུད་པ་མང་པོ་བརྒྱབ་པ་ཞིག་ལས་བཞེས་རྒྱུ་མེད་པས་ལྕགས་པོ་རི་པ་ཚོས་བརྒྱ་མདུད་པ་ཞེས་མིང་འདོགས་བཏགས་པར་གྲགས། དེ་ལྟར་དཀའ་ཐུབ་ཆེན་པོས་འབད་བརྩོན་གནང་བར་བརྟེན་སྨན་གཞུང་ཐུགས་འཛིན་དང་། ཚོགས་འདོན་ཆོས་སྤྱོད་སོགས་དུས་ཚོད་ཐུང་ངུའི་ནང་རྒྱུགས་སྤྲོད་བདེ་བླག་ངང་གནང་ཐུབ་པ་བྱུང་།
 

རབ་ཚེས་མེ་བྱ་(སྤྱི་ལོ་1897)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་ཡོང་ཕྱིར་བཀྲས་ཁང་དངོས་གཞི་བ་བྱམས་པ་ཐུབ་དབང་དང་། སྟོད་ཤེལ་དཀར་ཆོས་སྡེའི་བྱ་སྦུག་དམ་ཆོས་དཔལ་ལྡན་རྣམ་གཉིས་ལ་སྐུའི་བླ་སྨན་བསྐོ་བཞག་དང་འབྲེལ་བརྒྱུད་འཛིན་དགེ་ཕྲུག་འཁྲིད་དེ་འཆད་ཉན་དར་སྤེལ་གཏོང་དགོས་པའི་བཀའ་བསྒྱུར་ཕེབས་པ་ལྟར་ལྕགས་རི་གྲྭ་ཚང་ནས་ཐེངས་གཉིས་པའི་གྲས་སུ་རྩེད་ཐང་ལྔ་མཆོད་པ་མཁྱེན་རབ་ནོར་བུ་དང་། བསྟན་པ་ཡར་འཕེལ། དབུས་སྟོད་བྲག་དབར་དགོན་གྱི་སྨན་པ་ཚུལ་ཁྲིམས་སྙན་གྲགས་གསུམ་འདེམས་སྒྲུག་བྱུང་བར་བརྟེན་བཀྲས་ཁང་སྤྱི་ཁྱབ་མཁན་པོའི་དྲུང་དུ་དཔལ་ལྡན་རྒྱུད་བཞི་དང་། གཞུང་འགྲེལ་བེེ་སྔོན་ལ་སོགས་པ་སྨན་གཞུང་མང་པོའི་འཁྲིད་ལུང་མན་ངག་ལག་ལེན་དང་བཅས་པར་སྦྱང་བརྩོན་དང་། ད་དུང་ལྔ་རིག་དབང་པོ་འཚོ་བྱེད་རྡོ་རྗེ་རྒྱལ་མཚན། འབྲས་ལྗོངས་བླ་མ་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། ཙཱ་རི་ཅི་ཅར་གདུང་འཛིན་སོགས་ལས་སྨན་རྩིས་དང་། སྒྲ་སྙན་ངག་སུམ་རྟགས་སོགས་གསན་བཞེས་གནང་། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་དགྱེས་པའི་ལང་ཚོ་ཞེས་སུ་གསོལ།

དེ་དུས་སློབ་དདཔོན་བཀྲས་ཁང་སྤྱི་ཁྱབ་མཁན་པོ་དང་། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། འབྲས་ལྗོངས་བླ་མ་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ་གསུམ་གྱི་དྲུང་དུ་ཉིན་ལྟར་ཕེབས་ཏེ་བཀའ་འཁྲིད་མ་ཆག་པར་གསན་རྒྱུ་མཐའ་འཁྱོངས་གནང་ཞིང་སློབ་འཁྲིད་ཞུས་པ་རྣམས་ཐུགས་ངེས་བྱུང་ཚེ་ཉིན་གུང་དུ་བག་ལེབ་ཉོས་ནས་ཞོལ་རྡོ་རིང་འཁྲིས་ལ་ཡུད་ཙམ་བཞུགས་ཏེ་སྐུ་ངལ་གསོ་བའི་ཚུལ་མཛད། ལྷག་པར་སློབ་དཔོན་དྲུང་དུ་རྒྱུགས་སྤྲོད་ཡག་པོ་ཞུ་ཐུབ་དུས་ལྷ་སར་སྤྱི་མདའི་ཟ་ཁང་ཞེས་པར་ཕེབས་ནས་སྤྲོ་གསེང་གི་ཚུལ་མཛད་པར་མ་ཟད། གསོལ་ཟས་བཞེས་པའི་རིང་ལའང་ཕྱག་དཔེ་གཟིགས་བཞིན་བཞུགས་པ་ལས་བག་གཡེང་རིགས་གཏན་ནས་མི་མཛད། གལ་ཏེ་སློབ་འཁྲིད་ཞུས་པ་ནས་སྣེ་གཅིག་ཙམ་ཐུགས་ངེས་མཐར་ཕྱིན་མ་བྱུང་ཚེ་གསོལ་ཟས་གཏན་ནས་མི་བཞེས་པར་རང་གིས་རང་ལ་ཆད་ལས་སུ་བཀལ་ཏེ་ཉིན་མཚན་དབྱེར་མེད་ཀྱིས་སྐྱོར་སྦྱངས་ཁོ་ན་མཛད་པ་སོགས་ལས་རིང་པོ་མ་ཐོགས་པར་མཁྱེན་དཔྱོད་ཀྱི་རྩལ་མྱུར་དུ་རྫོགས་པ་གྱུར་ཏོ།།
 

དེ་རྗེས་དགུང་ལོ་ཉེར་དགུ་ལྕགས་ཁྱི་(སྤྱི་ལོ་ 1912) ལོར་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་། སྨན་དཔེ་རྩོམ་སྒྲིག་གྱི་ཕྱག་ལས་དང་། སྨན་གཞུང་ཞིབ་འཇུག་གནང་བའི་འགོ་ཚུགས། དཔེར་ན། གསོ་བ་རིག་པ་ནས་བཤད་པའི་ལུས་ཐིག་ཟླ་བ་ནོར་བུའི་མེ་ལོང་གི་མཇུག་དོན་ནང་དུ། དེ་སྔོན་རབ་ཚེས་ལྕགས་ཁྱི་ལོར་རང་ཉིད་བགྲང་བྱ་ཉེར་དགུ་པར་དཔལ་ལྡན་འབྲས་སྤུངས་སྨན་སྦྱིན་ལས་ཐོག་མིང་འཛིན་སྐབས་རྩེད་ཐང་ཁང་ཚན་ལྷོ་རྒྱུད་ནང་གི་སྨན་གྲོང་གཉིས་པར་རྒྱུད་འགྲེལ་བཻ་སྔོན་སོགས་དང་། བྲིས་ཆ་སོགས་སྒོ་དུ་མར་ཟླ་གཉིས་ཙམ་ཞིབ་བརྟག་ནན་ཏན་གྱིས་ལག་ལེན་དུ་ཐེབས་པར་བྱས་ཏེ་འགའ་ཞིག་སར་རྒྱུད་ཚིག་གསར་ལེན་གྱིས་མཚལ་དང་། མཆན་བུ་རྒྱ་སྐག་གིས་ལེགས་པར་བཏབ་སྟེ་སློབ་དཔོན་བཀའ་དྲིན་ཟླ་མེད་རྡོ་རྗེ་རྒྱལ་མཚན་ཞལ་སྔ་ནས་ལའང་གཟིགས་ཞིབ་ཕུལ་བས་དགྱེས་ཚོར་ཆེན་པོས་བཀའ་བསྩལ་རིགས་ཀྱང་མནོས་ཏེ་བཅོས་བསྒྱུར་གདེང་འཁེལ་བྱས་ཤིང་། ཞེས་པ་དང་། དེ་བཞིན་དཔལ་ལྡན་རྩ་བའི་རྒྱུད་ཀྱི་སྡོང་འགྲེམས་《གསོ་རིག་རྒྱ་མཚོའི་སྙིང་པོ།》 དང་། 《སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ།》 《བྱིས་པ་བཙའ་ཐབས་ཀུན་ཕན་ཟླ་བའི་མེ་ལོང་།》 སོགས་བརྩམ་པར་མཛད། རབ་ཚེས་ཆུ་གླང་(སྤྱི་ལོ་ 1913) ལོ་བཤད་སྒྲ་བློན་ཆེན་སིམ་ལའི་ཆིངས་ཡིག་དོན་དུ་རྒྱ་གར་ལ་ཕེབས་སྐབས་དེའི་བླ་སྨན་ལ་བྱོན་ཞིང་། དབྱིན་ཇི་དང་། རྒྱ་གར་བ་སོགས་ཕྱི་རྒྱལ་གྱི་ནད་པ་གསོ་དཀའ་བའི་རིགས་འགའ་ཞིག་ལ་སྨན་བཅོས་ཀྱིས་བདེ་བླག་ཏུ་གསོ་བར་མཛད་པས་ངོ་མཚར་གྱི་བསྔགས་བརྗོད་དང་སྐུ་པར་བསྒྲོན་པ། དངོས་སྐྱེལ་འབུལ་བ་སོགས་བྱུང་སྟེ། གསོ་རིག་མཁས་པའི་མཚན་སྙན་བཟང་པོས་ཁྱབ་སྟེ་བོད་ལྗོངས་སུ་ཕྱིར་ཕེབས་བསྐྱངས། མེ་འབྲུག་(སྤྱི་ལོ་ 1916) ལོར་རྒྱལ་དབང་སྐུ་ཕྲེ་བཅུ་གསུམ་པས་མངའ་རིས་ཀྱི་བདེ་རྩར་དགོངས་ཏེ་བདག་རྐྱེན་ཚད་མེད་ངང་སྨན་རྩིས་སློབ་གྲྭ་གསར་འཛུགས་ཐོག་ལྕགས་རི་འགྲོ་ཕན་གླིང་དང་། སྨན་རྩིས་ཁང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱི་འགན་བཞེས་མཁྱེན་རབ་ནོར་བུ་མཆོག་ལ་བསྩལ་བ་དེས་སྔོན་དུས་ཡབ་ཀྱིས་སྐྱེས་སྐར་བརྟག་པའི་འབྲས་བུ་ཇི་ལྟ་བ་བཞིན་བྱུང་ཞེས་རྗེས་འཇུག་སློབ་མ་ཚོས་གཏམ་གླེང་བྱེད།
 

དེ་ནས་བཟུང་མཁས་དབང་མཁས་རབ་ནོར་བུའི་མཁས་པའི་སྙན་གྲགས་དང་མཛད་འཕྲིན་བཟང་པོའི་གཏམ་གྱིས་ཕྱོགས་དུས་ཀུན་ཏུ་ཁྱབ་པས་བློ་གསལ་དོན་གཉེར་ཅན་དུ་མས་ཞབས་ལ་གཏུགས། སྔ་ཕྱིར་རྒྱ་ཁྱབ་དགོན་སྡེ་ཁག་དང་། དམག་སྒར་ཁག སྔགས་འཆང་བརྒྱུད་འཛིན་འགའ། དེ་མིན་མཚོ་སྔོན་དང་། རྔ་པ་ཁུལ། དཀར་མཛེས་ཁུལ། ཁམས་ཕྱོགས། ཐ་ན་འབྲུག་པ་དང་། འབྲས་ལྗོངས། ལ་དྭགས། ཁུ་ནུ་བཅས་པའི་སློབ་མའང་འདུས་ཏེ་དངོས་སློབ་ཡང་སློབ་བསྡོམས་ཆིག་སྟོང་ཙམ་བྱུང་བ་རྣམས་ལ་སྨན་རྩིས་གཙོ་གྱུར་གྱིས་རིག་གནས་གཞན་དག་དག་ཡིག་དང་། སྙན་ངག སུམ་རྟགས། སྒྲ་ལ་སོགས་པ་དང་། གཞན་ཡང་བྱང་ཆུབ་ལམ་སྒྲོན། བཤེས་པའི་སྤྲིང་ཡིག སློབ་སྤྲིང་། ཐེག་དགུའི་དོན་སྟོན། ལམ་གཙོ་རྣམ་གསུམ་སོགས་རང་རང་གདུལ་བྱའི་བློ་དང་འཚམས་པར་གང་ལ་གང་འདུལ་གྱི་མཛད་པ་བཟང་པོས་སློབ་མ་སྐྱོང་བར་བརྟེན་གངས་ཅན་ཡུལ་གྱི་སྨན་རྩིས་བསྟན་པའི་ཤིང་རྟ་ཆེན་པོར་གྱུར།
 

དེ་ལྟར་རང་ཉིད་མཁས་པའི་གོ་འཕང་བརྙེས་ཀྱང་རྒྱ་མཚོ་ཆེན་པོ་ཆུ་ཡིས་མི་ངོམས་པ་ལྟར་ད་དུང་མཁས་བཙུན་བཟང་གསུམ་དང་ལྡན་པའི་ཚད་ལྡན་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ། འགོ་ལོག་བླ་མ་འཇམ་དཔལ་རོལ་པའི་བློ་གྲོས་དང་། མཚན་ཉིད་སྤྲུལ་སྐུ་འཇམ་དཔལ་ནོར་བུ། འབྲས་སྤུངས་ཁང་གསར་རིན་པོ་ཆེ། ཕ་བོང་ཁ་བདེ་ཆེན་སྙིང་པོ། ལྷ་བཙུན་རིན་པོ་ཆེ། སྐྱབས་རྗེ་དྷརྨ་སེང་གེ་ཞལ་སློབ་བླ་མ་འཇིགས་མེད་འཕྲིན་ལས། དགེ་འཕེལ་སྤྲུལ་སྐུ། འཇམ་དབྱངས་མཁྱེན་བརྩེ། རྫོགས་ཆེན་དཔལ་སྤྲུལ་སོགས་ལས་གསོ་རིག་རྒྱུད་བཞི་དང་། དུས་ཀྱི་འཁོར་ལོ། གཡུ་ཐོག་སྙིང་ཐིག་སོགས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་གསན་ཞིང་། རོང་ཐ་ཆུ་ཚང་བློ་བཟང་དམ་ཆོས་རྒྱ་མཚོ་ལས་བཻ་དཀར་བུ་དཔེའི་ཚངས་དབྱངས་རྒྱ་མཚོའི་འཁྲུངས་རྩིས་ཐོག་ནས་ཚེ་རབས་ལས་རྩིས་དང་། བག་རྩིས། གཤིན་རྩིས། དབྱངས་འཆར་འགྲེལ་པ། དཔལ་སྒྲོན་སྟེང་ནས་ལེའུ་བཅུ་ཀའི་འཁོར་ལོ་བཅས་ཁྲིད་རྒྱུན་གསན། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ངོ་མཚར་རྟོགས་བྱེད་རི་མོ་བཅས་གསན་བཞེས་གནང་ཞིང་། ད་དུང་སོག་པོི་དགེ་བཤེས་དགའ་ལྡན་གནས་བརྟན་ཞེས་པ་སྒྲ་ལ་ཤིན་ཏུ་མཁས་པ་ཞིག་གི་ས་ནས་སྒྲ་འགྲེལ་གསལ་ལྡན་གྱི་སྟེང་ནས་བརྡ་སྤྲོད་དབྱངས་ཅན་སྒྲ་མདོའི་རི་མོ་ཆ་ཚང་གསན་ཞིང་ངོམས་མེད་ཐོས་པའི་སྒྲོ་འདོགས་བཅད་པ་ནི། རྒྱལ་བུ་སྤྲིན་གྱི་གཞོན་པའི་རྟོགས་བརྗོད་ལས། དེ་ཡི་སྙན་དབང་རིན་ཆེན་སྣོད་ཡངས་སུ། །སྣ་ཚོགས་རིག་ཆུལ་འདོད་རྒུ་འབྱུང་བའི་གནས། །རྣམ་མང་ཐོས་པ་རྒྱ་མཚོའི་རྒྱུན་དག་ནི། །ཉིན་བཞིན་བབས་ཀྱང་མངོན་པར་འགེངས་མ་གྱུར། །ཞེས་གསུངས་པ་ལྟར་རོ།།
 

རབ་ཚེས་ས་རྟ་(སྤྱི་ལོ་1918) ལོར་སྐུ་བཅར་བླ་སྨན་ཆུང་བ་བྱ་སྦུག་དམ་ཆོས་དཔལ་ལྡན་སྐུ་ན་སྨིན་པའི་སྟབས་ཀྱིས་དགོངས་ཞུ་མཛད་པའི་ཚབ་ཏུ་རྒྱལ་དབང་མཆོག་ནས་ནང་མའི་ཕྱག་སམ་ཡང་ཡང་ཕེབས་པ་དང་། དེ་དག་གི་འདྲ་བཤུས་དང་། ཞུས་ལན་སྦྲགས་མའི་སྐོར་ཡིག་སྒྲིལ་ཆེ་ཙམ་ཡོད་པ་ད་ལྟ་མ་བཞུགས་སྐད། དེ་རྗེས་ཆུ་སྤྲེལ་ (སྤྱི་ལོ་ 1932) ལོར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་ཆེན་པོ་དགོངས་པ་གཞན་དོན་དུ་མ་ཕེབས་གོང་ལ་རྐྱེན་གཞན་གང་ཡང་མེད་པར་ཉིན་གཅིག་མཁྱེན་རབ་ནོར་བུ་མཆོག་བླ་སྨན་ཕྱིར་འཐེན་ཡིན་པའི་བཀའ་བསྒྱུར་ཕེབས་པ་དང་། དེའི་ཕྱི་ལོ་ཆུ་བྱ་(སྤྱི་ལོ་ 1933) ལོར་གོང་ས་མཆོག་མགུལ་ཆམ་ལྟ་བུའི་བསྙུན་གཞིས་རྐྱེན་པས་སྐུ་ཞིང་ལ་ཕེབས་དུས་གསོལ་སྨན་འབུལ་ཕྱོགས་ལ་བསྙད་པའི་དོ་ཕོག་ཉེན་ཁ་གང་ཡང་མ་བྱུང་བ་དང་། སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་སྔར་རྒྱུན་ལྟར་བསྐྱངས་ཐུབ་པ་བྱུང་སྟབས་མ་འོངས་སྔོན་གཟིགས་ཀྱི་མཛད་པར་ཤེས་ནས་སླར་ཡང་ངེས་རྙེད་ཀྱི་དད་པ་བླ་ལྷག་ཏུ་འཕེལ་ཞེས་ཡང་ཡང་གསུངས་པར་གྲགས།
 

དམ་པ་དེས་སྔ་ཕྱིར་སྨན་གཞུང་ཕྱོགས་སྒྲིག་དང་། གསར་རྩོམ་མང་དག་གནང་བ་གོང་གསལ་སྟེང་། 《རྒྱུད་ཀྱི་བཅད་སྟག་མོའི་རྔམས་ཐབས།》 དང་། 《བཤད་རྒྱུད་ཀྱི་སྡོང་འགྲེམས་ཟླ་ཤེལ་ནོར་བུའི་མེ་ལོང་།》 《ཉམས་ཡིག་བསྡུས་འབྲིང་དང་མན་ངག་ལྷན་ཐབས་ནས་བཤད་པའི་ནད་མིང་ཚིགས་སུ་བཅད་པ་རིན་ཆེན་ཕྲེང་བ་།》 《ཕྱི་མ་རྒྱུད་ཀྱི་སྤྱི་དོན་བསྡོམས་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག》 《ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས།》 《གཏར་རྩའི་བསྡོམས་ཚིག་གཞོན་ནུའི་ངག་རྒྱུན།》 《བྱིས་པའི་ནད་རིགས་བཅོས་པའི་ཉམས་ཡིག》 《ཁྲོག་སྨན་འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་བུམ་བཟང་།》 《བདུད་རྩི་སྔོའི་འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་སྙིང་ནོར།》 《སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ།》 《སྨན་སྦྱོར་ནུས་པ་ཕྱོགས་བསྡུས།》 《སྨན་སྦྱོར་བདུད་རྩིའི་བུམ་བཟང་།》 《སྨན་གྱི་རོ་སྡེབ་སྦྱོར་བའི་རེའུ་མིག》 སོགས་བརྩམ་པར་མཛད་པ་ནི། ཉིད་ཀྱི་གསུང་ལས། ཨེ་མ་སྲས་བཅས་རྒྱལ་རྣམས་ཀྱི། །ཐུགས་རྗེའི་རང་བཞིན་སྨན་གྱི་བླའི། །འཕྲིན་ལས་རྒྱུད་ཆེན་རྣམ་པ་བཞིའི། །དགོངས་དོན་འགྲེལ་ལ་ཐོགས་མེད་ཤོག །འདི་ཡང་ཚེ་ཡི་རིག་བྱེད་ལ། །ཐོས་དང་བསམ་པ་ལྷུར་ལེན་པའི། །བློ་གསལ་གཞོན་ནུ་རྣམས་ཀྱི་ངོེར། །རྒྱལ་བའི་བླ་སྨན་པྲཛྙཱས་སོ། །ཞེས་གསུངས་པ་ལྟར་དང་། དེ་མིན་སྐར་རྩིས་སྐོར་ལ་ས་རྟ་ལོ་རིགས་ལྡན་སྙིང་ཐིག་གི་རྩིས་འགོ་སྤོ་གནང་དང་། རྒྱ་རྩིས་རིགས་ལྡན་མཆོད་པའི་འོད་སྣང་གི་རྩིས་འགོ་བསྟུང་བ་སོགས་རྗེས་འཇུག་སློབ་མ་རྣམས་ལ་སློབ་ཁྲིད་འཆད་ཉན་བཀའ་དྲིན་བསྐྱངས་རིགས་ད་ལྟའང་མཐོང་བརྒྱུད་ཕྱག་ལེན་ཇི་བཞིན་མ་ཉམས་པར་གནས་ཡོད།
 

གཞན་ཡང་སྨན་རྩིས་བསྟན་པའི་སྲི་ཞུའི་ཆེད་དང་། འཆད་ཉན་དར་རྒྱས་ཡོང་ཕྱིར་སྔ་དུས་སྡེ་སྲིད་རིན་པོ་ཚེས་མཛད་པའི་སྨན་ཐང་བདུན་ཅུ་དོན་དགུ་ཡོད་པ་ཉམས་གསོ་དང་། འགའ་ཞིག་གསར་བཞེངས་གནང་བའི་ཁར་སྨན་རྩིས་ཁང་སློབ་གྲྭའི་ཚོགས་ཁང་གི་ལྡེབས་བྲིས་ལ་རྩ་བཤད་ཀྱི་སྡོང་འགྲེམས་དང་། གཏར་བསྲེགས་དཔེ་རིས། བྱང་ཁོག་ཡུལ་ཐིག་ལྷོ་བྲག་བསྟན་འཛིན་ནོར་བུས་ཕུང་པོ་དངོས་ལ་བལྟས་ཏེ་བྲིས་པའི་དཔེ་རིས། གསོ་རིག་རྒྱུད་བཞིའི་ཡོངས་གཏད་ལེའུའི་རི་མོ། དུས་འཁོར་ལུགས་ཀྱི་རི་རབ། གོ་ལའི་དཔེ་རིས་མི་འདྲ་བ། སྙན་ངག་བྱ་དཀའ་བའི་རྒྱན་གྱི་ཀུན་བཟང་འཁོར་ལོ་སོགས་སློབ་མ་ཚོར་བལྟ་བདེའི་རི་མོ་ཚར་དུ་དངར་བ་མིག་གི་བདུད་རྩི་ལྟ་བུ་གསར་བཞེངས་གནང་བ་སོགས་འགྲོ་ཕན་བཟང་པོས་དུས་འདའ་ཞི་བཞུགས་པར་མཛད། ལྷག་པར་དབྱར་དུས་བདུད་རྩི་སྨན་གྱི་ངོ་བོ་ངོས་འཛིན་རྒྱས་བཤད་དང་བཅས་པའི་ལག་ལེན་དམར་ཁྲིད་ཆེད་དུ་སྔོན་དུས་ལོ་ལྟར་ལྕགས་རི་གྲྭ་ཚང་གི་སྨན་པ་ཚོ་དང་སྨན་རྩིས་ཁང་གི་སྨན་སློབ་མཉམ་དུ་དང་། དེ་རྗེས་ལོ་གནངས་ཆགས་སུ་སྨན་རྩིས་ཁང་གི་སྨན་སློབ་རྣམས་དང་ལྷན་དུ། (བོད་ཟླ་7ཚེས་ 1ནས་ཚེས་ 15 བར) དོག་སྡེ་དང་། གཟིགས་མལ་ལ། ལུག་ནག་ཚལ་ཀ ཡེར་པ་ལྷ་རི་བཅས་སུ་ཕེབས་མཐར་ཆུ་སྦུག་ལ་བཞུགས་སྒར་ཐོག་སྨན་སློབ་རྣམས་ཀྱི་བདུད་རྩི་སྔོ་སྨན་གྱི་རྣམ་གྲངས་སུམ་བརྒྱ་ཙམ་གྱི་སྨན་ངོ་བཤར་ཏེ་སྦྱངས་འབྲས་ལ་གཞིགས་པའི་ཚན་གྲངས་གསོལ་རས་བསྩལ་བ་སོགས་ས་སྐྱོང་བུདྡྷ་སྭ་རའི་ཕྱག་བཞེས་ཉམས་མེད་ཀྱི་རྒྱུན་མཐུད་པའི་ཁར་སྨན་རྩིས་ཁང་བཙུགས་ནས་བཟུང་ཁྲོག་སྨན་སྨན་ངོ་རྒྱས་པ་ཐེངས་གསུམ་བཤར་བའི་གཙོ་སྐྱོང་སྐུ་ངོ་མས་གནང་ཞིང་། ཐེངས་དང་པོའི་སྐབས་སློབ་དཔོན་བཀའ་དྲིན་མཚུངས་མེད་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་གདན་ཞུས་ཀྱིས་ཐོན་སྐོར་གྲལ་སྒྲིག་ཟབ་རྒྱས་གནང་བར་སློབ་དཔོན་ཤིན་ཏུ་མཉེས་ཏེ་སྨན་པ་ཚོགས་ཡོངས་ལ་གསེར་ཊམ་གཅིག་གི་གསོལ་རས་དང་། འཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུང་གནང་། དམ་པ་དེས་སྨན་རྩིས་ཙམ་མ་ཟད་རིག་གནས་སློབ་གསོའི་བྱ་གཞག་གཞན་ལའང་ཐུགས་འཁུར་ཚད་མེད་བཞེས་ཏེ་བློ་གསལ་གཞོན་ནུ་ཚོར་ཡི་གེ་འབྲི་ཀློག་ནས་བཟུང་སྟེ་དག་ཡིག་ཁག་དང་། སུམ་རྟགས། སྙན་ངག མཚམས་སྦྱོར་ལྔ་བ། སྡེབ་སྦྱོར། ལཉྫ། ཝརྟུ་སོགས་ཁྲིད་སྦྱོང་གནང་བའི་སྲོལ་བཟང་གསར་བཏོད་སྟེང་སྨནརྩིས་སློབ་གྲྭ་ཐོན་པའི་སྐབས་སུ་རྒྱུགས་སྤྲོད་ལེགས་ཉེས་ལ་གཞིགས་ཏེ་ཨང་གྲངས་དང་གཉིས་ཀྱི་ལག་འཁྱེར་གསོལ་རང་བསྩལ་ཏེ་ཕྱིར་སློག་གནང་བ་ཚོས་ས་གནས་ཁག་ཏུ་འགྲོ་དོན་བཟང་པོ་བསྐྱངས་ཐུབ་པ་བྱུང་ཡོད། ལྷག་པར་དམ་པ་དེ་དགུང་གྲངས་བདུན་ཅུ་ལྷག་ཙམ་ཕེབས་དུས་(སྤྱི་ལོ་1952)གསོ་ཚུལ་གྱི་སྡོང་འགྲེམས་ཞེས་པ་བྱང་ཆུབ་ལྗོན་ཤིང་གི་ཚུལ་དུ་བཀོད་ནས་ལྗགས་རྩོམ་གནང་སྟེ་སློབ་མ་ཚོར་གསོ་དཔྱད་ཀུན་ལ་རྨོངས་པ་མེད་པ། བྱམས་པའི་སེམས་ལྡན་འགྲོ་བ་ནད་པའི་མགོན་སྐྱབས་དཔུང་གཉེན་དུ་ཆེ་བའི་སྨན་པ་མཆོག་གི་གོ་འཕང་དོན་དུ་གཉེར་དགོས་པའི་བཀའ་སློབ་དང་། དེའི་འཕྲོས་དོན་ཅུང་ཟད་སྨན་པ་ཞེས་པའི་ཞལ་གདམས་ཚིགས་བཅད་ཅན་གནང་བ་ལས། ལུས་ཀྱི་གནས་ལུགས་མ་ཤེས་ན། །གནས་ཁང་རྒྱུས་མེད་ཁང་གཉེར་འདྲ། །ལུས་ཀྱི་མཚན་ཉིད་མ་ཤེས་ན། །འཁོར་ལོའི་གནད་གསང་མི་ཤེས་འདྲ། །ནད་ཀྱི་རྒྱུ་རྐྱེན་མ་ཤེས་ན། །ནད་རིགས་དབྱེ་བ་ཤན་མི་ཕྱེད། །སྨན་གྱི་བསིལ་དྲོད་མ་ཤེས་ན། །ཕན་དང་གནོད་པ་ཕྱེད་འཁྱེར་ཡིན། །ཁྱད་པར་ནུས་སྟོབས་མ་ཤེས་ན། །རང་སྲིད་དགྲ་རུ་ལྡང་བ་འདྲ། །གསོ་ཚུལ་ལག་ལེན་མ་ཤེས་ན། །མུན་ཁུང་ཁུ་ཚུར་བརྡེག་པ་འདྲ། །དེ་ཕྱིར་ལུས་ནད་གཉེན་པོ་དང་། །གསོ་ཐབས་ཀུན་ལ་མ་རྨོངས་པ། །རྒྱལ་བའི་བཀའ་བཞིན་ཉམས་ལེན་པའི། །སྨན་པ་དེ་ལ་ཕྱག་བྱར་འོས། །དུས་བབ་ཀུན་ལ་དར་ཁྱབ་ཀྱི། །སྨན་བཅུད་དྭངས་མས་སྨན་ཐབས་དང་། །དཔྱད་དང་དཔྱད་ཀྱི་ཆ་བྱེད་ལ། །ངོ་མཚར་མཐོང་བས་རྗེས་ཡི་རངས། །རྨ་རིགས་འདྲལ་གཅོད་ལ་སོགས་པར། །རྣམ་དཔྱོད་དཔལ་ལྡན་ཡིག་འཕྲོག་ཀྱང་། །གནད་ལ་འཁེལ་ན་འཕྲལ་ཕུགས་སུ། །གནོད་ཕན་དབང་པོ་གཉིས་སུ་ཚོར། །གཉན་པའི་གནད་རིགས་ལ་སོགས་པ། །དཔལ་ལྡན་རྒྱུད་དུ་ཆེས་གསལ་ཡང་། །དགོས་རྒུ་མཐུན་རྐྱེན་ལ་བལྟོས་ནས། །སྔར་ཕན་དར་ཁྱབ་ཆུང་བར་འཁུམས། །ནད་རྩ་རླུང་མཁྲིས་བད་ཀན་གསུམ། །ནང་ན་ཡོད་པར་རྐྱེན་གྱིས་སློང་། །ཐམས་ཅད་ཕྱི་རྐྱེན་རྨ་ཤ་རུས། །ཆད་ལྷག་སྐྲངས་འབུར་ཁོ་ན་མིན། །ནད་རིགས་བཞི་བརྒྱའི་བརྒྱ་ཆ་ཙམ། །དེ་ལྟར་ཡིན་པ་སྲིད་མོད་ཀྱང་། །དེ་གཞན་ནད་རིགས་མཐའ་དག་དང་། །ངོས་འཛིན་གསོ་ཐབས་མ་འཆོལ་དགོས། །དེ་རྣམས་ཁོང་དུ་ཆུད་པའི་ཐོག་ །རྒྱལ་ཁབ་ཆེན་པོའི་ལུགས་སྲོལ་ལྟར། །དཔྱད་རིགས་ངེས་པར་མཁས་ལོབས་ན། །སྡུག་བསྔལ་ནད་སེལ་སྨན་བླ་དངོས། །ཞེས་སོགས་དཔེ་དོན་མང་པོའི་ཐོག་ནས་སྨན་པས་དོ་གལ་ཆེན་པོས་ནད་ཀྱིས་ངོས་འཛིན་དང་། གཉེན་པོ་གསོ་ཐབས་གོ་ལྡོག་ཏུ་མི་འགྲོ་བ་ཞིག་དགོས་ཚུལ་དང་། ཕྱོགས་མཚུངས་གསར་དར་གསོ་རིག་ཐོག་ནས་སྨན་ཁབ་དང་། གཤེག་གཅོད་སོགས་ངོ་མཚར་ཁྱད་དུ་འཕགས་པའི་བཅོས་ཐབས་ལ་རྗེས་སུ་ཡི་རངས་ཀྱི་རྣམ་པ་མཛད་པ་སོགས་གཞན་ཕན་ཐུགས་བསྐྱེད་བཟང་པོའི་རང་བཞིན་འགོག་ཏུ་མེད་པ་དང་། དེ་མིན་སྐུ་ཚེ་འདིར་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། སྤྲང་ལོང་ཉམ་ཐག་ལ་སྦྱིན་གཏོང་། ནད་པ་བྱམས་བརྩེའི་སྐྱོང་བ་སོགས་སྐུ་ཚེ་ཧྲིལ་པོར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་བསྐྱངས་ནས་འཚོ་ཞིང་བཞེས་པ་ནི། དཔགས་བསམ་འཁྲི་ཤིང་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང་། །སྙིང་རྗེ་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་དང་། ཤེས་རབ་སྡོང་བུ་ལས་། རྟག་ཏུ་སེམས་ཅན་ཕན་དགའ་རྣམས། །རིན་ཆེན་སྒྲོན་ལྟར་མཆོག་ཡིན་ཏེ། །སྣུམ་ལ་བལྟོས་པར་མི་བྱེད་ཅིང་། །སྣོད་དང་སྡོང་བུ་ལ་བལྟོས་མིན། །ཞེས་གསུངས་པ་ལྟར་ཡིན་ནོ།།
 

དེ་རྗེས་དགང་ལོ་བདུན་ཅུ་དོན་བདུན་རབ་རྒྱལ་ས་ཕག་(ཕྱི་ལོ་ 1959)ལོ་ལ་དམངས་གཙོའི་བཅོས་བསྒྱུར་སྐབས་ཏང་དང་མི་དམངས་སྲིད་གཞུང་གིས་སྨན་རྩིས་ཁང་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་རྒྱུར་ཐུགས་འཁུར་བཞེས་པ་དང་ཆབས་ཅིག་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་ཡོན་ཀྲང་ངོ་མའི་མཚན་གནས་དང་། རྒྱལ་ཡོངས་ཆབ་གྲོས་ཀྱི་ཨུ་ཡོན་འདམས་ཐོན་གནང་བ་སོགས་གཟིགས་བསྐྱངས་བླ་མེད་བྱུང་མཐར་དགུང་ལོ་བརྒྱད་ཅུར་ཕེབས་དུས་རབ་རྒྱལ་ཆུ་སྟག་(སྤྱི་ལོ་ 1962) ལོའི་སྤྱི་ཟླ་12 པའི་ཚེས་ 24 དང་བོད་ཟླ་ 10 ཚེས་ 28 ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །
 

སྐུ་ཚེ་འདིར་དངོས་སློབ་དང་ཡང་སློབ་སྟོང་ཕྲག་ལྷག་ཙམ་བྱུང་བའི་ནང་ནས་སྨན་རྩིས་དགེ་རྒན་གནང་མཁན་རིམ་བྱོན་ལྟར་བྱས་ན། ཟུང་མཁར་མདོ་སྔགས་གླིང་གི་སྨན་དགེ་བློ་བཟང་ཐབས་མཁས་དང་། ལྷོ་ཁ་བདེ་ཆེན་ཆོས་འཁོར་གྱི་རྩིས་དགེ་འཇམ་དཔལ་མཐུ་སྟོབས། རྩེད་ཐང་དགའ་ལྡན་ཆོས་འཁོར་གྱི་སྨན་རྩིས་གཉིས་ལྡན་དགེ་རྒན་དཔལ་ལྡན། ལྷོ་ཁ་སྨིན་གྲོལ་གླིང་གི་སྨན་དགེ་ཐུབ་བསྟན་དཔལ་འབར་དང་། འཇམ་དཔལ། ལྷོ་ཁ་དོལ་གསུང་རབ་གླིང་གི་སྨན་དགེ་ཐུབ་བསྟན། ཡར་འབྲོག་བསམ་སྡིངས་དགོན་གྱི་སྨན་དགེ་རྣམ་གྲོལ་ཆོས་དབང་། རྡོ་བྲག་ཨེ་ཝཾ་ལྕོག་སྒར་གྱི་རྩིས་དགེ་བྱམས་པ། སྙེ་མོ་རྒྱལ་བྱེད་དགོན་གྱི་རྩིས་དགེ་བློ་བཟང་མཁས་མཆོག དྭགས་པོ་བམ་རིམ་ཆོས་སྡེའི་སྨན་དགེ་བསྟན་འཛིན། ལྷོ་ཁ་དར་རྒྱས་གླིང་གི་རྩིས་དགེ་བྱམས་པ་ཆོས་གྲགས། ཡངས་ཅན་དགོན་གྱི་སྨན་དགེ་དཔལ་ལྡན་རྒྱལ་མཆན་། སྙེ་མོ་རྒྱལ་བྱེད་དགོན་གྱི་རྩིས་དགེ་ཡེ་ཤེས་ཆོས་འཕེལ། འཕྱོས་དཔལ་རི་དགོན་གྱི་སྨན་དགེ་དབང་ཕྱུག་རྡོ་རྗེ། འབྲི་གུང་ཡང་རི་སྒར་གྱི་སྨན་དགེ་དཀོན་མཆོག་ལྷུན་གྲུབ། འཕྱོངས་རྒྱས་རི་བོ་ཆོས་གླིང་གི་སྨན་དགེ་བློ་བཟང་བསྟན་པ། ཐོབ་རྒྱལ་དགའ་ལྡན་རབ་རྒྱས་ཀྱི་སྨན་དགེ་དཔལ་ལྡན་བསྟན་འཛིན། ལྷ་རྩེ་ཆོས་སྡེའི་སྨན་དགེ་ཡེ་ཤེས་རྒྱལ་མཚན། གོང་དཀར་ཆོས་སྡེའི་རྩིས་དགེ་ཚུལ་ཁྲིམས་ཆོས་འབྱོར་བཅས་དང་། ད་དུང་ཐུགས་སྲས་སྐུ་མཆེད་བླ་སྨན་མཁས་ཆུང་ཐུབ་བསྟན་ལྷུན་གྲུབ་དང་། དངོས་སློབ་བླ་སྨན་མཁན་ཆུང་བློ་ལྡན་ཆོས་གྲགས། བླ་སྨན་ལས་ཚན་ངག་དབང་ཆོས་གྲགས། །བླ་སྨན་ལས་ཚན་ཡོན་ཏན་ཚུལ་ཁྲིམས། བླ་སྨན་ལས་ཚན་བསྟན་འཛིན་ཆོས་གྲགས། སྨན་རྩིས་ཡོན་ཀྲང་སྐུ་གཞོན་ཀུན་དགའ་ཕུན་ཚོགས་སོགས་མང་དག་བྱུང་བ་རྣམས་ཀྱིས་སློབ་དཔོན་མཁྱེན་རབ་ནོར་བུའི་མཐོང་བརྒྱུད་ལག་ལེན་ཇི་ལྟ་བ་བཞིན་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་པ་ནི། རྒྱུད་བཞི་ཡོངས་གཏད་ལས་དེ་ལྟར་སྣོད་ལྡན་གཅིག་ལ་གཅིག་བརྒྱུད་ནས། རྒྱུན་མི་ཆད་པ་འགྲོ་དོན་བྱེད་པར་བསྔོ། །ཞེས་སྨན་རྒྱལ་མི་ཡི་གར་རོལ་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་ཐུགས་བསྐྱེད་དང་བསྔོ་བས་རྒྱས་བཏབ་པའི་མཐུ་ལས་བྱུང་བར་གོར་མ་ཆག་པའོ།། །།
 

 -འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།