སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

མཁལ་ནད་བརྟག་བཅོས་སྐོར་གྱི་མྱོང་ཚོར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.03.2014
བོད་ཀྱི་སྨན་བཅོས་རིག་པ། >>

 

རྒྱུན་མཐོང་མང་བའི་མཁལ་རླུང་གི་ནད་དང་།  མཁལ་ཚད། མཁལ་གྲང་།  ཁྲག་ཤེད་མཐོ་བའི་མཁལ་ནད་བཅས་ཀྱི་བརྟག་བཅོས་སྐོར་གྱི་མྱོང་ཚོར་བྱུང་བ་བརྗོད་པ།

 

 

སྨན་རམས་པ་ཟླ་བ།

 

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་བསྟན་པའི་མཁལ་མ་ནི་བྱང་ཁོག་སྨད་ལ་གནས་པའི་དོན་ལྔའི་ཡ་གྱལ་ཞིག་ཡིན་ཅིང་།  རྒྱབ་ངོས་ཀྱི་ཚིགས་པ་བཅུ་བཞི་པའི་གཡས་གཡོན་དུ་གནས་ཏེ་ཕྱིའི་བློན་པོའམ་གྱད་པས་གདུང་མ་འདེགས་པ་དང་འདྲ་སྟེ། དེའང་བཤད་རྒྱུད་འདྲ་དཔེ་བསྟན་པའི་ལེའུ་ལས། མཁལ་མ་ཕྱི་བློན་གྱད་པ་གདུང་འདེགས་འདྲ། །ཞེས་གསུངས་པ་ལྟར་དབྱིབས་དང་བྱེད་ལས་ཀྱི་ངོ་བོ་བསྟན་པ་དང་།  བྱེ་བྲག་གི་ལས་ཀྱང་།  མཁལ་མ་ཆུ་ཁམས་ཆུ་ཡི་རྟེན། །དྲི་ཆུ་འབྱིན་སྡོམ་ལས་བྱེད་དོ། །ཞེས་པ་ལྟར་འབྱུང་བ་ཆུ་ཁམས་གྱི་རྟེན་ཏེ་བད་ཀན་གྱི་བྱེད་ལས་དང་མཐུན་པའི་ལས་བྱེད་པ་དང་།  དྲི་ཆུ་འབྱིན་སྡོམ་གྱི་ལས་ནི་ཐུར་སེལ་རླུང་དང་འབྲེལ་ཏེ་བྱེད་པ་ཡིན། ཡང་ཕྱིས་སུ་བོད་ཀྱི་གསོ་རིག་མཁས་པ་འགས་ལོ་མང་ཞིབ་འཇུག་དང་ལག་ལེན་དངོས་ཀྱི་ཉམས་མྱོང་ཐོག་ནས་དེང་དུས་ཚན་རིག་དང་གཞི་མཐུན་གྱི་མཁལ་མས་ཁྲག་ནང་གི་མཁོ་མེད་སྙིགས་རོ་རྣམས་མཁལ་རིལ་ཆུང་བའི་ནང་ཚགས་བརྒྱབ་རྗེས། མཁལ་མའི་སྦུ་གུ་ཆུང་བའི་ནང་སླར་ཡང་དྭངས་སྙིགས་ཕྱེ་སྟེ་གཅིན་པར་བསྒྱུར་ཚུལ་དང་རིམ་པས་གཅིན་ལམ་མམ་རྒྱུ་གྲོག་གི་རྩ་བརྒྱུད་ལྒང་པའི་གནས་སུ་གསོག་གི་ཡོད་པ་འགྲེལ་ཏེ་གཞུང་དོན་ཁ་གསལ་བྱས་ཡོད།

ཉེས་པའི་དབང་དུ་བྱས་ན་མཁལ་མ་ནི་བད་ཀན་རྒྱུ་བའི་ལམ་ཡིན་པ་དང་།  དབང་པོ་ལྔ་ལས་རྣ་བ་དང་འབྲེལ་ཡོད་པ་སོགས་གལ་ཏེ་ཡུལ་དུས་དང་ཟས་སྤྱོད་ལོག་པའི་རྐྱེན་བྱུང་ཚེ་དེ་དང་འབྲེལ་བའི་ལུས་ལ་གནས་པའི་འབྱུང་བའི་ཁམས་དང་ཉེས་པ་རྣམས་འཕེལ་བ་དང་ཟད་པ་འཁྲུགས་པ་བཅས་ཀྱི་ཉེས་སྐྱོན་བྱུང་སྟེ་མཁལ་མའི་ནད་རིགས་མི་འདྲ་བ་རྣམས་བྱུང་བ་དང་།  དེ་དང་འབྲེལ་བའི་གནས་དང་དབང་པོ་སོགས་ལ་ནད་རྟགས་མངོན་ཚུལ་རྣམས་ཐོན་པ་ཡིན།

དེ་ཡང་གཞུང་དུ་མཁལ་ནད་ལ་དབྱེ་བ་བརྒྱད་ཙམ་གསུངས་ཡོད་པ་ལས་སྐབས་འདིར་རྒྱུན་དུ་མཐོང་མང་བའི་མཁལ་རླུང་དང་།  མཁལ་ཚད། མཁལ་གྲང་།  ཁྲག་ཤེད་མཐོ་བའི་མཁལ་ནད་བཅས་ཀྱི་སློང་རྐྱེན་དང་།  ནད་རྟགས། བཅོས་ཐབས་བཅས་ཀྱི་སྐོར་གཙོ་བོ་གཞུང་གི་དགོངས་དོན་གཞིར་བཞག་ཐོག་ལོ་མང་རིང་རང་ལ་བྱུང་བའི་མྱོང་བ་ཇི་བྱུང་སྐབས་འདིར་མན་ངག་ཡིན་པར་ཞུ་ནུས་མ་མཆིས་ཀྱང་རྣམ་དཔྱོད་ལྡན་པའི་བོད་ཀྱི་གསོ་རིག་ལག་ལེན་བྱེད་པོ་རྣམས་ལ་ཐུགས་ཞིབ་དཔྱད་པ་གནང་རྒྱུར་ཕན་འབྲས་ཏིལ་འབྲུ་ཙམ་ལས་མ་ཐོན་རུང་འབུལ་འོས་པའི་ནུས་པ་འགན་དང་དུས་ལ་བབས་པར་སྐུལ་བ་བཞིན་དཔྱད་གཞིའི་ཚུལ་དུ་ཕུལ་ཡོད།

 

དང་པོ། མཁལ་རླུང་གི་ནད།

མཁལ་རླུང་ཞེས་པ་ནི་མཁལ་མར་རླུང་ཞུགས་པའི་ནད་ཅིག་ཡིན་ཅིང་།

    ནད་འདིའི་སློང་རྐྱེན་ནི།     ཁ་ཟས་རྗེན་པ་སྟེ་སུ་པན་མངར་མོ་(སྲོ་ལོ་སྔོན་པོ།) ཁ་དོག་དམར་པོ་དང་།  ལྗང་གུ སེར་པོ་གསུམ་དང་།  ཁྱི་ར། ལོ་འཁོར་པད་ཚལ་སོགས་དང་།  མངར་ཟས་ཀྱི་རིགས། ཡང་ན་རོ་ཁ་ལ་ནུས་པ་བསིལ་ལ་རྩུབ་ཅིང་ཡང་བའི་ཟས་སྐོམ་རིགས། ཇ་གར་མ་དང་ཀོ་ཕི་སོགས་དུས་ཀྱི་དབྱེ་བ་མེད་པར་ཡུན་དུ་བསྟེན་ཆེས་པ་དང་།  སྤྱོད་ལམ་བརླན་སྟེང་དང་།  ཡང་ན་རླུང་གྲང་མོ་ཡོད་པའི་སར་ཡུན་རིང་སྡོད་པའམ་ལུས་ཀྱི་ལས་རྩོལ་མང་དུ་བྱེད་པ། སེམས་ལས་ཆེས་པ། ཁོང་ཁྲོ་བྱེད་པ་སོགས་ཀྱིས་མཁལ་མའི་དྲོད་དང་བྱེད་ལས་ཉམས་པའི་ཁར་རླུང་དང་བསྡོངས་པས་མཁལ་རླུང་གི་ནད་དེ་ཞུགས་པ་ཡིན།

 

    ནད་རྟགས་གཙོ་བོ་ནི།    མཁལ་རྐེད་ཁུལ་དང་དཔྱི་རུས་བརྒྱུད་དེ་ལུས་སྨད་ལ་ཟུག་ངེས་མེད་གཏོང་བ་དང་།  རྐེད་པའི་ལྷུ་ཚིགས་བྲལ་སྙམ་ལྟར་ན་བ། ཁྱད་པར་མཚན་མོའི་དུས་ལྡང་ཞིང་ནད་མིག་གསལ་པོ་མི་རྙེད་པ། རྣ་བ་འུར་བའམ་ཡང་ན་འོན་ཏེ་སྒྲ་གསལ་པོ་མི་གོ་བ། མཁལ་རྐེད་ལ་དྲོད་ཞན་པ། གྲང་ན་ན་ལ་དྲོད་ན་བདེ་སྙམ་བྱེད་པ་ཡིན། ནད་དེར་ཕྱི་ལུགས་ཀྱི་འཕྲུལ་ཆས་ཐོག་ནས་ནད་ངོས་བཟུང་བ་དཀའ། དེ་ཡང་འཕྲུལ་ཆས་ཀྱི་མཁལ་མའི་ནང་མིག་གི་མཐོང་རྒྱུ་ཡོད་པའི་དངོས་པོའམ་རྫས་ཕྲ་རགས་དེ་རྣམས་ལ་སྐྱོན་ཇི་ཡོད་རྟོགས་པ་ལས་མཁལ་མའི་དྲོད་ཉམས་པ་དང་རླུང་བསྡོངས་པ་དེ་འཕྲུལ་ཆས་ཀྱིས་མཐོང་མི་ཐུབ་པའི་རྒྱུ་མཚན་གྱིས་དེ་ལྟ་བུའི་ནད་པར་ཧ་ལམ་ནད་མེད་པའམ་ཡང་ན་ནད་ངོས་མི་ཟིན་པ་ལྟ་བུ་ཡོང་བ་མཐོང་ཆོས་སུ་ཡོད། དེ་ལ་བོད་སྨན་གྱི་ཐོག་ནས་ནད་དེའི་རྒྱུ་རྐྱེན་དང་ནད་རྟགས་སོགས་ལ་གཞིགས་ཏེ་མཁལ་རླུང་གི་ནད་ལ་ངོས་འཛིན་པ་ཡིན།

 

    བཅོས་ཐབས།       གོང་དུ་སློང་རྐྱེན་སྐབས་སྨོས་པའི་ཟས་དང་སྤྱོད་ལམ་རྣམས་སྤོང་བའམ། ཡང་ན་ཉུང་དུ་གཏོང་བ་དང་།  རྗེན་རིགས་རྣམས་སོས་ཀ་དང་སྟོན་ཀའི་དུས་སུ་ཕྲན་བུ་བསྟེན་པ་ཕུད། དབྱར་ཀ་ཆར་དུས་སྐབས་དང་།  དགུན་དཔྱིད་གཉིས་ལ་སྤང་བའམ་ཡང་ན་ཉུང་ངུ་བསྟེན་པ་དེ་ཡང་ཚོས་པར་བཙོས་ནས་བཙོང་སྒོག་དང་།  སྒ་སྐྱ། སུག་སྨེལ། ན་ལེ་ཤམ། ཤིང་ཚ་སོགས་དྲོ་ལ་སྣུམ་པའི་སྤོས་ཀྱི་རིགས་བཏབ་ན་སྔོ་ཚལ་རྣམས་བཙོས་པའི་རྗེས་ནུས་པ་དྲོད་དུ་བསྒྱུར་བའི་ཁར་དྲོ་ལ་སྣུམ་པའི་སྤོས་སྣ་དེ་རྣམས་ཀྱིས་དེ་བས་ཟས་ཀྱི་ངོ་བོ་སྙོམས་ནས་འཇུ་སླ་བ་དང་མཁལ་མ་ལའང་དེ་ཙམ་གནོད་ཆེར་མི་བྱུང་བ་ཡིན། སྨན་ཡང་ཕལ་ཆེར་ཞོགས་པ་མཁལ་རྐེད་ཀྱི་དྲོད་ཉམས་པ་དང་ནུས་སྟོབས་གསོ་བའི་ཆེད་དུ་སེ་འབྲུ་ཉི་དཀྱིལ་དང་།  སེ་འབྲུ་ཀུན་བདེ། ཉིན་དགུང་འབའ་སམ་ལྷ་ལུང་།  དགོང་མོ་ཨ་གར་བཅུ་བདུན་དང་།  ཨ་གར་སོ་ལྔ། ཤིང་ཀུན་ཉེར་ལྔ་སོགས་བསྟེན་ན་ཕན་ཆེ་བར་མངོན། ཡང་སྐབས་འགར་མཁལ་རྐེད་རྒྱུད་ལ་ཨ་རག་དང་ཡང་ན་ཏིལ་མར་དང་སོ་ལྔའི་ཕྱེ་མ་མཉམ་བསྲེས་ཀྱིས་བྱུག་པ་བྱས་པ་དང་དྲོད་དུགས་བྱསཔས་ཀྱང་ཕན་ལ། དེ་བཞིན་ནད་ཚབས་ཆེ་ན་ཚིགས་པ་བཅུ་བཞི་པར་ཁ་གསུམ་བསྲེག་པས་ཕན་རླབས་ཆེ་བར་མངོན།

 

གཉིས་པ། མཁལ་ཚད་ཀྱི་ནད།

མཁལ་ཚད་ནི་མཁལ་མར་ཚ་བ་ཞུགས་ནས་གཉན་ཁ་རྒྱས་པའི་ནད་ཅིག་རེད།

    ནད་འདིའི་སློང་རྐྱེན་ནི།         ཚད་ནད་ཕོག་ནད་དུས་སུ་བཅོས་མི་ཐུབ་པར་ཚད་མཇུག་མཁལ་མར་བབས་པ་དང་།  བརླན་སྟེང་དུ་གཉིད་ལོག་པ་དང་ཆུ་གྲང་མོའི་ནང་ཡུན་རིང་ཞུགས་པ། གྲང་ངད་ཆེ་བས་ལུས་ཁམས་འཁྱགས་པ། བརྡབས་སྐྱོན་དང་མི་ཐེག་པ་ཁུར་བ། རྗེན་པ་དང་མངར་སྐྱུར་གྱི་རིགས་བསྟེན་དྲགས་པ་སོགས་ཀྱིས་མཁལ་མ་ཆུ་ཁམས་ཀྱི་རང་བཞིན་ཡིན་ཀྱང་དྲོད་ཀྱི་ཚད་ངེས་ཅན་ཞིག་ཡོད་པ་དེ་གློ་བུར་དུ་ཉམས་ནས་ཚད་ནད་ཀྱིས་རྐྱེན་བྱས་ཏེ་ཚད་པ་རྒྱས་ནས་མཁལ་ཚད་ཀྱི་ནད་དེ་སློང་བ་ཡིན། དེ་ཡང་དགུན་དུས་གནམ་གཤིས་གྲང་ངར་ཆེ་བའི་སྐབས་ཆུ་གྲང་མོའི་ནང་ལག་པ་བཅུག་སྟེ་ལམ་ཙམ་ནས་ཕྱིར་བཏོན་རྗེས་ལག་པར་རིམ་པས་དྲོད་སླེབས་པའི་སྐབས་ན་ཟུག་གཏོང་བ་དང་དུས་མཚུངས་དྲོད་འབར་བ་ལྟ་བུ་ཡིན། ནད་དེ་འཕེལ་ཚུལ་མྱུར་བ་དང་།  ལུས་ལ་ཚ་བ་རྒྱས་པ། ན་ཟུག་ཆེ་བ་སོགས་དོད་དྲགས་པའི་རང་བཞིན་གྱི་མཁལ་ནད་ཅིག་ཡིན།

 

    ནད་རྟགས་གཙོ་བོ་ནི།       མཁལ་རྐེད་ཀྱི་རྒྱུད་དུ་ན་ཟུག་དྲག་པོ་གཏོང་བ་དང་།  ཚ་བ་རྒྱས་པ། གཅིན་ཁ་སྙི་ཞིང་མདོག་ཁྲག་ལྟར་དམར་ལ་ཉོག་པ། ཡང་ན་གཅིན་པ་མཉམ་དུ་ཁྲག་འདྲེས་ནས་དོན་པ། ཡང་ཡང་བབས་པ་དང་བསྐུམ་མི་ཐུབ་པ། གཅིན་ལམ་ལ་ཚཤར་རྒྱག་པ། དྲི་དང་རླངས་པ་ཆེ་བ། གདོང་དང་མིག་པགས་སྐྲངས་སྦོས་བྱེད་པ། རེ་འགར་ལུས་ལ་སྐྲངས་སྦོས་བྱེད་པ། རྣ་བ་འོན་པ། འགྲོ་འདུག་གང་བྱས་ནའང་ན་བ། ཆང་རག་སོགས་ནུས་པ་དྲོད་ཆེའི་རིགས་བསྟེན་ན་ལྷག་པར་ན་བ་སོགས་ཀྱི་ནད་རྟགས་མངོན་ཚུལ་བྱུང་བ་ཡིན། ཡང་ནད་དེས་རྐྱེན་པས་མཁལ་མའི་བྱས་ལས་ཉམས་པའི་དབང་གིས་ཁྲག་ཤེད་མཐོ་བའི་ནད་ཀྱང་སློང་བ་ཡིན།

 

    བཅོས་ཐབས་ནི།    ཁ་ཟས་ཚ་སྐྱུར་གྱི་རིགས་ཏེ་སུ་པན་གྱི་རིགས་དང་།  ཤིང་ཏོག་ཚ་ལུ་མ་དང་དེ་ལས་བཟོས་པའི་ཁུ་བ། ཆང་རག ཀོ་གའ་ཀོ་ལ(coca cola)། ཤིང་ཏོག་ཨྰམ་དང་དེའི་ཁུ་བ་སོགས་ཀྱི་རིགས་བསྟེན་རྒྱུ་མེད། ཐོག་མར་ནད་དེའི་ཚ་བ་དང་གཉན་ཁ་གཅོག་ཐབས་བྱེད་རྒྱུ་དེ་གལ་ཆེ་ཡིན་པ་དང་།  དེ་ནས་རིམ་པས་མཁལ་མའི་ནུས་པ་དང་བྱེད་ལས་གསོ་ཐབས་བྱེད་རྒྱུ་དེ་ཡིན་པས་ན་སྔོན་ལ་སྨན་ཨ་རུ་བཅུ་པ་དང་།  སར་ཁྱུང་།  ཨ་རུ་བཅོ་བརྒྱད། ཨ་རུ་བཅུ་པའི་སྟེང་ཁྱུང་ལྔའམ་ནི་ལ་བསྣན་པ་གང་རུང་བཏང་ནས་ཚ་བ་དང་གཉན་ཁ་འཇགས་(ཆག་)པའི་མཚམས་ལ་གཅིན་པའི་མདོག་འགྱུར་བ་དང་།  ཚ་ཟུག་དང་ན་ཟུག་ཆུང་དུ་སོང་བའི་མངོན་ཚུལ་བྱུང་རྗེས་རིམ་པས་སྨན་ཞོགས་པ་ལྟོ་རྗེས་ལ་ཉི་དཀྱིལ་ཁྱུང་བསྣན་དང་།  ཉིན་དགུང་འབའ་སམ། དགོང་མོ་སུག་སྨེལ་བཅུ་པ་སོགས་བསྟེན་ན་ཕན་ཆེ་བ་ཡིན། འོན་ཀྱང་གོང་གསལ་སྨན་རྣམས་ལས་སྔ་མ་བསིལ་སྨན་ཕ་ཆེ་ལ་བཟི་ཡོད་པ་དང་།  ཕྱི་མ་ཚ་བ་དང་གཉན་ཁ་འཇགས་(ཆག་)པའི་མཚམས་ལ་གཏོང་བའི་སྨན་རྣམས་ལ་དྲོད་ཅུང་ཡོད་པས་ངེས་པར་དུ་ནད་སྟོབས་དང་ལུས་སྟོབས་རྩ་ཆུ་སོགས་ཞིབ་པར་དཔྱད་ནས་བསྟེན་དོགས་པ་ནི་ཧ་ཅང་གལ་ཆེ་བ་ཡིན། དེ་ཡང་གཞུང་ལས། ཚ་རྗེས་དྲོད་ཀྱིས་མ་བཅོས་གྲང་བར་ལྡོག །ཅེས་པ་ལྟར་བསིལ་སྨན་རིགས་གཏོང་ཐལ་ཆེ་བའམ་བཅོས་ཉེས་ཤོར་ན་མཁལ་གྲང་གི་ནད་དུ་འགྱུར་བ་དང་།  ཡང་བཟི་སྨན་གྱི་རིགས་རྣམས་ནད་སྟོབས་ཆེ་ལ་ལུས་སྟོབས་ཀྱང་ཆེ་བ་ཡིན་ཚེ་བཟི་སྨན་དུས་གཉིས་ཙམ་བསྟེན་ན་འགྲིག་པ་ལྟ་བུ་ལས་དེ་མིན་བཟི་སྨན་རིགས་གཏོང་རྒྱུར་ཡང་དོ་སྣང་དང་ངེས་པར་ཟས་ཟོས་པའི་རྗེས་གཏོང་རྒྱུར་དོ་སྣང་བྱེད་དགོས་པ་ཡིན།

 

གསུམ་པ། མཁལ་གྲང་གི་ནད།

ནད་འདིར་མཁལ་གྲང་གི་ནད་དམ་མཁལ་གཅོང་གི་ནད་ཟེར་བ་དང་། གཙོ་བོ་མཁལ་མའི་དྲོད་དང་ནུས་པ་ཉམས་ནས་ནད་ཡུན་རིང་བའི་ནད་ཅིག་རེད།

     

    ནད་འདིའི་སློང་རྐྱེན་ནི།    བརླན་ཅན་གྲང་བའི་ཡུལ་ལ་ཡུན་རིང་བསྡད་ནས་ལུས་འཁྱགས་པ་དང་།  དུས་བཞི་དབྱེར་མེད་དུ་སྔོ་ཚལ་རྗེན་པའི་རིགས་དང་།  ལྷག་པར་ཁྱི་ར་དང་།  སུ་པན་མངར་མོ། ལོ་འཁོར་པད་ཚལ། ར་ཕག་གི་ཤ་དང་།  ཞོག་ཁོག་སོགས་ནུས་པ་ལྕི་བསིལ་གྱི་ཟས་དང་།  ཀ་རའི་རྒྱུ་དང་མཐུན་པའི་མངར་བའི་ཟས་སྐོམ་གྱི་རིགས་སོགས་བསྟེན་དྲགས་པ་ལས་བད་ཀན་འཕེལ་བ་དང་བྱེ་བྲག་མཁལ་མ་ཆུ་ཁམས་ཀྱི་རང་བཞིན་ལ་ཡོད་པའི་ངེས་ཅན་གྱི་དྲོད་ཚད་དེ་ལས་ཉམས་ཏེ་རིམ་པས་མཁལ་མའི་བྱེད་ལས་དང་ནུས་པ་ཉམས་ཏེ་མཁལ་གྲང་གི་ནད་དེ་སློང་བ་དང་།  གཞན་ཡང་མཁལ་ཚད་སྐབས་སྨོས་ཟིན་པ་ལྟར་བསིལ་སྨན་ཐལ་ཆེ་བའམ་བཅོས་ཉེས་ཤོར་བ་ལས་ཀྱང་མཁལ་གྲང་གི་ནད་དེ་བྱུང་བ་ཡིན། ནད་དེ་འཕེལ་རིམ་འགོར་ལ་ནད་ཡུན་ཀྱང་རིང་བ་ཞིག་ཡོད།

 

    ནད་རྟགས་ནི།    ལུས་དྲོད་ཞན་པ་དང་ཁྱད་པར་མཁལ་རྐེད་རྒྱུད་དང་ལུས་སྨད་ཀྱི་དྲོད་ཞན་པ་དང་དྲོད་ཁུག་དཀའ་བ། གཅིན་ཁ་སྲི་བའམ་སྙི་བ། མཁལ་རྐེད་འཁོར་ནས་ན་བ། དཔྱི་རྐེད་སྦིར་བ། རྐང་པ་བཤལ་བ། དགྱེ་སྒུག་དཀའ་བ། རྣ་བ་འོན་པ་སོགས་དང་།  ནད་དེ་རྙིང་ནས་ཡུན་རིང་སོང་རྗེས་ཁུ་བ་འཆོར་བ་དང་།  དབང་པོ་ལས་སུ་མི་རུང་བ། ཕལ་ཆེར་ལ་ཕོ་བའི་དྲོད་ཀྱང་ཞན་པ་དང་འཕར་རྩའི་རྒྱུ་བ་ཞན་བྱིང་ལ་མཁལ་རྩ་ཞར་བའི་ནད་རྟགས་མངོན་ཚུལ་བྱུང་བ་ཡིན།

 

    བཅོས་ཐབས་ནི།    སློང་རྐྱེན་སྐབས་བཤད་པའི་ཟས་སྤྱོད་རིགས་རྣམས་འཛེམ་དགོས་པ་དང་།  སེ་འབྲུ་དང་།  ཉེ་ཤིང་གྱི་མྱུ་གུ། བྱ་ཤ། ཉ་ཤ་སོགས་དྲོད་ཟས་ཀྱི་རིགས་རྣམས་བསྟེན་དགོས་པ་དང་།  སྒ་རློན་པ་ལྷེབ་ལྷེབ་བཏུབ་ཏེ་ཐང་བསྐོལ་ནས་ཉིན་རེར་ཐེངས་གཉིས་ཙམ་བཏུང་བ། དགུན་དཔྱིད་སོགས་དང་ཡུལ་ལུང་གྲང་བའི་ས་ཆར་མཁལ་རྐེད་རྒྱུད་ལ་རྐེད་དཀྲིས་སོགས་དཀྲིས་ནས་དྲོ་པོ་ཡོང་ཐབས་བྱེད་དགོས། སྨན་ཡང་གཙོ་བོ་ཕོ་བ་དང་མཁལ་མའི་དྲོད་གསོ་རྒྱུ་གལ་ཆེ་ཡིན། དེ་ཡང་ལུས་དྲོད་ཀྱི་ཆ་ཤས་ཕལ་ཆེར་ཕོ་བའི་མེ་དྲོད་གསུམ་ལས་སྐྱེད་པའི་ཕྱིར་མཁལ་དྲོད་གསོ་བ་དང་ཆབས་ཅིག་ཕོ་བའི་མེ་དྲོད་གསོ་རྒྱུར་ཡང་དོ་སྣང་དགོས་པར་བརྟེན་སྔ་དྲོ་སེ་འབྲུ་ཉི་དཀྱིལ་དང་།  སེ་འབྲུ་ལྔ་པ། སེ་འབྲུ་དྭངས་གནས། སེ་འབྲུ་ཀུན་བདེ་སོགས་དང་།  ཉིན་དགོང་གཉིས་ལ་འབའ་སམ་ལྷ་ལུང་དང་།  སུག་སྨེལ་བཅུ་པ། གོ་ཡུ་ཉེར་བརྒྱད། གོ་ཡུ་བདེ་དཔག་སོགས་བསྟེན་པ་དང་།  སྤྲ་བ་བོད་ཤོག་སོགས་ཤོག་བུ་སྲབ་ལ་མཁྲེགས་ཤིང་མེ་འབར་སླ་བ་ཆེ་ཆུང་མཐོ་གང་གྲུ་བཞི་མ་ཞིག་གི་ནང་སྦོམ་ཕྲ་དཀྱིལ་མཛུབ་ཙམ་ལ་རིང་ཐུང་མཛུབ་གང་ཙམ་དྲིལ་བའི་ཀ་ཟླུམ་དབྱིབས་དེའི་སྣེ་མོ་ཞིག་ལ་མེ་སྤར་ནས་མཁལ་མའི་གསང་དང་ཚིགས་པ་བཅུ་བཞི་པའི་རྒྱུད་ལ་དྲོད་གཏོང་དགོས་པ་ཡིན། འོན་ཀྱང་དོ་སྣང་བྱེད་དགོས་པ་ཞིག་ལ་ཐོག་མར་དྲོད་གཏོང་བའི་སྐབས་སྤྲ་མེ་དང་མཁལ་གསང་ངམ་ཤ་པགས་བར་ཐག་ཉེ་རིང་མཚམས་པོ་དགོས་པ་གལ་ཆེ་བ་ཡིན། གལ་ཏེ་སྤྲ་མེ་ཤ་པགས་དང་སོར་གསུམ་ལས་ཉེ་དྲགས་ན་ཤ་པགས་ཀྱི་ངོས་ལ་དྲོད་དེ་འཚིག་པ་ལྟ་བུའི་ཚོར་སྣང་ལས་དྲོད་དེ་གཏིང་དུ་མཁལ་མ་རང་གི་སྟེང་དུ་བབས་མི་ཐུབ་པ་ཡིན། དེར་བརྟེན་ཐོག་མར་བར་མཚམས་སོར་མོ་བཞི་ཙམ་ནས་ཤ་པགས་ངང་གིས་དྲོད་རྗེས་རིམ་པས་སོར་མོ་གསུམ་ཙམ་གྱི་བར་ཐག་བཞག་ནས་གཏིང་དུ་སྲོད་ཐབས་བྱས་ན་ཕན་རླབས་ཆེ་ལ་དེ་ཡང་ཉིན་ལྔ་ནས་བདུན་ཙམ་བར་ཉིན་ལྟར་དྲོད་གཏོང་དགོས་པ་ཡིན། ཡང་ན་ཚིགས་པ་བཅུ་བཞི་པའི་གསང་ལ་མེ་བཙའ་བཞག་ནའང་ཕན་ནོ།།

 

བཞི་པ་ཁྲག་ཤེད་མཐོ་བའི་མཁལ་ནད།

ཁྲག་ཤེད་མཐོ་བའི་མཁལ་ནད་ཅེས་པ་ནི། མཁལ་ནད་དང་ཁྲག་ཤེད་དམ་ཁྲག་རླུང་གི་ནད་གཉིས་བསྡོངས་པའི་བཅོས་ཐབས་དཀའ་རྙོགས་ཆེ་ལ་ནད་ཡུན་རིང་བའི་མཁལ་ནད་ཀྱི་རིགས་ཤིག་ཡིན།

 

    ནད་འདིའི་སློང་རྐྱེན། མི་འདྲ་བ་རིགས་གཉིས་ཙམ་བྱུང་བ་ལས། དེ་ཡང་ཐོག་མར་མཁལ་ཚད་ཀྱི་ནད་གཞི་དུས་ཐོག་དུ་བཅོས་མི་ཐུབ་པར་རྙིང་ནས་མཁལ་མའི་བྱེད་ལས་ཉམས་ཏེ་རིམ་པས་ཁྲག་ཤེད་མཐོ་བའི་ནད་སློང་བ་དང་།  ཡང་སློང་རྐྱེན་གཞན་ཞིག་ནི་ཁྲག་ཤེད་མཐོ་བའི་ནད་བཅོས་པའི་སྐབས་བསིལ་སྨན་གྱི་རིགས་སམ་ཁྲག་ཤེད་གཅོག་པའི་རྫས་འགྱུར་སྨན་རྫས་ཀྱི་རིགས་ཤུགས་ཆེ་བསྟེན་དྲགས་པ། ཡང་ན་ཁྲག་ཤེད་ཀྱི་ནད་མཁལ་མར་བབས་པ་ལས་སློང་བ་ཡིན་ཏེ། དེ་ཡང་ཟིན་ཏིག་གཅེས་བསྡུས་ལས། ཁྲག་ནད་སྨད་བབས་ཀྱི་རྒྱུ་སོགས་ལས་འབྱུང་།  ཞེས་གསུངས་པ་ལྟར་རོ།།

 

    ནད་རྟགས་ནི།      མཁལ་ཚད་ཀྱི་ནད་ལས་བྱུང་བའི་ཁྲག་ཤེད་མཐོ་བའི་ནད་རྟགས་ནི། མཁལ་ཚད་སྐབས་བཤད་པའི་ནད་རྟགས་གཞི་མཚུངས་ཀྱི་སྟེང་ཁྲག་ཤེད་མཐོ་བའི་རྐྱེན་གྱིས་རོ་སྟོད་ན་བ་དང་འཚངས་པ། མགོ་ན་བ་དང་མགོ་ཡུར་འཁོར་བ། རྣ་བ་འུར་བ། སྙིང་ཁ་གཡུག་པ་སོགས་ཀྱི་ནད་རྟགས་མངོན་ཚུལ་བྱུང་བ་དང་།  ཡང་ཁྲག་ཤེད་མཐོ་བའི་ནད་ལ་བསིལ་སྨན་སམ་(ནམ་)རྫས་འགྱུར་སྨན་བསྟེན་དྲགས་པ་ལས་བྱུང་བའི་མཁལ་ནད་ལ་ཁྲག་ཤེད་མཐོ་བའི་ནད་རྟགས་བྱུང་བའི་སྟེང་མཁལ་གྲང་གི་ནད་རྟགས་དང་ཕྱོགས་འདྲ་བ་བསྟན་པ་ཡིན། དེ་ཡང་རྒྱུན་དུ་ལུས་སྨད་དང་མཁལ་རྐེད་རྒྱུད་ལ་དྲོད་ཞན་པ་དང་།  རྐེད་པ་འཁོར་ནས་ན་བ། གཅིན་ཁ་སྙི་བ། རྣ་བ་འུར་བ། ལྷག་པར་བསིལ་སྨན་དང་བསིལ་ཟས་ཀྱི་རིགས་ཟོས་ན་མཐུ་བ་ཆེ་བ་སོགས་ཀྱི་ནད་རྟགས་མངོན་ཚུལ་བྱུང་བ་ཡིན།

 

    བཅོས་ཐབས་ནི། སློང་རྐྱེན་མི་འདྲ་བའི་ཁྲག་ཤེད་མཐོ་བའི་མཁལ་ནད་དེ་གཉིས་ཀྱི་ནད་ཀྱི་ངོ་བོ་གཞི་མཐུན་ལ་ནད་རྟགས་ཀྱང་ཧ་ལམ་མཆུངས་པ་ཡིན། དེར་བརྟེན་ཟས་ཀྱི་སྨན་དཔྱད་ཀྱི་གཉེན་པོ་བསྟེན་ལུགས་ཀྱང་ཕལ་ཆེར་མཚུངས་པར་སྣང་ཡང་མཁལ་ཚད་ནད་ཀྱིས་སློང་བའི་ཁྲག་ཤེད་མཐོ་བའི་ནད་བཅོས་རྒྱུར་ཡིད་གཟབ་བྱེད་རྒྱུ་གལ་ཆེ། གཙོ་བོ་ཟས་སྨན་སོགས་ཆ་སྙོམས་པོ་བསྟེན་རྒྱུ་གལ་ཆེ་བ་ཡིན་ལ་ཧ་ཅང་དྲོད་དྲགས་ན་མཁལ་ཚད་སློང་སྲིད་ལ་ཁྲག་ཤེད་རྒྱས་སླ་བ་དང་།  ཡང་ཁྲག་ཤེད་ཀྱི་སྨན་སོགས་བསིལ་སྨན་དྲགས་ན་ཁྲག་ཤེད་ཆག་ཀྱང་མཁལ་མ་ལ་གནོད་པ་ལྟ་བུ་བྱུང་བ་ཡིན། འོན་ཀྱང་སྲོག་ལ་རྒོལ་བའི་ཉེན་ཁ་ཁྲག་ཤེད་མཐོ་བ་དེ་ཡིན་པས་དེ་ལ་དོ་སྣང་གཙོ་བོ་བྱས་པའི་ཐོག་མཁལ་ནད་གསོ་ཐབས་བྱེད་རྒྱུ་དེ་ཡིན། དེའི་ཕྱིར་ཁྲག་ཤེད་དང་མཁལ་ནད་ལ་གནོད་པའི་ཟས་རིགས་རྣམས་སྤང་དགོས་པ་དང་།  ལུས་སྟོད་དེ་ཙམ་དྲོད་དྲགས་པ་མ་ཡིན་པར་ལུས་སྨད་ལ་ཅུང་དྲོ་བཅོས་བྱེད་དོགས་པ། སྨན་ཡང་ཞོགས་པ་སེ་འབྲུ་ཀུན་བདེ་ཟབ་པ་ཡིན། སྨན་དེ་བསིལ་དྲོད་སྙོམས་ལ་དེའི་སྦྱོར་བའི་ནང་མཁལ་ནད་གསོ་བའི་སྨན་སེ་འབྲུ་དང་།  སུག་སྨེལ། བྲེ་ག སྡིག་སྲིན། ལྕམ་པ་སོགས་ཡོད་པ་དང་།  ཁྲག་ནད་སེལ་བའི་སྨན་ཧོང་ལེན་དང་།  བ་ཤ་ཀ སྐྱུ་རུ་ར། གུར་གུམ་སོགས་ཡོད་པའི་རྒྱུ་མཚན་གྱིས་སྨན་གཅིག་དེས་ནད་གཉིས་ཀ་སེལ་ཐུབ་པའི་ཁྱད་ཆོས་དང་བསིལ་དྲོད་ཀྱང་སྙོམས་པ། དེ་བཞིན་འབའ་སམ་ལྷ་ལུང་།  ཉིན་དགུང་ཁྲག་ཤེད་ཀྱི་སྨན་སྐྱུ་རུ་ཉེར་ལྔ་དང་། ཙན་དན་བཅོ་བརྒྱད། དགོང་མོ་ཨ་གར་ཉི་ཤུ་དང་།  ཨ་གར་སོ་ལྔ། ཨ་གར་བཅུ་བདུན་སོགས་ཡུན་དུ་ནད་བབས་ལ་བསྟུན་ནས་བསྟེན་ན་ཕན་ཆེ་བར་མཐོང་ངོ་།།

 

གོང་དུ་སྨོས་པའི་བཅོས་ཐབས་ཀྱི་ལག་ལེན་འགའ་ཞིག་ནི་གཞུང་དུ་མ་གསལ་རུང་གཞུང་གི་དགོངས་པའི་རྩ་དོན་གཞིར་བཞག་སྟེ་ནད་ཀྱི་རྒྱུ་རྐྱེན་དང་ངོ་བོ། དེ་བཞིན་ཟས་སྨན་སོགས་ཀྱི་རོ་དང་ངོ་བོའི་ནུས་པར་བསམ་གཞིགས་བྱས་ནས་ལོ་མང་རིང་བསགས་པའི་ཉམས་མྱོང་གང་བྱུང་བ་གོ་བདེའི་ཚུལ་དང་ཕན་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཞུ་ཁུལ་བྱས་ཀྱང་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་རྒྱ་མཚོ་གཏིང་མཐའ་དཔོགས་དཀའ་བས་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་ཉེས་སྐྱོན་མཆིས་སྲིད་པས་དཔྱོད་ལྡན་རྣམས་ནས་སྐྱོན་སེལ་ཡོང་བའི་རེ་སྐུལ་སྙིང་ཐག་པ་ནས་ཞུ་བཞིན་ཡོད།། །།

 

འདི་ནི་སྤྱི་ལོ་༢༠༠༢ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་《སྨན་རྩིས་དུས་དེབ། འདོན་ཐེངས་དྲུག་པ།》ནང་བཞུགས་ཡོད་པ་དེ་ནས་ཟུར་བཏོན་ཞུས་པ་ཡིན།

 

མཐའ་མའི་འདོན་ཐེངས་།: 19.03.2014 ཉིན། 10:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།