སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.12.2017
གསོ་རིག་མཁས་དབང་རིམ་བྱོན། >>


བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།
 

- བྱམས་པ་འཕྲིན་ལས།

བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ནི། སྟོད་ཤེལ་དཀར་ཆོས་སྡེ་ཞེས་པའི་ཁུལ་དུ་སྟོད་ལུགས་ཀྱི་སྨན་པ་མཁས་ཆེན་རིམ་པར་བྱུང་བའི་བྱ་སྦུག་ཚང་ཞེས་པའི་བརྒྱུད་འཛིན་གྲས་ཀ་ཡིན་པ་དང་། རབ་ཚེས་མེ་བྱ་(སྤྱི་ལོ་1897)ལོ་ལ་རྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པས་བྱ་སྦུག་པའི་མཚན་སྙན་གསན་པའི་རྐྱེན་གྱིས་ལྷ་སར་ཆེད་མངགས་བཀའ་འགུགས་གནང་སྟེ་བཀྲས་ཁང་ཆང་ཁྱིམ་པ་བྱམས་པ་ཐུབ་དབང་ལ་བླ་སྨན་བགྲེས་པའི་མཚན་ཐོག་ནས་མཁན་ཆུང་གི་གོ་གནས་བསྩལ་བ་དང་། བྱ་སྦུག་དམ་ཆོས་དཔལ་ལྡན་མཆོག་ལ་བླ་སྨན་སྐུ་གཞོན་ལས་ཚན་པའི་གདན་ཐོབ་གནང་རྒྱུར་ལོ་དེའི་ཟླ་ལྔ་པའི་ཚེས་ཉིན་ཕྱག་རྟགས་ཕེབས།
 

དེ་ནས་རྒྱལ་བ་ྋསྐུ་ཕྲེང་བཅུ་གསུམ་པས་བླ་སྨན་རྣམ་གཉིས་ལ་ཁུངས་སོ་སོས་བརྒྱུད་འཛིན་སྨན་པ་གསོ་སྐྱོང་དགོས་པའི་བཀའ་བསྒྱུར་ཕེབས་པ་ལྟར། བླ་སྨན་བྱ་སྦུག་པ་མཆོག་ལ་ལྕགས་རི་གྲྭ་ཚང་ནས་བློ་གསལ་དོན་གཉེར་ཅན་དམིགས་བསལ་བདམ་གསེས་བྱས་པའི་ནང་ནས་ཐེངས་དང་པོར་ལྷོ་ཁ་རོང་ཆ་དཀར་ཆོས་སྡེ་དགོན་གྱི་སྨན་སློབ་ཐུབ་བསྟན་དར་རྒྱས་དང་། ལྷོ་ཁ་བྱེ་ཚོགས་དགོན་ནམ་ཚོང་འདུས་དགོན་གྱི་སློབ་མ་སྐལ་བཟང་ལེགས་བཤད། ལྷོ་ཁ་བདུན་ཕུད་ཆོས་འཁོར་དགོན་གྱི་སྨན་སློབ་མཁྱེན་རབ་བསྟན་འཕེལ་གསུམ་དང་། ཐེངས་གཉིས་པར་རྒྱལ་རྩེ་སེ་འོག་དགོན་གྱི་སློབ་མ་ངག་དབང་ཕྱོགས་ལས་དང་། སྟོད་ལུང་ལམ་པ་དགོན་གྱི་སྨན་སློབ་བློ་གྲོས་འོད་ཟེར། ཆུ་ཤུར་ཆོས་འཁོར་ཡང་རྩེའི་སྨན་སློབ་སྐལ་བཟང་དགེ་ལེགས་བཅས་བྱུང་བ་ལས། དེ་དག་སོ་སོར་བཤད་ན་གོང་གསལ་ཐུབ་བསྟན་དར་རྒྱས་ཞེས་པས་རྗེས་སུ་ལྕགས་རི་རིག་བྱེད་གླིང་གི་སྨན་པའི་དགེ་རྒན་ངོ་མ་རྒྱུན་རིང་གནང་བ་དང་། མཚན་གཞན་ལ་ཨེ་ཕྲུག་ལགས་ཞེས་ཞུ་བ། མཐོང་བརྒྱུད་ལག་ལེན་ཕུན་སུམ་ཚོགས་པའི་གྲས་ཡིན། ཕྱིས་སུ་དགེ་རྒན་ཕྱི་འཐེན་གྱིས་དགུང་ལོ་བདུན་ཅུ་དོན་བདུན་ལ་ལྕགས་པོ་རིར་སྐུ་གཤེགས། སྐལ་བཟང་ལེགས་བཤད་ཀྱིས་བླ་སྨན་བྱ་སྦུག་པའི་དྲུང་དུ་ལོ་དགུའི་རིང་བཞུགས་ཏེ་སྨན་གཞུང་དང་། གདམས་པའི་བཅུད་ཀྱི་ཉིང་ཁུ་མཐའ་དག་ངོམས་མེད་དུ་བཞེས་ནས་མཐར་སྲས་ཀྱི་ཐུ་བོ་ལྟ་བུར་གྱུར་པས་མ་ཚད། ཤིང་སྦྲུལ་(སྤྱི་ལོ་1904)ལོ་དབྱིན་ཇིའི་དམག་འཁྲུག་སྐབས་རྒྱལ་རྩེར་བོད་ཀྱི་དམག་སྒར་གྱི་སྨན་སྦྱིན་པ་གནང་ཞིང་། དེ་མིན་གཞུང་ཕྱོགས་ཀྱི་ཚོགས་འདུ་གལ་ཆེའི་རིགས་ཀྱི་སྨན་པའི་ཕྱག་ལས་སོགས་གནང་འདུག བླ་སྨན་བྱ་སྦུག་སྐུ་གཤེགས་རྗེས་ཐོག་མར་ལྕགས་པོ་རིའི་སྨན་པའི་དགེ་རྒན་ལས་རོགས་དང་། རྗེས་སུ་དགེ་རྒན་ངོ་མ་རྒྱུན་རིང་གནང་སྟེ་རྒན་སྐལ་བཟང་ལགས་ཞེས་ཀུན་གྱིས་བརྩི་བཀུར་ཞུ་བ་མཚན་སྙན་ཧ་ཅང་ཆེ་བ་ཞིག་བྱུང་། དེ་བཞིན་མཁྱེན་རབ་བསྟན་འཕེལ་ཞེས་པའང་སྨན་བཅོས་ལག་རྩལ་གོ་འཕེར་ཡོད་སྟབས་མདོ་སྨད་སྤྱི་ཁྱབ་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱི་བླ་སྨན་ཐེངས་གཉིས་པ་གནང་མྱོང་ཞིང་། ཁོང་སྐར་རྩིས་སོགས་རིག་གནས་གཞན་ལ་ཡང་མཁས་པ་ཆེ་གཤིས་རྗེས་སུ་བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་མཆོག་ནས་ལྕགས་རི་གྲྭ་ཚང་གི་དྲུང་ཡིག་བསྐོ་བཞག་མཛད།
 

བླ་སྨན་བྱ་སྦུག་པའི་སྨན་སློབ་ཐེངས་གཉིས་པའི་གྲས་ནས། ངག་དབང་ཕྱོགས་ལས་ཞེས་པས་ལྕགས་པོ་རིའི་དགེ་བསྐོས་དང་། དབུ་མཛད་གནང་བ་ཙམ་ལས་འགྲོ་དོན་དེ་ཙམ་ཆེ་བ་མ་བྱུང་། བློ་གྲོས་འོད་ཟེར་ཞེས་པ་སྨན་རྩིས་ཁང་གི་ཡོན་ཀྲང་མཁྱེན་རབ་ནོར་བུའི་ཚབ་ལ་འབྲས་སྤུངས་སྨན་སྦྱིན་པ་གནང་མུས་ལ་སྐུ་གཤེགས། སྐལ་བཟང་དགེ་ལེགས་ནི་དྭགས་པོ་འབྲུམ་པའི་དམག་སྤྱི་དོག་སྡེ་དངུལ་སྤར་དོ་དམ་གནང་དུས་ཀྱི་བླ་སྨན་གནང་བ་བཅས་དང་། གཞན་ཡང་བྱ་སྦུག་པ་རང་གི་སྐུ་མཆེད་ཤེལ་དཀར་ཨེམ་ཆི་ལགས་དང་། པར་ཁང་ཨེམ་ཆི་ཞེས་པ་རྣམས་ཀྱང་དཔྱད་མགོ་ཐོན་ཞིང་། གཞན་དོན་ཁོ་ནས་དུས་འདའ་བ་ཤ་སྟག་བྱུང་འདུག སྤྱིར་ན་བླ་སྨན་བྱ་སྦུག་པ་ནི། ཞི་ཞིང་དུལ་བ་དང་། ཀུན་སྤྱོད་གཙང་བ། དགེ་སློང་གི་འདུལ་ཁྲིམས་སྲུང་བར་མཛད་པས་དྲག་ཞན་ཀུན་གྱིས་བླ་མ་ལྟ་བུར་བརྩི་མཐོང་ཞུ་ལ། ཞོལ་ཁང་སེར་ཞེས་པར་བཞུགས་རིང་སྐུའི་ཉེར་སྤྱོད་སོགས་ལ་རྒྱས་སྤྲོས་ཡེ་ནས་མེད་ཅིང་། འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་ཁོ་ན་སྤྱོད་པར་མཛད། མཐར་ཐུག་བླ་སྨན་ལས་ཚན་པའི་ལས་འགན་དང་གོ་གནས་གཉིས་ཀ་དགོངས་ཞུ་གནང་ནས་ལྷ་སའི་བྱང་ཕྱོགས་ཉེ་འདབས་དོག་སྡེ་གནས་སྒོ་གསར་པ་ཞེས་པའི་དབེན་གནས་སུ་བཞུགས་ནས་དགོངས་པ་གཞན་དོན་དུ་ཕེབས།
 

དེ་ལྟར་བླ་སྨན་བྱ་སྦུག་པ་མཆོག་གི་སྐུ་ཚེ་ཧྲིལ་པོར་ནད་པའི་འགྲོ་དོན་དང་། བརྒྱུད་འཛིན་སློབ་མ་བསྐྱངས་པ་ཙམ་གྱིས་མི་ཚད་ད་དུང་སྟོད་ལུགས་ཀྱི་ཁྱད་ཆོས་རྣམས་དང་། དེ་བཞིན་བྱ་སྦུག་ཚང་གི་ཡབ་མེས་རྒྱུད་པ་བཅས་ནས་ཕྱག་ལེན་གནང་རིགས་གཅིག་ཏུ་བསྡུས་པ་《བྱ་སྦུག་གཅེས་བསྡུས།》ཞེས་པ་སྨན་སྦྱོར་ཉིས་བརྒྱ་མ་ཟིན་ཙམ་གྱི་སྦྱོར་ཚད་ཁྱད་པར་ཅན་ཞིག་ཡོད་པ་དེའི་ནང་འབམ་སྨན་ཆུའི་སྨན། ཆབ་བྲག་ཅེས་པ་དང་། ཚ་ཆུའི་གཉེན་པོ་རྟ་དམར་ཆུ་སྨན། འབམ་སྨན་གནམ་ལྕགས་ཐོག་འབེབས་དང་། སྤོས་དཀར་བཅོ་བརྒྱད། སྤོས་ཁྱུང་བཅུ་དགུ། ཚ་རོང་བསྡུས་ཐང་། གཞན་ཡང་ཚད་རིམས་ཀྱི་སྨན་རྟ་ཟི་དང་། སྨན་སེར་ཆེན་མོ། སྐྱེ་ཟུག་སྨན་སྲམ་བྲུན་ལྔ་པ་སོགས་ཕན་ནུས་དམིགས་གསལ་ཅན་མང་པོ་གདའ། ལྷག་པར་དཔྱད་མཆོག་གཏར་ཁའི་ཕྱག་ལེན་ནང་བྱེ་ཚང་ངམ་སྣོད་ཁ་གཏར་རྒྱུར་མངའ་བརྙེས་པ་ལྟ་བུ་དང་། སྤྱི་གཙུག་ལ་སྤྲ་མེ་གསེར་ཁབ་རྒྱག་པའི་ལག་རྩལ་ངོ་མཚར་ཅན་ཡང་བྱ་སྦུག་པས་དར་སྤེལ་མཛད་པར་གྲགས།
 

དེ་མིན་བླ་སྨན་བྱ་སྦུག་པའི་ཕྱག་རྒྱུན་བཞིན་ཀོ་ཁྲག་དང་། སྤང་ཁྲག རྡོ་ཁྲག ལི་ཁྲག་སོགས་ཀྱང་ནད་ཐོག་དངོས་ཀྱི་ནང་ཕན་ནུས་བཟང་པོ་ཡོད་པ་སྔར་ནས་ད་བར་ལག་ལེན་ངོ་མའི་ནང་དངོས་ར་འཕྲོད་པ་སོགས་ལ་ལྟ་དུས་བླ་སྨན་བྱ་སྦུག་པ་མཆོག་ནི། (ཙ་ར་ཀ)ལས། སྨན་པ་བློ་ལྡན་ཤེས་རབ་ཆེ། །རང་གི་ཡོན་ཏན་ཕུན་སུམ་ཚོགས། །སྙིང་རྗེའི་སེམས་ཀྱིས་བརླན་པ་ནི། །སྨན་པ་ཀུན་གྱི་སྤྱི་རྒྱན་ཡིན། །ཞེས་གསུངས་པ་དོན་ལ་གནས་པ་བཅས་སོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

མཐའ་མའི་འདོན་ཐེངས་།: 04.12.2017 ཉིན། 2:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།