སྨན་རྩིས་དྲ་བ། - མདུན་ངོས།

བོད་སྨན་ནི་འཛམ་གླིང་ནང་སྨན་ལུགས་ཡག་ཤོས་དེ་རེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2015
མདུན་ངོས། >>

 

 

བོད་སྨན་ནི་འཛམ་གླིང་ནང་སྨན་ལུགས་ཡག་ཤོས་དེ་རེད།

(དྷ་ས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་༥༤ འཁོར་བའི་དུས་དྲན་མཛད་སྒོ།)

 

དྷ་ས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། ཧིམྰཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཆོག་ནས་རང་ཉིད་ལ་དེ་སྔ་གློ་ཡུའི་མི་འཕྲོད་པའི་ནད་གཞི་ཕོག་པའི་དབང་གིས་དྷ་སར་གསོ་རིག་སྨན་པ་བསྟེན་གཏུགས་ཆེད་མངགས་ཕེབས་སྐབས་སྨན་པས་རྩ་ཆུ་བརྟག་ནས་ནད་གཞི་ཁ་དམར་བརྒྱབ་པ་དང་ཟས་སྤྱོད་སྤང་བླང་སློབ་སྟོན་གནང་ཚུལ་དངོས་སུ་ཉམས་མྱོང་བྱུང་བ་ནས་བཟུང་བོད་ཀྱི་སྨན་ལུགས་འདི་འཛམ་གླིང་ནང་གི་སྨན་ལུགས་ཡག་ཤོས་དེ་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ཚུལ་ཡང་ཡང་གསུངས་གནང་སོང་། སྤྱིར་རྒྱ་གར་ནང་དེང་རབས་དང་སྲོལ་རྒྱུན་སྨན་ལུགས་གྲགས་ཆེ་བ་མང་དག་ཅིག་ཡོད་བཞིན་དུ་མངའ་སྡེ་ཞིག་གི་འཕྲོད་བསྟེན་བློན་ཆེན་མཆོག་ནས་དེ་ལྟར་བོད་ཀྱི་གསོ་བ་རིག་པར་ཆེ་བསྟོད་གནང་བ་དེ་ནི་བོད་ཀྱི་གསོ་བ་རིག་པའི་དམིགས་བསལ་ཁྱད་ཆོས་ངོ་འཕྲོད་བྱུང་བའི་རྟགས་མཚན་གསལ་པོ་ཞིག་ཡིན།


༄༅། །དེ་ཡང་ཕྱི་ལོ་༢༠༡༥ ཟླ་༣ ཚེས་༢༢ ཉིན་(སྐུ་མགྲོན་གཙོ་བོའི་དུས་ཚོད་སྟབས་བསྟུན་ཉིན་གཅིག་སྔ་སྣུར་)དྷ་ས་བོད་ཀྱི་སྨན་རྩིས་ཁང་བཙན་བྱོལ་དུ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་མཛད་སྒོ་ཞིག་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྲུང་བརྩི་ཞུས་གནང་བ་རེད།

དེ་ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིམྰཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཤྲྰི་ཀཽལ་སིཾཧ་ཋྰཀུར་(Shree Kaul Singh Thakur)མཆོག་དང་། གཞན་ཡང་དམིགས་བསལ་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཕུ་རི་ཚེ་རིང་བཀྲིས་ལགས་དང་། དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས། བཙན་བྱོལ་བོད་མིའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ། ཕྱི་ནང་མི་རིགས་གཉིས་ཀྱི་སྐུ་མགྲོན་རྣམ་པ་དང་གསར་འགོད་པ། དབུས་བཞུགས་བོད་ཀྱི་སྨན་རྩིས་ཁང་གི་དགེ་སློབ་ལས་བྱེད་བྱིངས་དང་ཕྱོགས་མཐའ་ནས་ཕེབས་པའི་སྨན་ལས་བཅས་ཁྱོན་བསྡོམས་ཚོགས་བཅར་བ་བཞི་བརྒྱ་ལྷག་ཙམ་ཕེབས་ཐུབ་པ་བྱུང་ཡོད།

དུས་དྲན་གྱི་མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམས་ཀྱིས་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་དཔར་མཐོང་གྲོལ་ཆེན་མོའི་མདུན་དུ་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་བ་དང་། དེ་ནས་བོད་གངས་ཅན་ལྗོངས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་གཙོས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་གི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་བཏུད་མཚོན་བྱེད་ངག་བཅད་སྐར་མ་གཅིག་རིང་གནང་།

དེ་ནས་སྨན་རྩིས་སློབ་མ་རྣམས་ཀྱི་སྣ་འདྲེན་པའི་ཐོག་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་བཞིན་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་རྗེས།


            བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་འགན་འཛིན་མཆོག་གིས་དབྱིན་སྐད་དུ་གསུང་བཤད་གནང་དོན། "དེ་རིང་གི་དུས་ཚོད་འདི་བརྒྱུད་ནས་བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་༡༤༠། སྐར་ནག་དབྱངས་རྩིས་པ་༡༥། ལས་བྱེད་༢༩༤། གླ་པ་༩༣ ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་ང་ཚོའི་གྲུབ་འབྲས་འདི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། དེ་དང་སྨན་རྩིས་མཐོ་སློབ་ཁང་ནི་ང་ཚོའི་སྡེ་ཚན་གལ་ཆེ་ཤོས་ཤིག་ཡིན་ལ་དེའི་བྱེད་སྒོ་འཐུས་ཚང་བྱས་ཐུབ་པར་ད་ལྟའི་སྨན་རྩིས་སློབ་གཉེར་བ་གྲངས་༡༠༥ རྣམས་ཀྱིས་མཐུན་འགྱུར་བཟང་པོ་གནང་བྱུང་བར་སྨན་རྩིས་སློབ་ཕྲུག་རྣམས་ལའང་ཐུགས་རྗེ་ཆེ།"ཞེས་གསུངས་བཞིན་བོད་ཀྱི་སྨན་རྩིས་ཁང་ལས་སློབ་ཀྱི་གྲངས་འབོར་ཁ་གསལ་བསྟན་ཡོད་པ་རེད།

"དེ་ནས་བོད་ཀྱི་སྨན་རྩིས་ཁང་གི་དགེ་རྩའི་ལས་གཞི་འོག་བོད་རིགས་ལོ་ན་ ༦༥ ཟིན་པའི་རྒན་གྲས། ཉམས་ཐག གྲྭ་བཙུན། གསར་འབྱོར། སློབ་ཕྲུག གཞུང་ཞབས་ལས་བྱེད་བཅས་ལ་སྨན་སྦྱིན་འབུལ་བཞིན་ཡོད། དེ་བཞིན་ས་གནས་བྱེ་བྲག་སོ་སོའི་ཡན་ལག་སྨན་ཁང་གི་འགན་འཛིན་གྱིས་ཐག་ཆོད་ཐོག་བོད་རིགས་མ་ཡིན་པའི་ཉམས་ཐག་ནད་པ་རྣམས་ལའང་སྨན་སྦྱིན་ཕྱེད་བཅག་གནང་བཞིན་ཡོད། རྩིས་ལོ་འདིའི་ནང་སྨན་སྦྱིན་བསྡོམས་སྒོར་ས་ཡ་༡༩ ལྷག་བཏང་ཡོད་པ་དང་། དེ་མཚུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་། འཕྲོད་བསྟེན། ཤེས་རིག མང་ཚོགས་བདེ་རྩའི་ཆེད་དཔལ་འབྱོར་མཐུན་འགྱུར་ཆེད་རྩིས་ལོ་འདིའི་ནང་སྒོར་ས་ཡ་༨.༦ བརྒལ་བ་འབུལ་བཞིན་ཡོད།"ཅེས་གསུངས།

བོད་ཀྱི་སྨན་རྩིས་ཁང་གི་སྨན་གྱི་ཐོན་སྐྱེད་སྐོར་གསུངས་དོན། "རྩིས་ལོ་འདིའི་ནང་སྨན་རྩིས་ཁང་གིས་སྨན་སྣ་འདྲ་མིན་གྱི་ཐུན་ཚད་ས་ཡ་༤༦.༣ ཙམ་བཟོ་བསྐྲུན་བྱས་ཡོད་པ་དང་། དེ་ནི་དུས་ཡུན་དེ་རང་ལ་སྔ་ལོ་ལས་བརྒྱ་ཆ་༡༥ ཙམ་མང་བ་ཡིན། རིན་ཆེན་རིལ་བུ་ཁ་གྲངས་ས་ཡ་༢.༣ བཟོ་བསྐྲུན་གནང་བ་དེ་ཡང་དུས་ཡུན་དེ་རང་ལ་སྔ་ལོ་ལས་བརྒྱ་ཆ་༧.༧ མང་བ་ཡིན། སྨན་དེ་ཚོ་རྒྱལ་ནང་གི་ང་ཚོའི་ཡན་ལག་སྨན་ཁང་ཁག་༥༥ དང་རོགས་ཟླ་སྨན་ཁང་ཉུང་ཤས་ཤིག་ལ་གཏོང་གནང་གི་ཡོད། དེ་བཞིན་ཕན་ཚུན་གཉིས་ཕན་དང་དམིགས་བསལ་གྱི་འབྲེལ་ལམ་ཡོད་པའི་མངའ་སྡེ་ཇམུ་ཀཤམིར། ཧིམྰཅལ། འབྲས་ལྗོངས་བཅས་ཀྱི་གཞུང་གི་སྨན་ཁང་ཁག་ལ་གཏོང་བཞིན་ཡོད་པ་དང་འབྱུང་འགྱུར་ཡང་མུ་མཐུད་གཏང་འཆར་ཡོད། སྨན་སྦྱོར་ཁང་རྒྱ་སྐྱེད་འགྲོ་རྒྱུར་བརྟེན་སྨན་གྱི་ཐོན་སྐྱེད་ཀྱང་མུ་མཐུད་འཕར་རྒྱུ་ཡིན། ང་ཚོས་སྒེར་པ་ཁག་གི་དགོས་མཁོར་སྒྲུབ་ཐུབ་པ་བྱེད་རྒྱུར་འབད་བརྩོན་ཞེ་དྲགས་གནང་གི་ཡོད་ཀྱང་སྨན་གྱི་ཐོན་སྐྱེད་མང་དུ་ཕྱིན་པ་དེ་ཉིད་ང་རང་ཚོའི་དགོས་མཁོ་འཕེལ་སྐྱེད་འགྲོ་བཞིན་པའི་ཁ་སྐོང་འདང་ཙམ་བྱེད་ཐུབ་པར་མཐོང་།"ཞེས་གསུངས།

དེ་བཞིན་མུ་མཐུད་འགན་འཛིན་མཆོག་གིས་རྒྱལ་སྤྱིའི་ནང་བོད་སྨན་ཐོག་དཀའ་ངལ་འཕྲད་སྲིད་པའི་གནས་སྟངས་ཁག་ཅིག་སྐོར་གསལ་བཤད་གནང་བའི་ནང་དུ། སྤྱིར་སྨན་རྩིས་ཁང་གིས་དངུལ་ཆུ་དུག་འདོན་ཟིན་པའི་བཙོ་ཐལ་བེད་སྤྱོད་གནང་བར་བརྟེན་ནས་དེའི་དུག་ཤས་དང་བདེ་འཇགས་ཐོག་ཉམས་ཞིབ་ལན་གཉིས་ཙམ་བྱས་འབྲས་སུ་ལྡོག་པའི་ནུས་པ་མེད་པ་ར་འཕྲོད་གསལ་པོ་བྱུང་ཡོད་ཀྱང་། ཉེ་ཆར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གནོན་ཤུགས་འོག་སྨན་ནང་དངུལ་ཆུ་བེད་སྤྱོད་བྱེད་རྒྱུ་མིན་པའི་ Minamata Convention on Mercury མི་ན་མ་ཏ་འདུ་འཛོམས་ཐོག་རྒྱལ་ཁབ་༡༣༠ ཙམ་གྱིས་མཚན་རྟགས་བཀོད་ཡོད། དང་པོའི་ཆར་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་མཚན་རྟགས་བཀོད་མེད་ཀྱང་ད་ཆ་རྒྱ་གར་གཞུང་ནས་ལོ་དྲུག་གི་ནང་ཚུད་དུ་སྨན་ནང་དངུལ་ཆུ་བེད་སྤྱོད་བྱེད་རྒྱུ་མིན་པའི་ཁས་ལེན་གནང་བའི་ཐོག་མཚན་རྟགས་བཀོད་ཡོད། དེའི་རྐྱེན་གྱིས་མ་འོངས་བོད་སྨན་ནང་དུ་བཙོ་ཐལ་བེད་སྤྱོད་བྱེད་མ་ཐུབ་པའི་དུས་ཤིག་སླེབས་སྲིད་པའི་དཀའ་ངལ་ཞིག་དང་།  གཞན་ཡང་། རྒྱ་ནག་གཞུང་གིས་བོད་སྨན་དེ་ཉིད་རྒྱ་ནག་གྱི་བོད་སྨན་ཞེས་པའི་མཚན་བྱང་ཐོག་ UNESCO’s ICH(Intangible Cultural Heritage) མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། རིག་གཞུང་། ཚན་རིག་བཅས་ཀྱི་ལྷན་ཚོགས་ཀྱི་དངོས་མེད་རིག་གཞུང་གི་གཅེས་ནོར་ཚོགས་པའི་ནང་དེབ་སྐྱེལ་ཡོང་བའི་སྙན་ཞུ་ཕུལ་ཡོད། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྙན་ཞུ་དེར་བསམ་ཞིབ་གནང་རྒྱུ་ཡིན་པས་པེ་རིས་(Paris) དང་། དིལླི་གསར་པར་(New Delhi) ཡོད་པའི་ལྷན་ཚོགས་ཀྱི་ལས་ཁུངས་སུ་ང་ཚོས་དགག་པ་ཤུགས་ཆེན་པོའི་སྙན་ཞུ་བཏང་ཡོད་སྐོར་གསུངས་གནང་ཡོད།

དེ་བཞིན་བོད་ཀྱི་སྨན་རྩིས་ཁང་ངོས་ནས་ཧིམྰཅལ་མངའ་སྡེ་གཞུང་ལ་རེ་བསྐུལ་ཁག་ཅིག་གནང་ཡོད་པའི་སྐོར། འགན་འཛིན་མཆོག་གིས་མུ་མཐུད་གསུངས་དོན། "མངའ་སྡེ་གཞུང་ལ་ས་མཐོ་སར་འདེབས་ལས་རུང་བའི་ས་ཞིང་མང་པོ་མེད་པ་ངས་ཧ་གོ་གི་ཡོད་ཀྱང་། སྔོ་སྨན་འདེབས་ལས་ཆེད་ས་མཐོ་པོ་ཡོད་པའི་ས་ཞིང་ཨེ་ཀར་༡༥-༢༠ དུས་ཡུན་ཀྱང་དེ་ཙམ་གྱི་རིང་བོགས་མ་ཆེས་ཉུང་ཡིན་པ་ཞིག་དགོས་མཁོ་ཡོད། གལ་སྲིད་ང་ཚོར་ས་ཞིང་ཡོད་ན་ཇར་མན་གཞུང་ཚབ་ལས་ཁུངས་ངོས་ནས་དེ་ལ་དགོས་ངེས་མ་དངུལ་གྱི་མཐུན་རྐྱེན་སྦྱར་རྒྱུའི་འདུན་སེམས་ཡོད་པ་རེད།"ཅེས་གསུངས་པ་དང་། "ང་ཚོར་ལོ་ལྟར་སྨན་པ་གྲངས་སུམ་ཅུ་ཐོན་བཞིན་ཡོད་པའི་ཚབ་ཏུ་སྨན་པ་གྲངས་དྲུག་ཅུ་བསླབ་པ་མཐར་སོན་ཡོང་བའི་ཆེད་དུ་སྨན་རྩིས་མཐོ་སློབ་རྒྱ་སྐྱེད་གཏོང་འཆར་ཡོད། འདས་པའི་དུས་སུ་སྨན་པ་ཐོན་པ་ཚང་མར་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དང་དབུས་ཀྱི་སྡེ་ཚན་ཁག་ཏུ་ལས་བཀོད་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་གནས་སྟངས་འདི་འབྱུང་འགྱུར་ལོ་༧-༡༠ ནང་དུ་འགྱུར་བ་འགྲོ་རྒྱུ་རེད། མངའ་སྡེ་ནང་དུ་སྨན་པ་ཉུང་དྲག་ཡོད། མངའ་སྡེ་གཞུང་གི་འཛིན་སྐྱོང་འོག་ཡོད་པའི་སྨན་ཁང་དང་ཉམས་ཞིབ་ཁང་ནང་དུ་བོད་རིགས་ཚད་ལྡན་གྱི་སྨན་པ་རྣམས་ཕྱག་ལས་གནང་ཐུབ་ཕྱིར་ད་ལྟའི་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ལ་ལེགས་བཅོས་གནང་རོགས་ཞེས་ང་ཚོས་རེ་བསྐུལ་ཞུ་རྒྱུ་ཡིན། གལ་སྲིད་བལ་ཡུལ་དང་། འབྲུག་ཡུལ། བངྒལྰ་དེཤ་ཡི་ཡུལ་མི་རྣམས་གཞུང་ཁྲིམས་འོག་ནས་གནས་ཡུལ་སྤོ་བའི་ལས་མིར་ལས་བཀོད་བྱས་ཡོད་ན། ངེས་པར་དུ་རྒྱལ་ཁབ་མེད་པའི་བོད་མི་རྣམས་འཚུད་ཐུབ་པའི་ལམ་ཞིག་ཡོད་ཆོག་པ་ཡིན།"  ཞེས་ཕུགས་རྒྱང་རིང་པོའི་གཟིགས་ཕྱོགས་ལྡན་པའི་སྒོ་ནས་གསུངས་གནང་ཡོད།

གཞན་ཡང་འགན་འཛིན་མཆོག་གི་གསུང་བཤད་ནང་དུ་བོད་ཀྱི་སྨན་རྩིས་ཁང་གི་ལོ་རྒྱུས་སྙིང་བསྡུས། འགན་འཛིན་ལྷན་ཚོགས་དང་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ངོ་སྤྲོད། བོད་ཀྱི་སྨན་རྩིས་ཁང་གི་འཛིན་སྐྱོང་དང་རིག་གཞུང་ཁག་གི་སྡེ་ཚན། མུམྦཨི་རུ་ཡན་ལག་སྨན་ཁང་ཤིག་གསར་རྒྱག་གི་ལས་འཆར། ཨིམོརི་གཙུག་ལག་སློབ་གཉེར་ཁང་གཙོས་ནུབ་ཕྱོགས་མཐོ་རིམ་སློབ་གཉེར་ཁང་ཁག་ཅིག་དང་འབྲེལ་ལམ་དམ་ཟབ་ཡོད་ཚུལ། ཕྱི་ལོ་༢༠༡༤ ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་པའི་བོད་ཀྱི་སྨན་རྩིས་ཁང་ནས་གནང་བའི་ལས་འཆར་ཞིབ་ཕྲ་གང་མྱུར་འདོན་འཆར། རྗེས་ལོ་བོད་དུ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༡༠༠། ལྕགས་པོ་རི་མི་ལོ་༣༢༠། དྷ་ས་བོད་ཀྱི་སྨན་རྩིས་ཁང་མི་ལོ་༥༥། འཁོར་བའི་དུས་དྲན་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་གནང་འཆར་སོགས་ཀྱི་སྐོར་གསུང་བཤད་རྒྱས་པ་གནང་ཡོད།

(འདིར་ནོན་ནས། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱི་གསུང་བཤད་ཆ་ཚང་གསན།)


            དེ་ནས་རིམ་བཞིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་མཆོག་གིས་ "བོད་ཀྱི་སྨན་རྩིས་ཁང་དེ་བཞིན་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཤིན་ཏུ་གལ་ཆེ་བའི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱི་སྨན་རྩིས་ཁང་ངོས་ནས་འགྲོ་བ་མི་སྤྱི་དང་ལྷག་པར་དུ་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ཞབས་ཞུ་གནང་བའི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་ཡོད་" ཅེས་བསྔགས་བརྗོད་གནང་། མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ལ་དམིགས་ནས་གསུངས་གསལ། "སྨན་རྩིས་མཐོ་སློབ་ཁང་འདི་ནས་ཐོན་པའི་སྨན་པ་རྣམས་ཧིམྰཅལ་མངའ་སྡེའི་གཞུང་གི་སྨན་ཁང་ནང་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་བྱུང་ན་བསྔགས་བརྗོད་ཡོད་" ཚུལ་གྱི་གསུང་བཤད་གནང་། (འདིར་ནོན་ནས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གི་གསུང་བཤད་ཆ་ཚང་གསན།)


            བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། "སྨན་རྩིས་ཁང་གི་ཕྱི་སྣོད་དེ་ཡར་རྒྱས་འགྲོ་བ་བཞིན་དུ་ནང་གི་བཅུད་དེ་ང་རང་ཚོ་ཡིན་པས་མི་ཚད་དང་ལྡན་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། སྨན་པ་ལ་བྱམས་སྙིང་རྗེ་དང་སེམས་བཟང་པོ་དེ་རང་བཞིན་གྱི་ཡོད་པ་ངོས་འཛིན་བྱེད་དགོས་པ་ཞིག་ཡིན།  སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཀྱང་དཀའ་ངལ་འཕྲད་པའི་སྐབས་བསམ་བློ་རྒྱ་ཆེ་ཙམ་བཏང་ནས་གདོང་ལེན་གནང་དགོས་" ཚུལ་སྐོར་གསུངས།

(འདིར་ནོན་ནས། བོད་མི་མང་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་ཆ་ཚང་གསན།)

 

            དེ་བཞིན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ནས་"དེ་རིང་གི་མཛད་སྒོ་འདིར་བཅར་ཐུབ་པ་དགའ་པོ་བྱུང་བ་དང་། སྨན་རྩིས་ཁང་ཟེར་དུས་བོད་མི་སྒྲིག་འཛུགས་ངོས་ནས་དགའ་སྤོབས་བྱེད་ས་ཞིག་ཏུ་བརྩི་བཞིན་ཡོད་" ཅེས་གསུངས། བཀའ་ཤག་གི་ལྟ་གྲུབ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་པོ་དེ་སྨན་རྩིས་ཁང་ལ་ཚང་འཛོམས་ཡོད་པ་དང་། སློབ་ཕྲུག་རྣམས་ལ་བྱམས་སྙིང་རྗེ་ཡོད་པའི་ཐོག་བོད་མིའི་ཡ་རབས་བཟང་སྤྱོད་ལྡན་དགོས་པ། སྨན་རྩིས་ཁང་ནས་ད་བར་ཕྱག་ལས་ཡག་པོ་གནང་བར་བསྔགས་བརྗོད་ཡོད་ཚུལ་གསུངས་གནང་ཡོད།  (འདིར་ནོན་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གསུང་བཤད་ཆ་ཚང་གསན།)

 

            དེ་ནས་སྐུ་མགྲོན་གཙོ་བོ་མངའ་སྡེའི་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་སྨན་འདི་འཛམ་གླིང་ནང་གི་སྨན་ལུགས་ལེགས་ཤོས་དེ་ཡིན་པ་དང་། ང་ཚོས་སྨན་ལུགས་འདི་དར་ཁྱབ་དུ་གཏོང་དགོས་པ་ཡིན། སྤྱིར་རྒྱ་གར་དང་བོད་སྨན་འདི་སྲོལ་རྒྱུན་སྨན་ལུགས་ཡིན་པས་དེ་ལ་ཟུར་ཕོག་མེད་པ་དང་དེང་རབས་སྨན་ལུགས་ནི་ཕན་ལས་གནོད་ཆེ་བ་ཡོད་ཚུལ་གསུངས་ཡོད། དེ་ནས་བོད་མི་ཚོར་ཧིམྰཅལ་མངའ་སྡེའི་ནང་དུ་སྐྱབས་བཅོལ་གྱི་གནས་སྟངས་ལས་འདས་ནས་ས་གནས་མི་མང་གི་སྤྱི་ཚོགས་དང་ནང་མི་ལྟ་བུའི་ཆ་ཤས་སུ་གྱུར་ཟིན་ཡོད་པས་མངའ་སྡེའི་གཞུང་གིས་བཙན་བྱོལ་སྒྲིག་འཛུགས་ལ་རོགས་རམ་གང་དགོས་གནང་རྒྱུ་ཡིན་པ་དང་། དེ་བཞིན་མངའ་སྡེ་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་མཉམ་དུ་བོགས་གཏོང་སྲིད་ཇུས་གསར་པ་ཞིག་གཏན་འབེབས་གནང་བ་ལ་བརྟེན་ནས་དྷ་སའི་ཁུལ་གྱི་བོད་མའི་སྡོད་གནས་ཀྱི་དཀའ་རྙོག་ཡོད་པ་སེལ་ཐུབ་པ་བྱུང་རྒྱུ་རེད་ཅེས་གསུངས།  ལྷག་པར་དུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་སྔོ་སྨན་འདེབས་ལས་ཆེད་དུ་ས་མཐོ་སར་ཨེ་ཀར་ཉི་ཤུ་ནས་ཉི་ཤུ་རྩ་ལྔའི་བར་གྱི་ས་ཆ་མཁོ་སྤྲོད་དགོས་པའི་རེ་བསྐུལ་གནང་བར་ལྟར་འཕྲོད་བསྟེན་བློན་ཆེན་མཆོག་ནས་མཐུན་རྐྱེན་སྦྱར་རྒྱུའི་ཞལ་བཞེས་གསལ་པོ་གནང་ཡོད། མ་ཟད་ད་ལྟའི་ཆར་མངའ་སྡེ་གཞུང་གི་ཕྱི་ལུགས་སྨན་གྱི་མཐོ་སློབ་གཉིས་ཀྱི་ནང་བོད་པའི་སློབ་ཕྲུག་གཉིས་ལ་རྐུབ་སྟེགས་ཟུར་བཅད་གནང་བཞིན་ཡོད་པའི་སྟེང་འབྱུང་འགྱུར་མངའ་སྡེའི་ས་གནས་ཅམ་པྰ། ཧ་མིར་པྰུར། ནཧྰན། དེ་གསུམ་ནང་ཕྱི་ལུགས་སྨན་གྱི་མཐོ་སློབ་གསར་པ་རྒྱག་འཆར་ཡོད་པ་དེའི་ནང་དུའང་བོད་ཕྲུག་གསུམ་ལ་རྐུབ་སྟེགས་ཟུར་བཅད་གནང་རྒྱུའི་དམ་བཅའ་ཡང་གནང་ཡོད། (འདིར་ནོན་ནས། ཧིམྰཅལ་མངའ་སྡེའི་འཕྲོད་བསྟེན་བཀའ་བློན་གྱི་གསུང་བཤད་ཆ་ཚང་གསན།)


            གཞན་ཡང་མཛད་སྒོའི་སྐབས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་༣༠ དང་ ༢༠ ལོན་པ་རྣམས་ལ་སྐུ་མགྲོན་གཙོ་བོའི་ཕྱག་ནས་གཟེངས་བསྟོད་བྱ་དགའ་གནང་བ་དང་། སྨན་རྩིས་མཐོ་སློབ་ཁང་གི་འཛིན་གྲྭ་སོ་སོའི་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་གསུམ་རེ་སོགས་ལ་བྱ་དགའ་གནང་ཡོད། མ་ཟད་སྐབས་དྲུག་པའི་སྐར་རྩིས་པ་གཉིས་ལ་རྩིས་རམས་པའི་ལག་ཁྱེར་དང་། སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲིས་ལགས་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་ལེགས་བསྒྲུབས་བྱུང་བའི་ལས་བསྡོམས་སྙན་སྒྲོན་ཞུ་རྗེས་དགའ་བསུའི་མཇལ་དར་གནང་བ་བཅས་འདི་ལོའི་དྷ་ས་བོད་ཀྱི་སྨན་རྩིས་ཁང་བཙན་བྱོལ་དུ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་འཁོར་བའི་དུས་དྲན་གྱི་མཛད་སྒོ་རྒྱས་པ་དེ་རྒྱལ་ཁའི་ངང་གྲོལ་བ་རེད།།

མཐའ་མའི་འདོན་ཐེངས་།: 13.05.2015 ཉིན། 12:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།