སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་རྩིས་རིག་པའི་རྣམ་གཞག་མདོ་ཙམ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.10.2014
ཆེད་རྩོམ། >>

 


༄༅། །བོད་ཀྱི་རྩིས་རིག་པའི་རྣམ་པ་ཅུང་ཞིག་བཤད་པ་ཤེས་བྱའི་རིག་ལམ་ཀུན་གྱི་སྣང་བརྙན་འཛིན་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

(བོད་རྩིས་རིག་པའི་རྣམ་གཞག་མདོ་ཙམ་བསྟན་པ།)

 དུས་ཤེས་པ་གོ་འཇོ་ཚེ་དབང་རྣམ་རྒྱལ།


ཨོཾསྭྰསྟི།  སྲིད་ཞི་དངོས་ཀུན་མཉམ་ཉིད་བདེ་བ་ཆེ། །རྟག་ཁྱབ་འཇམ་དཔལ་རྡོ་རྗེའི་མཁའ་དབྱིངས་སུ། །ཆོས་ཀུན་མ་འདྲེས་གསལ་བར་དབང་གཞུའི་མདངས། །ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བས་དཀྲིག་དེར་འདུད། །ཆོས་ཉིད་གཡོ་མེད་ནོར་འཛིན་དཔལ་མོའི་གཞིར། །ཆོས་རྣམས་འགགས་མེད་ཤེས་བྱའི་སྐྱེད་ཚལ་གྱི། །ཆོས་ཚུལ་ཀུན་གསལ་རྩིས་རིག་མེ་ལོང་ངོར། །ཆོས་ཀུན་མ་འདྲེས་སྣང་བརྙན་འཛིན་འདིར་ལྟོས། །ཞེས་ཐོག་མར་དགེ་བའི་སླད་དུ་ཤོ་ལོ་ཀ་དང་པོས་སྐྱབས་གང་དུ་འཚོལ་བའི་ཡུལ་མ་ནོར་བར་ཕྱག་བྱ་བའི་ཡན་ལག་སྔོན་དུ་བཏང་ཟིན་པར་བྱས་ཏེ། བར་དུ་དགེ་བར་གང་བརྗོད་པའི་གཞུང་དངོས་ཀྱི་སླད་དུ་ཤྭོ་ལོ་ཀ་གཉིས་པས་བསྟན་པ་ལྟར།

ད་ནི་སྐབས་སུ་བབ་པའི་གཏམ་གང་གླེང་བར་བྱ་བའི་དོན་དངོས་ནི། བརྗོད་གཞི་དུས་ཀྱི་འཁོར་ལོ་ལས་འཕྲོས་པའི་རྗོད་བྱེད་སྨན་དང་རྩིས་ཀྱིས་བརྗོད་བྱར་སྟོང་དང་རྟེན་འབྱུང་དང་འབྲེལ་བའི་བོད་ཀྱི་རྩིས་རིག་པའི་རྣམ་པ་ཅུང་ཞིག་བཤད་པ་ཤེས་བྱའི་རིག་ལམ་ཀུན་གྱི་སྣང་བརྙན་འཛིན་པའི་མེ་ལོང་ཞེས་བྱ་བ་འདི་ཉིད་ཡིན་ཅིང་།  དེ་ལ་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་སྤྱིར་གླེང་བར་འོས་པའི་ས་བཅད་གནད་བསྡུས་རྣམས་ཀྱི་གྲངས་ཀྱི་ཐོ་ཙམ་གླེང་སློང་བ་དང་།  བྱེ་བྲག་སྐབས་སུ་བབ་པར་མཚོན་བྱེད་དཔེ་ཡི་ཚུལ་དུ་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་གཞིར་གྱུར་པའི་དུས་འཁོར་གཞུང་ལས་བྱུང་བའི་གསོ་བ་རིག་པའི་སྐོར་གྱི་དཔེར་མཚོན་འགའ་ཞིག་དམིགས་སུ་བཀར་ཏེ་ཅུང་ཞིག་གླེང་བ་དང་།  དེ་འབྲེལ་ཞོར་འཕྲོས་ཀྱི་གཏམ་འགའ་དང་བཅས་དུམ་བུ་གསུམ་དུ་དབྱེ་སྟེ་འཆད་པའི་དུམ་བུ་དང་པོ་རུ།

ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་སྤྱིར་གླེང་བར་འོས་པའི་ས་བཅད་གནད་བསྡུས་རྣམས་ཀྱི་གྲངས་ཀྱི་ཐོ་ཙམ་གླེང་བ་ལ་ཡང་ཕྱོགས་གཉིས་ཏེ། དང་པོར་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་གཞིར་གྱུར་པའི་དུས་ཀྱི་འཁོར་ལོའི་གཞུང་དེ་ཉིད་སྟོན་པ་པོའི་གང་ཟག་ངོས་བཟུང་བ། སྟོན་པའི་ཆོས་ངོས་བཟུང་བ། སྟོན་ཡུལ་འཁོར་ངོས་བཟུང་བ། སྟོན་སའི་གནས་ངོས་བཟུང་བ། སྟོན་པའི་དུས་ངོས་བཟུང་བ་དང་ལྔ་ལས།

དང་པོ་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པའི་རྣམ་པ་ཅུང་ཞིག་བཤད་པ་འདི་ཡི་གླེང་གཞི་གང་དུ་གྱུར་པའི་གཞུང་ནི་དུས་ཀྱི་འཁོར་ལོ་སྟེ། དེ་ཉིད་སྟོན་པ་ནི་དུས་འཁོར་རྩ་བའི་རྒྱུད་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་དང་།  དུས་འཁོར་བསྡུས་པའི་རྒྱུད་ནི་བཅོམ་ལྡན་འདས་འཇམ་དཔལ་དབྱངས་རིགས་ལྡན་གྲགས་པའོ། །

གཉིས་པ་བསྟན་པའི་ཆོས་དེ་ཉིད་ནི་ཐེག་པ་གོང་འོག་གཉིས་ལས་སྔ་མ་དང་།  སྔ་མ་ལའང་རྒྱུ་དང་འབྲས་བུ་གཉིས་སུ་དབྱེ་བའི་ཕྱེ་མ་དང་།  དེ་ལའང་རྒྱུད་སྡེ་བཞིར་དབྱེ་བའི་ཕྱི་མ་བླ་མེད་རྒྱུད་དང་།  དེ་ཡང་ཐབས་ཤེས་གཉིས་མེད་བཅས་གསུམ་དུ་དབྱེ་བའི་ཕྱི་མ་གཉིས་སུ་མེད་པའི་རྒྱུད་ཅེས་རླུང་ལྟར་ཡོངས་སུ་གྲགས་པ་དེའོ། །

གསུམ་པ་སྟོན་ཡུལ་འཁོར་ནི་རྩ་རྒྱུད་ཕྱག་ན་རྡོ་རྗེ་སྟེ་ཟླ་བཟང་ལ་སོགས་པའི་རིག་པ་འཛིན་པ་རྣམས་དང་།  བསྡུས་པའི་རྒྱུད་ནི་ཉི་མའི་ཤིང་རྟ་སོགས་རིགས་བཞིའི་བསྡུས་པའི་དྲང་སྲོང་རྣམས་སོ། །

བཞི་པ་སྟོན་སའི་གནས་ནི་རྩ་རྒྱུད་འཕགས་ཡུལ་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་གྱི་མདུན་དང་།  བསྡུས་རྒྱུད་ཤམ་བྷ་ལའི་དབུས་ཀཱ་ལ་པའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་མ་ལ་ཡའི་སྐྱེས་མོས་ཚལ་གྱི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བློས་བསླངས་ཀྱི་མདུན་དུའོ། །

ལྔ་པ་སྟོན་པའི་དུས་ནི་རྙིང་མ་བ་དང་ཕུག་པའི་ལུགས་འཛིན་ཕལ་ཆེ་དང་བོད་གཞུང་འབྲེལ་དང་བཅས་པས། ཡེ་ལོའི་སྔོན་གྱི་ ༨༨༡ པའི་ལྕགས་འབྲུག་ནག་ཉའི་ཡར་ཚེས་བཅོ་ལྔར་བཞེད་པ་དང་།  བཀའ་དགེ་གཉིས་ཀྱི་མཁས་པ་ཕལ་གྱིས་དེ་ལས་ལོ་གསུམ་འདས་པའི་ཡེ་ལོའི་སྔོན་གྱི་ ༨༧༨ པའི་ཆུ་ལུག་པའི་ནག་ཟླའི་ཚེས་བཅོ་ལྔར་བཞེད་ལ། རྗེ་ལྡུམ་པོ་བ་སོགས་མཁས་པ་ཁག་གཅིག་གིས་ཡེ་ལོའི་སྔོན་གྱི་ ༨༧༤ པའི་མེ་ཕག་ནག་ཉའི་ཡར་ཚེས་བཅོ་ལྔར་བཞེད་པས་དེ་ལ་འབྲེལ་བའི་གནད་ཁྱད་ཅན་འགའ་མཐོང་ཡང་རེ་ཞིག་འདིར་གླེང་བ་མི་བྱའོ། །བསྡུས་རྒྱུད་ནི་ཡེ་ལོའི་སྔོན་གྱི་ ༡༧༧ པའི་ཤིང་བྱིའི་ནག་ཉའི་ཡར་ཚེས་བཅོ་ལྔ་ལའོ། །

            ཕྱོགས་གཉིས་པ་ནི་དེ་ལྟར་བརྗོད་གཞི་དུས་ཀྱི་འཁོར་ལོ་ལས་འཕྲོས་པའི་རྗོད་བྱེད་རྩིས་དང་སྨན་གྱིས་བརྗོད་བྱར་སྟོང་དང་རྟེན་འབྱུང་དང་འབྲེལ་བའི་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པའི་རྣམ་པ་ཅུང་ཞིག་བཤད་པ་ཞེས་པའི་གཞུང་འདིའི་ས་བཅད་གནད་བསྡུས་རྣམས་ཀྱི་གྲངས་ཀྱི་ཐོ་ཙམ་གླེང་བ་ལ་ཡང་།  དུས་ཀྱི་འཁོར་ལོའི་གཞུང་ལས་བྱུང་བཞིན་རིག་པ་འདི་ཉིད་གཞི་གང་ནས་འཆར་བའི་ཚུལ། ལམ་གང་ནས་མངོན་པའི་ཚུལ། འབྲས་བུ་གང་དུ་ཁྱབ་པའི་ཚུལ་བཅས་ཁག་གསུམ་གྱིས།

དང་པོར་གཞི་གང་ནས་འཆར་བའི་ཚུལ་ལའང་ཆོས་ལོངས་སྤྲུལ་དང་ངོ་བོ་འམ་ཡེ་ཤེས་ཏེ་ཟུང་འཇུག་དང་བཞི། ངོ་བོ་རང་བཞིན་ཐུགས་རྗེའི་ཆས་དབྱེ་བས་ས་བཅད་བཅུ་གཉིས་ཀྱི་གྲངས་དང་།  

གཉིས་པ་ལམ་གང་ནས་མངོན་པའི་ཚུལ་ལ་ཡང་འབྱུང་ཁམས་དབང་པོ་ཕུང་པོ་བཅས་བཞི་པོ་ཕྱི་ནང་གསང་བ་དང་འཕེལ་འགྲིབ་ཀྱི་ཆས་དབྱེ་བས་ས་བཅད་ཉེར་བཞིའི་བདག་ཉིད་ཅན་དང་།  

གསུམ་པ་འབྲས་བུ་གང་དུ་ཁྱབ་པའི་ཚུལ་ལའང་གཉིས་ལས། དང་པོར་འབྲས་བུ་གང་དུ་ཁྱབ་པའི་ཡུལ་ནི་སྣོད་བཅུད་གཉིས་དང་དངོས་དང་དངོས་མིན་གཉིས་བཅས་བཞི་པོ་རྫས་སྔགས་ཏིང་འཛིན་གྱི་ཆས་དབྱེ་བས་ས་བཅད་བཅུ་གཉིས་ཅན་དང་།  གཉིས་པ་འབྲས་བུའི་ཁྱབ་བཞིན་འབྲས་བུ་གང་ནས་མངོན་པའི་ཚུལ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོར་སྤྱིར་གོང་སོང་གི་འབྲས་བུ་གང་དུ་ཁྱབ་པའི་ས་བཅད་བཅུ་གཉིས་པོ་དངོས་མིན་ངོ་བོའི་སྟེང་ནས་ཡོན་ཏན་མངོན་ཚུལ་དང་།  དངོས་སྣང་ནུས་པའི་སྟེང་ནས་ཡོན་ཏན་མངོན་ཚུལ། དངོས་དང་དངོས་མིན་ཟུང་འཇུག་གི་སྟེང་ནས་ཡོན་ཏན་མངོན་ཚུལ་བཅས་ཀྱི་ཆས་དབྱེ་བས་ས་བཅད་སོ་དྲུག་གི་བདག་ཉིད་ཅན་དུ་གྲུབ་པ་དང་།  གཉིས་པ་བྱེ་བྲག་འབྲས་བུ་གང་དུ་ཁྱབ་དང་གང་ནས་མངོན་ཚུལ་ཁྱད་པར་ཅན་གཞན་ནི། བོད་ཀྱི་རིག་གནས་ཆེན་པོ་ལྔ་སྟེ་སྒྲ་ཚད་བཟོ་གསོ་ནང་དོན་བཅས་པ་ཀུན་ཀྱང་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་གཞིར་གྱུར་པའི་གཞུང་དུས་ཀྱི་འཁོར་ལོ་རུ་བརྗོད་བྱའི་དོན་ཀྱི་སྟེང་དུ་ཇི་ལྟར་ཁྱབ་ཚུལ་དང་།  རྗོད་བྱེད་ཚིག་གི་སྟེང་དུ་ཇི་ལྟར་གསལ་ཚུལ། བརྗོད་པའི་ཚུལ་གྱི་སྟེང་ནས་ཇི་ལྟར་མངོན་ཚུལ་བཅས་གཞི་མན་ངག་ལམ་ལག་ལེན་འབྲས་བུ་ཡོན་ཏན་བཅས་ཀྱི་ཕྱོགས་ནས་མངོན་ཚུལ་གྱི་ཆས་དབྱེ་བས་ས་བཅད་བཅོ་ལྔའི་བདག་ཉིད་ཅན་གསུམ་ཚན་ཅན་དུ་གྲུབ་བོ། །

དེ་ལྟར་བོད་ཀྱི་རྩིས་རིག་པའི་གཞིར་གྱུར་པའི་དཔལ་དུས་ཀྱི་འཁོར་ལོ་རུ་བསྟན་པའི་ཤེས་དང་ཤེས་བྱའི་རིག་གནས་རྣམས་ཇི་ལྟར་འདུ་ཚུལ་ས་བཅད་གྲངས་ཐོ་ཙམ་བསྟན་པ་འདིས་ཟུར་སྟོན་ལེབ་མཐོང་གི་ཚུལ་དུ་དེས་ཆོག་པར་སེམས་ཏེ། དུམ་བུ་དང་ས་བཅད་སོགས་རྣམ་གྲངས་སོ་སོའི་མཚན་བྱང་ཡང་ཡིག་ཚོགས་འཕེལ་དྭོགས་ཀྱིས་འདིར་མ་བྲིས་སོ། །དུམ་བུ་གཉིས་པར་བྱེ་བྲག་སྐབས་སུ་བབ་པ་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པ་འདི་ཡི་གཞི་རུ་གྱུར་པའི་གཞུང་།  དཔལ་དུས་ཀྱིའཁོར་ལོ་རུ་ཤེས་དང་ཤེས་བྱ་མ་ལུས་ཇི་ལྟར་འདུ་ཚུལ་གཅིག་བསྟན་ཀུན་མཐོང་གི་མཚོན་བྱེད་དཔེ་ཡི་ཚུལ་དུ། དཔལ་དུས་ཀྱི་འཁོར་ལོ་རུ་བྱུང་བའི་གསོ་བ་རིག་པའི་སྐོར་ཁོ་ན་ལའང་བརྗོད་བྱ་རྒྱ་ཆེ་ཞིང་རྗོད་བྱེད་གཏིང་ཟབ་པས། ཀུན་གླེང་བར་མི་ནུས་ཀྱང་འདིར་དོན་གསལ་བསྡུས་ཀྱི་ལམ་དུ་འཇུག་སྟེ་གསོ་བ་རིག་པའི་སྐོར་གྱི་དཔེར་མཚོན་འགའ་ཞིག་དམིགས་སུ་བཀར་ཏེ་བཤད་པ་ལ་ཡང་སྤྱི་བྱེ་གཉིས་ལས།

དང་པོ་སྤྱིར་ཤེས་བྱའི་རིག་གནས་ཀུན་གྱི་སྣང་བརྙན་འཛིན་པའི་བོད་ཀྱི་རྩིས་རིག་པའི་གཞུང་གི་གཞི་སྙིང་གྱུར་པའི་དཔལ་དུས་ཀྱི་འཁོར་ལོ་རུ། གསོ་བ་རིག་པའི་སྐོར་ཇི་ལྟར་བསྟན་ཚུལ་གཙོ་ཆེའི་གྲས་ཀྱི་ས་བཅད་གནད་བསྡུས་ཀྱི་གྲངས་ཐོ་བསྟན་པ་ལའང་སྣོད་ཀྱི་རྟེན་དང་བཅུད་ཀྱི་བརྟེན་པ་བཅས་ཕྱོགས་གཉིས་དང་།  དེ་ཡང་དངོས་དང་དངོས་མིན་ཆས་དབྱེ་བས་བཞི། དེ་ཡང་ཕྱི་ནང་གསང་བའི་ཆས་དབྱེ་བས་གསོ་ཐབས་དང་གསོ་ཚུལ་ས་བཅད་བཅུ་གཉིས་ཅན་གཉིས་ཏེ་ཉེར་བཞིའི་བདག་ཉིད་ཅན་དང་།  དེ་ལྟར་ས་བཅད་ཉེར་བཞིའི་བདག་ཉིད་ཅན་གྱི་ཁོངས་ནས་བཅུད་ཀྱི་བརྟེན་པ་གསོ་ཐབས་དང་གསོ་ཚུལ་ལ་ཡང་།  ཕྱི་ལུས་གནད་རྩ་ལ་སྦྱོར་བའི་གསོ་ཐབས་དང་གསོ་ཚུལ། ནང་སེམས་གནད་ཐིག་ལེར་སྦྱོར་བའི་གསོ་ཐབས་དང་གསོ་ཚུལ། གསང་བ་ངག་གནད་རླུང་ལ་སྦྱོར་བའི་གསོ་ཐབས་དང་གསོ་ཚུལ། དེ་གསུམ་གཅིག་ཏུ་ལ་བཟླ་སྟེ་རྫས་སྔགས་ཏིང་འཛིན་ལ་སྦྱོར་བའི་གསོ་ཐབས་དང་གསོ་ཚུལ་བཅས་བཞི་པོ་གཞི་གསོ་ཐབས་ལམ་གསོ་ཚུལ་འབྲས་བུ་མཐར་ཐུག་གི་ཡོན་ཏན་གྱི་ཆས་དབྱེ་བས་ས་བཅད་བཅུ་གཉིས་སོ། །གཉིས་པ་བྱེ་བྲག་དེ་ཡི་དབུས་ནས་གཅིག་བསྟན་ཀུན་མཐོང་གི་ཚུལ་དུ་གསོ་བ་རིག་པའི་ཤེས་བྱ་དཔེ་མཚོན་འགའ་ཞིག་དམིགས་སུ་བཀར་ཏེ་བཤད་པ་ལའང་། སྤྱིར་བརྗོད་བྱའི་དོན་དེའི་དགོས་པ་རྒྱུ་མཚན་ཕྱོགས་བསྡུས་བཤད་པ་དང་།  བྱེ་བྲག་བརྗོད་བྱའི་དོན་དངོས་འཆད་པ་དང་གཉིས་ཀྱི་དང་པོ། སྤྱིར་བརྗོད་བྱའི་དོན་དེའི་དགོས་པ་རྒྱུ་མཚན་ཕྱོགས་བསྡུས་བཤད་པ་ན། དེ་ཡང་བོད་ཀྱི་རིག་པའི་གནས་མཐའ་དག་ཕན་ཚུན་གཅིག་ལ་གཅིག་རྟེན་དང་གཅིག་དང་གཅིག་འབྲེལ་ལས་མ་འདས་ཀྱང་།  སོ་སོའི་བྱེད་ལས་སོགས་ཀྱི་ཡོན་ཏན་གྱི་ཆ་ལས་ཐ་སྙད་ཀྱི་ལམ་ནས་མིང་སོ་སོར་གདགས་པ་ཙམ་དུ་ཟད་དེ། དཔེར་ན། མི་གཅིག་གི་གཟུགས་པོ་ཡོངས་རྫོགས་མི་དེའི་ལུས་ཀྱི་ཆ་སྣ་ཚོགས་བསགས་པ་ལས་མ་འདས་པ་དང་།  ལུས་ཀྱི་ཆ་དེ་ཀུན་ཀྱང་གཅིག་ལ་གཅིག་བརྟེན་དང་གཅིག་དང་གཅིག་འབྲེལ་ལས་མ་འདས་ཀྱང་།  སོ་སོའི་གནས་དང་བྱེད་ལས་སོགས་ཀྱི་ཡོན་ཏན་གྱི་དབང་གིས་མགོ་དང་ལག་པ་རྐང་པ་དང་།  མགོ་ལའང་མིག་རྣ་བ་སྣ་ལྕེ་སོགས་ཐ་སྙད་ཀྱི་ལམ་ནས་སོ་སོར་འབྱུང་བ་ཇི་བཞིན་དང་།  ཁྱད་པར་དུ་རྩིས་ཀྱི་རིག་པ་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱའི་ལམ་མཐའ་དག་དང་འབྲེལ་བར་མ་ཟད། རྩིས་དང་སྨན་ནི་དེ་བས་ཀྱང་ནང་འབྲེལ་ཆེ་སྟེ་རྒྱུ་མཚན་གསོ་བ་རིག་པས་ཕན་པ་བྱ་བའི་ཡུལ་དང་བྱེད་པའི་ལས་ཇི་སྙེད་དག་ཀྱང་།  རྩིས་རིག་པ་དང་གནས་སྐབས་མངོན་མཐོ་སྒྲུབ་པའི་ཆ་ནས་བྱ་ཡུལ་བྱེད་ལས་གཅིག་གི་སྟེང་དུ་ཡིན་ཏེ། དེ་ནི་ཁམས་དྲུག་ལྡན་གྱི་སྐྱེ་བོའི་ལུས་རྟེན་འདི་ཉིད་ན་བ་གསོ་ཞིང་མི་ན་བར་ཡུན་རིང་འཚོ་བའི་ཆེད་ཁོ་ནར་ཡིན་ནོ། །མ་ཚད་དེ་ཡི་སྟེང་དུ་རྩིས་རིག་པས་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་ཡང་ཁམས་དྲུག་ལྡན་གྱི་སྐྱེ་བོའི་ལུས་རྟེན་ལ་བརྟེན་ནས་རྩ་རླུང་ཐིག་ལེའི་གནད་ལ་བསྣུན་ཏེ། སྒོ་གསུམ་གྱི་རྩོལ་བ་ལག་ལེན་ལ་སྦྱོར་ནས་མཚོན་བྱེད་ཀྱི་དཔེ་རྩིས་ཀྱི་ལམ་ནས་བསྟན་ཅིང་།  མཚོན་བྱ་དོན་གྱི་ཟུང་འཇུག་རྡོ་རྗེ་འཛིན་པའི་སྐུ་དང་ཡེ་ཤེས་མངོན་དུ་སྒྲུབ་ཚུལ་བསྟན་པའི་གནད་ཁྱད་པར་ཅན་ཡང་།  སྟོང་དང་རྟེན་འབྱུང་གི་བདག་ཉིད་ཅན་གྱི་འབྱུང་ལྔའི་རང་བཞིན་ཅན་དུ་གྲུབ་པའི་ཕ་མའི་ས་བོན་གྱི་དྭངས་སྙིང་གིས་བསྐྱེད་པའི། རྫས་རྡུལ་ཕུང་གྲུབ་པའི་ཁམས་དྲུག་ལྡན་གྱི་ལུས་རྟེན་དང་ཡེ་ཤེས་ལ་སྦྱོར་བའི་རྣམ་ཤེས་དང་བཅས་པ་བརྟེན་པའི་ཚུལ་དུ་གནས་པའི་སྟོང་རྟེན་རྒྱུ་འབྲས་སོགས་ཀྱི་རྣམ་གཞག་ཇི་སྙེད་དག་ཀྱང་།  བསྡུ་ན་རྣམ་པར་དབྱེ་བའི་གཞི་ལམ་འབྲས་གསུམ་པོ་ནང་གི་རྩ་རླུང་ཐིག་གསུམ་དུ་འདུ་བའི་ཕྱི་རོ། །

གཉིས་པར་བྱེ་བྲག་དམིགས་སུ་བཀར་ཏེ་གསོ་བ་རིག་པའི་ཤེས་བྱའི་རྣམ་གྲངས་འགའ་ཞིག་དཔེ་མཚོན་གྱི་ཚུལ་དུ་བཤད་པ་ལ་སྐབས་སུ་བབ་པར་དེའི་རྒྱུ་རྐྱེན་མཚན་ཉིད་བཅས་འཆད་འོས་ཆེ་རུང་།  ཡི་གེའི་ངལ་བར་དྭོགས་ཏེ་བཤོལ་ལ་དངོས་སུ་འཆད་བྱའི་གཏམ་ལ་འཇུག་པ་ལ་གསོ་བྱེད་མི་དང་རྫས་ཀྱི་སྟེང་དུ་རྒྱལ་གསུངས་ལུང་གིས་རྩིས་སྨན་གཅིག་ཏུ་འབྲེལ་ཏེ་བསྟན་ཚུལ་དང་།  གསོ་བྱའི་ཡུལ་གྱི་སྟེང་དུའང་རྩིས་སྨན་གཅིག་ཏུ་འབྲེལ་བཞིན་རྒྱལ་གསུངས་ལུང་གིས་སྨན་རྩིས་ལྷན་ཅིག་ཏུ་བསྟན་ཚུལ་དང་།  སྔར་བྱོན་བོད་ཀྱི་མཁས་དབང་རྣམས་ཀྱིས་རྩིས་སྨན་གཅིག་ཏུ་དྲིལ་ཏེ་ཕྱག་ལེན་འདེབས་སྲོལ་བཤད་པ་དང་བཅས་ཕྱོགས་གསུམ་གྱི་དང་པོ་ལས།

གསོ་བྱེད་མི་དང་རྫས་ཀྱི་སྟེང་དུ་སྟེ་དེ་ཉིད་ཉམས་ལེན་དང་འབྲེལ་དེའི་བསྟན་པ་འཛིན་པ་པོའི་སྟེང་དུ་རྒྱལ་གསུངས་ལུང་གིས་རྩིས་སྨན་གཅིག་ཏུ་སྦྲེལ་ཏེ་བསྟན་ཚུལ་ནི། རྩིས་པའི་སྐོར་ལ་མཚན་བརྗོད་དུ། །བཟང་ངན་ཤེས་ཤིང་དུས་ཤེས་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །ཞེས་དང་།  ཡང་དེ་ཉིད་ལས། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་བསྒྲེངས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །ཞེས་གཙུག་ལག་རྩིས་ཀྱི་བསྟན་པ་འཛིན་པ་པོའམ་དེའི་བྱ་བ་སྒྲུབ་པ་པོའི་མཚན་དང་མཚན་ཉིད་མཚན་གཞི་བྱེད་ལས་བྱ་ཡུལ་བསླབ་བྱ་དམ་ཚིག་བཅས་བསྟན་པ་དང་ལྷན་ཅིག་ཏུ་སྨན་པ་ལའང་དེ་ཇི་བཞིན་དུ། དེ་ཉིད་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་ངུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་།  །ཉོན་མོངས་ནད་ཀྱི་དགྲ་ཆེ་བ། །ཞེས་སྨན་པའི་ངོ་བོ་ངེས་ཚིག་བྱེད་ལས་བྱ་ཡུལ་སྨན་རྫས་ཡོ་བྱད་དང་བཅས་པ་གཞུང་གཅིག་ཏུ་བསྟན་པ་འདིས་ཀྱང་རྩིས་དང་སྨན་ཁ་བྲལ་དུ་མེད་པའི་དགོས་པ་དགོངས་གཞི་ཁྱད་པར་ཅན་དུ་གཟུར་གནས་བློ་ལྡན་དག་གིས་མཐོང་ཐུབ་པར་སེམས་སོ། །འོན་ཀྱང་ངས་འདིར་འཆད་དང་འཆད་འགྱུར་གྱི་རྒྱལ་གསུངས་རྡོ་རྗེའི་ལུང་དོན་སོ་སོའི་ངོ་སྐལ་ཙམ་སྒྲ་ཇི་བཞིན་པའི་སྒོ་ནས་ཁས་བླངས་སྟེ་བཤད་པ་ཡིན་གྱི་རྒྱུད་ཀྱི་རྡོ་རྗེའི་ལུང་དོན་ཇི་བཞིན་དུ་འཆད་པ་ནི་མ་ཡིན་ཏེ། རྒྱུ་མཚན་ནི་རྒྱུད་ཀྱི་རྡོ་རྗེའི་ལུང་ཇི་བཞིན་འཆད་པའི་གང་ཟག་ནི་མངོན་ཤེས་དང་ལྡན་པའི་ས་བཅུའི་དབང་ཕྱུག་གིས། རྡོ་རྗེ་ཐེག་པའི་རྒྱུད་དོན་ཇི་བཞིན་དུ་མཐའ་དྲུག་ཚུལ་བཞི་ཡི་སྒོ་ནས་བཀྲལ་ནུས་ཀྱི། ཚུལ་དེ་ལྟ་བུ་ནི་སོ་སྐྱེས་གང་ཟག་གིས་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར་རོ། །

ཕྱོགས་གཉིས་པར་གསོ་བྱའི་ཡུལ་གྱི་སྟེང་དུའང་རྩིས་སྨན་གཅིག་ཏུ་འབྲེལ་བཞིན་རྒྱལ་གསུངས་ལུང་གིས་རྩིས་སྨན་ལྷན་ཅིག་ཏུ་བསྟན་ཚུལ་དང་།  དེ་འབྲེལ་གསོ་བྱེད་རྫས་དང་།  གསོ་ཚུལ་དངོས་ལ་འཇུག་པའི་སྐབས་བཅས་གསུམ་གྱིས་དང་པོ་ལའང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་བཤད་པ་ལ་ཁམས་ལེའུ་ལས། དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་མཚོ་དང་།  །རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་ཡི་ཚོགས་དང་འབྱུང་པོ་ཀླུ་རྣམས་དང་།  །དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་སྣ་ཚོགས་ས་དང་འོག་ཏུ་མི་རྣམས་དང་ནི་དམྱལ་བ་ཡང་།  །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། །ལུས་དང་ཡེ་ཤེས་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་།  །ལྷ་ནི་མཐོང་བ་བསྐྱེད་མིན་དག་དང་སྲིད་པ་རྣམས་བཅུར་གསུངས་པ་རྡོ་རྗེ་ཡི་ནི་ལུས་དག་ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། །དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུག་མིན་སེམས་ཀྱི་ཀུན་ཏུ་རྟོགས་པ་དག་ལས་གྲོལ། །ཞེས་ཤཱོ་ལོ་ཀ་གཉིས་པོས་སྣོད་བཅུད་བརྟན་གཡོ་སྲིད་ཞི་མཐའ་དག་རྒྱུ་གཞི་ཡི་ཚུལ་གྱི་ངོ་བོ་གང་དུ་གྲུབ་དང་།  རྐྱེན་ལམ་གྱི་ཚུལ་དུ་རྣམ་པ་ཇི་ལྟར་ཚོགས་དང་དེའི་གོ་རིམ་དང་བཅས་པ་དང་།  འབྲས་བུ་འབྲས་བུའི་ཚུལ་སླར་ཇི་ལྟར་སྨིན་པར་འགྱུར་བཅས་བློ་དང་ལྡན་ན་སྣོད་བཅུད་བརྟན་གཡོའི་ཤེས་དང་ཤེས་བྱ་མཐའ་དག་འདི་ཁོ་ནས་བགྲོལ་བར་ནུས་པའི་སྤྱི་ཆིང་སྡོམས་ཚིག་ཏུ་བསྟན་པར་རྟོགས་ནུས་སོ། །

གཉིས་པར་བྱེ་བྲག་རྩིས་གཞུང་དུས་འཁོར་ལས་བྱུང་བའི་སྨན་ཁོ་ནའི་སྐོར་གྱི་ལུང་ཚིག་རྣམས་གསོ་བྱའི་ཡུལ་དང་གསོ་བྱེད་སྨན་གསོ་བའི་ཚུལ་བཅས་གཅིག་དྲིལ་གྱི་ཚུལ་དུ་ཕྱོགས་བསྡུས་ཙམ་གླེང་བ་ལ། འདིར་རྩིས་རིག་པའི་གཞི་སྙིང་དུས་འཁོར་ལས་གསུངས་པའི་གསོ་ཡུལ་ཁམས་དྲུག་ལྡན་གྱི་མི་ཡི་རྟེན་དང་བརྟེན་པའི་རྣམ་གཞག་དཔེར་མཚོན་དུ་ཞུ་བ་ལ། དུས་འཁོར་ནང་ལེའུ་ལས། གསང་བའི་པད་མ་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་བྱང་ཆུབ་ས་བོན་སྲོག་དང་བཅས་པ་དག །ཉ་དང་རུས་སྦལ་ཕག་པ་འགྱུར་ཏེ་མི་ཡི་སེང་གེ་མི་ཐུང་རཱ་མ་རཱ་མ་དག་དང་ནི། །ནག་པོ་སངས་རྒྱས་མི་དབང་རྣམ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཡིན་ནོ། །ཞེས་པས་ཁམས་དྲུག་ལྡན་གྱི་མི་ཡི་རྟེན་དང་བརྟེན་པ་ཐོག་མར་ཇི་ལྟར་གྲུབ་ཚུལ་ནས། མཐར་འཆི་བར་རམ་ཡང་ན་སྟོང་པ་རྣམ་པར་དག་པའི་དབྱིངས་སུ་སྣང་བར་གཟུགས་སྐུ་འཆར་ནས་མཐར་སླར་ཡང་རྣམ་པར་དག་པའི་སྟོང་ཉིད་ཆོས་དབྱིངས་ཡེ་ཤེས་ཀྱི་ཀློང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་གནས་སྐབས་སྣང་ངོར་གྲུབ་པའི་འཕེལ་འགྲིབ་ཀྱི་རིམ་པ་བཅུ་དང་སྦྱར་ཏེ་མདོར་བསྟན་པ་དང་།  ཡང་དེ་ཉིད་ལས། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་མཐའ་དག་རོ་དྲུག་ཟོས་ཤིང་འཐུང་བ་དག་ལས་འགྱུར་བ་སྟེ། །རོ་དྲུག་རྣམས་ཀྱང་འབྱུང་བ་ལས་ཏེ་རབ་གསལ་ངེས་པར་འབྱུང་བའི་ཚོགས་ཀྱང་ནམ་མཁའི་ཁམས་ལ་འོ། །སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་འགྱུར་མེད་རྟག་པར་ཡང་ནི་འགྱུར་བ་སྟེ། །དེ་ལྟར་འབྱུང་བ་ལ་གནས་ཞི་བ་རྣམ་གསུམ་སྲིད་པ་ལ་གནས་རང་གི་ལུས་ལ་རིག་པར་བྱ། །ས་བོན་པད་མར་གནས་པ་དག་ནི་འཛིན་ཏེ་དེ་ལས་ཆུ་ཡིས་བསྡུས་དོ་ཕྱི་ནས་ནི། །མེ་ཡིས་སྨིན་པར་བྱེད་ཅིང་རོ་དང་རོ་ནི་ཟ་བར་བྱེད་དེ་འདི་ཡི་འཕེལ་བ་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་མི་ཡི་བདག་པོ་དུས་ལས་དེ་ལྟར་གྲུབ་པ་སྟེ། ཞེས་པས་རྟེན་འབྱུང་ལྔས་གྲུབ་པའི་རྫས་ཀྱི་ཕུང་པོའི་ཚོགས་སུ་གྱུར་པའི་ལུས་དེ་ཉིད་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་སོགས་ཁམས་དྲུག་གི་བདག་ཉིད་ཅན་དུ་གྲུབ་པའི་སྤུ་དང་པགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་ལ་སོགས་པའི་ཁམས་ཀྱི་ཚོགས་སུ་འགྱུར་བ་མཐའ་དག་ཀྱང་།  ལན་ཚྭ་མངར་ཚ་ཁ་བསྐ་སྐྱུར་སོགས་ཀྱི་རོ་དྲུག་གི་བཅུད་དང་ལྡན་པའི་ཟས་སོགས་ཟོས་ཤིང་འཐུངས་པའི་དབང་གིས། ཁམས་དེ་དག་གི་ཚོགས་སུ་འགྱུར་ཞིང་རོ་དེ་དག་རྣམས་ཀྱང་འབྱུང་བ་རྣམས་ལས་བསྐྱེད་ཅིང་འབྱུང་བའི་ཚོགས་ཀུན་ཀྱང་ནམ་མཁའ་རུ་བསྡུས་པ་དང་ལྷན་ཅིག་ཐོག་མར་རྟེན་རྫས་ཀྱིས་ལུས་ཀྱི་ཕུང་པོར་གྲུབ་ནས་བརྟེན་པ་སྟོང་ཉིད་ཡེ་ཤེས་ཀྱི་རྣམ་པ་ལས་ཤར་བའི་ཀུན་གཞིའི་རྣམ་ཤེས་དང་བཅས་པ་ཇི་ལྟར་ཕན་ཚུན་ལྟོས་ཏེ་གྲུབ་པ་དང་ཇི་ལྟར་འཕེལ་ལམ་བསྐྱེད་པའི་ཚུལ་བཅས་བསྟན་པ་དང་།  ཡང་དེ་ཉིད་དུ། ས་བོན་དག་གི་ས་ནི་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་ཆུ་ནི་དེ་བཞིན་གཤེར་བ་ཉིད། །མེ་ནི་སྨིན་པར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་རླུང་རྣམས་དག་ནི་འདི་ཡིས་འཕེལ་བའོ། །འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་བྱེད་དུས་ལས་དེ་ལྟར་བསྐྱེད་པ་སྟེ། །ཞེས་པས་འཁོར་འདས་ཀུན་གྱི་བྱེད་གཞིར་གྱུར་པའི་འབྱུང་བའི་མཚན་ཉིད་དང་དེ་འབྲེལ་བྱེད་ལས་བཅས་བསྟན་པ་དང་།  ཡང་དེ་ཉིད་ལས། ཁུ་བ་ལས་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་རྡུལ་ལས་པགས་པ་ཁྲག་དང་ཤ་ཉིད་དོ།། མངལ་གྱི་ནང་དུ་ཟླ་བ་གཅིག་ནི་ཁྲག་དང་ས་བོན་བདུད་རྩིའི་རོར་གྱུར་རབ་ཏུ་སྐྱེ་བ་སྟེ། །ཕྱི་ནས་ས་བོན་མྱུ་གུ་རང་གི་སྙིང་གར་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བའོ། །ལྟེ་བ་ལ་ཡང་བརྒྱད་པ་བརྒྱད་ནི་གཞན་ཏེ་རྐང་ལག་གདོང་རྣམས་ལ་ནི་གྱེན་དུ་བསྐྱེད་པར་བྱེད། །ཟླ་བ་གཉིས་པ་རྫོགས་པར་གྱུར་པ་དག་ལ་འདིར་ནི་རྐང་ལག་གདོང་གི་མཚོན་པ་ཅུང་ཟད་དོད། །ཟླ་བ་གསུམ་པ་རྫོགས་པ་ན་ནི་ལག་པ་རྐང་པ་མགྲིན་པ་དག་གི་མགོ་བོ་མཉམ་པར་འགྱུར། །ཕྲ་མོའི་རྩ་རྣམས་ཟླ་བ་བཞི་པ་ལ་ནི་རྐང་ལག་མགོ་དང་མགྲིན་པ་དག་གི་ཕྱོགས་སུ་སྟེ། །ལྔ་པ་ལ་ནི་ཤ་དང་ཁྲག་དང་རུས་པ་མཁའ་རོ་བསྲེག་ཟ་དག་སྟེ་ཚིགས་རྣམས་དག་ཀྱང་ངོ་། །ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་ཏུ་འགྱུར་ཏེ་ཚོར་བ་བདེ་བ་དག་དང་སྡུག་བསྔལ་ཡང་།  །སྨིན་མ་སྐྲ་དང་བུག་པ་རྣམས་ཀྱང་ཐུབ་མཆོག་ལ་སྟེ་རྩ་ནི་ལྷག་མ་གྱུར་པ་རྣམས། །ཟླ་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། །གནད་དང་རུས་པ་རྐང་དུ་འགྱུར་ཏེ་རོ་འཛིན་དང་ནི་གཅི་བ་བཤང་བ་བརྒྱད་པ་དག་ལ་ཡང་།  །བུག་པ་ཞེས་ལ་བཙའ་བའི་དུས་སུ་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གིས་སྡུག་བསྔལ་དྲག་པོའོ། ཞེས་པས་ཕའི་ས་བོན་ཁུ་བའི་སྙིང་པོས་རྐང་དང་རུས་པ་རྒྱུས་པར་འགྱུར་བ་དང་།  མའི་ས་བོན་ཁྲག་གི་སྙིང་པོས་པགས་པ་དང་ཁྲག་དང་ཤ་བཅས་ཀྱི་རྟེན་དུ་འགྱུར་ཞིང་ཟླ་བ་གཅིག་ལ་མངལ་ནང་གནས་པའི་རྟེན་ས་བོན་དེ་ཉིད་བདུད་རྩི་ལྔའི་རོ་ཡི་ངོ་བོར་གྱུར་པ་དང་།  དེ་ཡང་རྟེན་ས་བོན་དེ་ཉིད་ལ་མྱུ་གུའི་ཚུལ་དུ་སྙིང་གར་རྣམ་པ་བཅུ་ཡི་རླུང་རྒྱུ་བའི་ལམ་གྱི་རྟེན་རྩ་བཅུ་ནི་ཤིན་ཏུ་ཕྲ་ཞིང་ཕྲ་བའི་རང་བཞིན་ཅན་དུ་འགྱུར་ལ། ལྟེ་བ་བསྐྱེད་བྱེད་འཁོར་ལོའི་རྩ་བརྒྱད་བརྒྱད་རེ་བཞི་པོ་ཡང་རྐང་ལག་གདོང་བཅས་མཆེད་པའི་རྟེན་གྱི་ཚུལ་དུ་བསྐྱེད་པར་འགྱུར་རོ། །ཟླ་བ་གཉིས་པ་རྫོག་པའི་ཚེ་རྐང་ལག་དང་གདོང་གི་མཚོན་ཚུལ་ཅུང་དོད་ལ་ཟླ་བ་གསུམ་པ་རྫོགས་པ་ན་རྐང་ལག་མགྲིན་པའི་མགོ་བོ་མཉམ་པར་འགྱུར་ཅིང་།  ཟླ་བ་བཞི་པ་ལ་ཕྲ་མོའི་རྩ་རྣམས་རྐང་ལག་དང་མགོ་མགྲིན་དག་གི་ཕྱོགས་སུ་འཕེལ་ལ། ཟླ་བ་ལྔ་པ་ལ་ནི་ཤ་ཁྲག་རུས་པ་དང་ཚིགས་རྣམས་འབྱུང་ཞིང་ཟླ་བ་དྲུག་པར་ཤ་ཁྲག་རུས་བཅས་སླར་ཡང་འཕེལ་ལ་ཚོར་བ་བདེ་སྡུག་སྐྱེ། དེ་ཡན་ལ་ཉ་དང་རུས་སྦལ་ཕག་པའི་རྣམ་པ་གསུམ་གྱི་དུས་སུ་བཤད་ཅིང་དེ་ལ་མངལ་གནས་ཞེས་པའི་དུས་ཀྱི་ཐ་སྙད་སྦྱར་ལ་འདི་མན་ཟླ་བདུན་ནས་དགུ་པའི་བར་བཙའ་བའི་དུས་ཞེས་པའི་ཐ་སྙད་སྦྱར་ལ་མི་ཡི་སེང་གེའི་དུས་སུ་བཤད་ལ། དེའི་རིང་ཟླ་བ་བདུན་པར་ལག་སོགས་ཡན་ལག་རྣམས་གསར་བར་འབྱེད་ཅིང་སྨིན་མ་དང་སྐྲ་དང་བུ་ག་རྣམས་དང་བཅས་པའི་རྩ་སྔར་སྐྱེས་ཟིན་གྱི་ལྷག་མ་རྣམས་ཉིན་ཞག་རེར་ཉིས་བརྒྱ་རེ་སྐྱེད་པར་བཞེད་དོ། །ཤ་དང་རུས་པའི་གནད་དང་རྐང་བཅས་པ་དང་གཅི་བཤང་རྣམས་ཀྱང་ཟླ་བ་བརྒྱད་པ་དང་དགུ་པའི་བར་འབྱུང་བར་བཤད་ལ། ཟླ་བ་དགུ་པའི་མཐར་བཙའ་བའི་དུས་ཏེ་མི་ཐུང་གི་དུས་སུ་གསུངས་སོ། །དེ་ནས་ལོ་མཇུག་སོ་སྐྱེས་ནས་ལོ་བདུན་བར་རཱ་མ་སྔ་མའི་དུས་དང་ལོ་བརྒྱད་སོ་ལྷུང་བའི་དུས་ནས་རཱ་མ་ཕྱི་མའི་དུས་སུ་རྣམ་པར་གཞག་ལ། གཞོན་ནུ་ལང་ཚོ་རྒྱས་པའི་སྟོད་ལ་ནག་པོ་ཞེས་པའི་དུས་དང་།  ལང་ཚོ་རྒྱས་པའི་སྨད་ལ་སངས་རྒྱས་ཞེས་པའི་དུས་དང་།  དེ་ནས་རྒས་ནས་འཆི་བའི་བར་རིགས་ལྡན་ཞེས་པའི་དུས་ཏེ་དེ་ལྟར་རྣམ་པ་བཅུ་པའི་དུས་སུ་བཞེད་དོ། །དེ་ཡང་ཟླ་བ་གཅིག་ནས་དགུའི་བར་རྫས་ཕ་མའི་ས་བོན་གྱི་སྙིང་པོས་གྲུབ་པའི་རྟེན་རྡུལ་ཕུང་དང་བརྟེན་པ་ཀུན་གཞིའི་རྣམ་ཤེས་བཅས་རྩ་རླུང་ཐིག་གསུམ་གྱི་བདག་ཉིད་ཅན་ཇི་ལྟར་བྱུང་ཞིང་འཕེལ་བའི་ཚུལ་དང་།  

༼ དེའི་སྟེང་ལུང་སྔ་མ་དང་འབྲེལ་ཏེ་ཉ་ནས་རིགས་ལྡན་བར་གྱི་གནས་སྐབས་བཅུ་འམ་འཇུག་པ་བཅུ་དང་སྦྱར་བའི་རིམ་པ་མདོར་ཙམ་ཡང་གཅིག་ཏུ་དྲིལ་ཏེ་འདིར་ཅུང་ཞིག་སྨོས་སོ། །ཡང་དེ་ཉིད་ལས། །རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་མངལ་གྱི་དབུས་དག་ཏུ་ཡང་འཕེལ་བ་ནི། །བྱས་ནས་ལོ་ནི་རྫོགས་པ་ན་ཡང་གཏོང་སྟེ་རི་བོང་འཛིན་པ་ཉི་མ་དག་ཀྱང་འཕེལ་བར་བྱེད། །ལོ་ནི་བཅུ་གཉིས་དག་ནི་ཉིན་བྱེད་ཁམས་ནི་འཕེལ་བ་གཏོང་སྟེ་རང་གི་ལུས་པོ་དག་ལ་འོ། །ཞེས་པས་རྩ་ཡི་དྲ་བར་གྲུབ་པའི་མིའི་ལུས་རྟེན་དེ་ཉིད་མངལ་གནས་ཀྱི་དུས་སོགས་ལ་རྩ་ཡི་གྲངས་འཕེལ་ཞིང་བསྐྱེད་པའི་ཚུལ་དང་རྩ་ཕྲན་གྱི་སྡོམ་གྲངས་བཅས་བསྟན་པ་དང་།  ཡང་དེ་ཉིད་ལས། ས་ཡི་སྙིང་པོ་དག་ནི་བསྲེག་ཟར་འགྱུར་ཏེ་འཛིན་མ་དང་ནི་རླུང་དག་སྟོང་པའི་སྙིང་པོའོ། །རླུང་དང་ས་ཡི་སྙིང་པོ་དག་ནི་ཆུ་ཉིད་དུ་འགྱུར་རང་བཞིན་མེད་པ་དང་ནི་རང་བཞིན་ནོ། །ས་ཡི་རྟེན་ནི་ཆུ་གཏེར་འབར་བྱེད་དག་ཀྱང་ཆུ་ཡི་རླུང་ནི་དག་པར་བྱེད་པ་དག་གིའོ། །རླུང་གི་སྟོང་པ་རབ་ཏུ་འགྱུར་ཏེ་མི་ཡི་དབང་པོ་འབྱུང་བའི་བརྟེན་དང་རྟེན་པ་ཇི་ལྟར་བཞིན། །ཕུང་པོའི་བརྟེན་ནི་འབྱུང་བ་རྣམས་སུ་འགྱུར་ཏེ་ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྩ་རྣམས་སོ། །རྩ་རྣམས་ཀྱི་ནི་སྲོག་རླུང་རྣམ་པ་བཅུ་པོར་འགྱུར་ཏེ་སྲོག་གི་རླུང་རྣམས་དག་ནི་སེམས་ཡིན་ནོ། །སེམས་དེ་གཉིས་ཀྱི་རང་བཞིན་དུ་འགྱུར་ཡོན་ཏན་དབང་གིས་རང་བཞིན་ཅན་དང་རང་བཞིན་མེད་པའོ། །ཞེས་པས་འབྱུང་བ་སོ་སོའི་སྙིང་པོ་དང་གལ་ལ་གང་བརྟེན་པའི་ཚུལ་དང་།  རྫས་རྡུལ་ཕུང་གྲུབ་པའི་བརྟེན་ལུས་ཀྱི་རང་བཞིན་གྱི་རྩ་ཇི་སྙེད་དག་ཀྱང་འབྱུང་བའི་ཚོགས་ལ་རྟེན་པ་དང་།  དེ་ལྟར་རྩ་རྣམས་ལའང་ངག་གི་རང་བཞིན་སྲོག་གི་རླུང་རྣམས་དང་།  སྲོག་གི་རླུང་རླུང་རྣམས་ལ་སེམས་སམ་ཡིད་ཀྱི་རང་བཞིན་ཐིག་ལེ་དང་།  སེམས་སམ་ཡིད་ཀྱི་རང་བཞིན་ཐིག་ལེ་དེ་ཡང་གཉིས་སུ་མེད་པའི་རྩ་རླུང་ཐིག་ལེ་བཅས་པ་ཟུང་འཇུག་ཆེན་པོའི་རང་བཞིན་ཏེ། རང་བཞིན་གང་དུའང་མ་གྲུབ་པའི་ཟབ་གསལ་གདོད་ནས་དག་པའི་ཡེ་ཤེས་ཆེན་པོ་བཅས་གསལ་བར་བསྟན་པ་དང་།  ཡང་དེ་ཉིད་ལས། དྲི་ནི་འཛིན་མ་དག་ལས་འབྱུང་སྟེ་རོ་ཡང་རྩེ་མོ་ཅན་ལས་གཟུགས་ཀྱི་ཁམས་ནི་ཆུ་ལས་སོ། །རླུང་ནི་རེག་པར་འགྱུར་ཏེ་ཞི་བ་ལས་ཀྱང་སྒྲ་དང་ཆོས་ཀྱི་ཁམས་ནི་ནམ་མཁའ་དག་ལས་སོ། །སྟོང་པ་སྒྲ་ནི་འཛིན་པར་བྱེད་དེ་ངེས་པར་རྒྱལ་བ་བསྐྱེད་མཛད་ཆོས་ཀྱི་ཁམས་དང་རླུང་དག་ནི། །དྲི་དང་མེ་ཡང་གཟུགས་ཏེ་ཆུ་དག་ཀྱང་ནི་རི་འོ་དེ་བཞིན་འཛིན་མ་དག་ལ་རེག་བྱའོ། །གྲུབ་པ་གཟུགས་ནི་འཛིན་མ་ལ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཆུ་ལ་ཡང་ནི་འདུ་བྱེད་གྲུབ། །མེ་ལ་ངེས་པར་ཉིད་དུ་ཚོར་བར་འགྱུར་ཏེ་རླུང་ལ་ཡང་ནི་ཕུང་པོ་འདུ་བྱེད་ཁོ་ནའོ། །རྣམ་ཤེས་ཡེ་ཤེས་བསྲེས་པ་ནམམཁའ་དང་བཅས་རྡོ་རྗེ་དག་ལ་གྲུབ་པ་ཉིད་དེ་ལུས་འདི་ལ། །ཁམས་དང་ཕུང་པོ་ལ་སོགས་ཐམས་ཅད་འགྱུར་བ་དག་ཀྱང་རྡུལ་དང་བྱང་ཆུབ་སེམས་སོགས་སྦྱོར་བས་སོ། །ཞེས་པས་དྲི་འོད་ལས། ཁམས་རྣམས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་འགྲེལ་བ་གསུངས་ཏེ། ཕྱི་རོལ་ལམ་ནང་དུ་དྲི་ནི་འཛིན་མ་དག་ལས་འབྱུང་བར་འགྱུར་ཏེ་གསུངས་པ་ནི་ས་ལས་དྲིའི་ཁམས་འབྱུང་བར་བསྟན་ཅིང་དེ་ནི་ཆ་གཙོ་ཆེར་ལྟོས་ནས་གསུངས་པར་ཡིན་གྱི་གཞན་དུ་ཕལ་པར་ལྟོས་ན་རོ་རྣམ་པ་དྲུག་སོགས་གཞན་རྣམས་ཀྱང་ས་ཡི་ཁམས་ལས་འབྱུང་སྲིད་པའི་དོན་བསྟན་པ་ཡིན་ནོ། །དེ་བཞིན་དུ་མེ་ཡི་ཁམས་ལས་རོ་དང་གཟུགས་ཀྱི་ཁམས་ཆུ་ལས་འབྱུང་ཞིང་།  དེ་བཞིན་རླུང་གི་ཁམས་ལ་རེག་པ་དང་ཞི་བ་སྟེ་ཡེ་ཤེས་ཀྱི་ཁམས་ལས་སྒྲ་དང་།  ཆོས་ཀྱི་ཁམས་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ནི་ནམ་མཁའ་སྟེ་ལྔའི་བདག་ཉིད་ཀྱི་རོའི་ཁམས་གསལ་བར་བྱེད་པ་ལས་འབྱུང་བའི་ཚུལ་བསྟན་པ་དང་།  །དེ་བཞིན་དུ་སྟོང་པ་ཞེས་པ་རིགས་ལས་བྱུང་བའི་རྣ་བའི་དབང་པོས་ནི་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་སྒྲ་འཛིན་པར་བྱེད་དོ། །ངེས་པར་རྒྱལ་བ་བསྐྱེད་མཛད་ཅེས་པ་ནི་གདོན་མི་ཟ་བར་ཡེ་ཤེས་ཀྱི་ཁམས་ལས་བྱུང་བའི་ཡིད་ཀྱི་དབང་པོས་ནམ་མཁའི་ཁམས་ལས་བྱུང་བའི་ཡུལ་ཆོས་ཀྱི་ཁམས་འཛིན་པར་བྱེད་དོ། །རླུང་དག་ནི་ཞེས་པས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་དབྱེར་མེད་ཉིད་ཀྱི་སྟེ། རླུང་ལས་བྱུང་བའི་སྣའི་དབང་པོས་སའི་ཁམས་ལས་བྱུང་བའི་ཡུལ་དྲི་འཛིན་པར་བྱེད་དོ། །མེ་ཡང་ཞེས་པ་ནི་མེའི་ཁམས་ལས་བྱུང་བའི་མིག་གི་དབང་པོས་ཆུའི་ཁམས་ལས་སྐྱེས་པའི་ཡུལ་གཟུགས་འཛིན་པར་བྱེད་དོ། །ཆུའི་ཁམས་ལས་བྱུང་བའི་ལྕེའི་དབང་པོས་མེའི་ཁམས་ལས་སྐྱེས་པའི་ཡུལ་རོ་འཛིན་པར་བྱེད་དོ། །འཛིན་མ་ཞེས་པ་སའི་ཁམས་ལས་བྱུང་བའི་ལུས་ཀྱི་དབང་པོས་རླུང་གི་ཁམས་ལས་བྱུང་བའི་ཡུལ་རེག་བྱ་འཛིན་པར་བྱེད་དེ། ཡུལ་དང་ཡུལ་ཅན་རྣམས་ཀྱི་བཟུང་བ་དང་འཛིན་པའི་མཚན་ཉིད་ངེས་པ་བསྟན་པ་དང་།  དེ་བཞིན་གཟུགས་ནི་འཛིན་མ་ལ་གཙོ་བོས་གྲུབ་སྟེ་འདུ་ཤེས་ལ་སོགས་པ་རྣམས་ནི་ཕལ་པས་གྲུབ་པའོ། །དེ་ནི་སྲིད་པ་གསུམ་གྱི་གནས་སུ་སྟེ་ཁམས་གསུམ་གྱི་ཡུལ་དུ་ཡིན་གྱི་མྱ་ངན་ལས་འདས་པའི་ཆོས་ལ་མ་ཡིན་ནོ། །ཆུ་ལ་ནི་འདུ་ཤེས་གྲུབ་པར་འགྱུར་ཏེ་འདིར་འདུ་ཤེས་ཞེས་བྱ་བ་ནི་དབྱངས་ཀྱི་ཆོས་ཟླ་བ་དང་ཁུ་བ་ཆུའི་རང་བཞིན་ཏེ། ཆུའི་རང་བཞིན་ཉིད་ཀྱི་ཕྱིར་ཆུ་ལ་འདུ་ཤེས་གྲུབ་པར་འགྱུར་རོ་ཞེས་པ་ནི་ངེས་པའོ། །མེ་ལ་ངེས་པ་ཉིད་དུ་ཚོར་བ་ཞེས་པ་ལ་འདིར་མེའི་རང་བཞིན་ནི་ཉི་མ་དང་རྡུལ་དང་ཀ་ལི་སྟེ། ཉི་མ་དང་རྡུལ་དང་ཀ་ལིའི་རང་བཞིན་ནི་ཚོར་བའོ། །དེའི་ཕྱིར་མེ་ལ་ཚོར་བ་གཙོ་བོས་གྲུབ་པར་འགྱུར་ཏེ་ལྷག་མ་རྣམས་ནི་ཕལ་པས་རབ་ཏུ་འགྱུར་རོ། །རླུང་ལ་འདུ་བྱེད་ཀྱི་ཕུང་པོ་གྲུབ་སྟེ་འདིར་རླུང་གི་ལུས་དང་ངག་དང་སེམས་ཡང་དག་པར་གཡོ་བར་བྱེད་ཅིང་འདུ་བྱེད་སྐྱེད་པར་བྱེད་པ་སྟེ། དེས་ན་རླུང་གི་རང་བཞིན་ནི་འདུ་བྱེད་དུ་གྲུབ་བོ། །རྣམ་ཤེས་ཡེ་ཤེསབསྲེས་པ་སྟེ་ཡེ་ཤེས་དང་བཅས་པ་ནི་རིམ་པ་བཞིན་དུ་ནམ་མཁའ་དང་བཅས་རྡོ་རྗེ་ལ་སྟེ། ནམ་མཁའ་ལ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་རྣམ་པར་ཤེས་པ་གྲུབ་བོ། །རྡོ་རྗེ་སྟེ་ཡེ་ཤེས་ཀྱི་ཁམས་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་མཐར་བདེ་བའི་སྐད་ཅིག་གི་བདག་ཉིད་ཀྱི་ཡེ་ཤེས་གྲུབ་བོ། །འདིར་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་གི་ལུས་ལ། ཅི་ཡི་ཕྱིར་ཁམས་དང་ཕུང་པོ་ལ་སོགས་པ་ཐམས་ཅད་དུ་འགྱུར་ཞེ་ན། རྡུལ་དང་བྱང་ཆུབ་སེམས་སྦྱོར་བས་སྟེ། འདིར་ལུས་ལ། ཁམས་དང་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་རྡུལ་དང་ཁུ་བ་ཀུན་གཞི་རྣམ་པར་ཤེས་པའི་བདེ་བའི་སྐད་ཅིག་གི་གནས་སྐབས་སྦྱོར་བ་ལས་འགྱུར་བའི་ཕྱིར་རོ། །རྣ་བ་ལ་སོགས་པའི་འཛིན་པ་རྣམས་སྒྲ་ལ་སོགས་པའི་ཡུལ་འཛིན་པར་བྱེད་པ་ཉིད་ཀྱི་དེའི་རང་བཞིན་ཉིད་དུ་གསུངས་པ་སྟེ། རྣ་བ་ཞེས་པ་ལ་སོགས་པས་འདིར་ལུས་ཀྱི་ཆོས་ལ་རྣ་བ་ནི་སྟོང་པའིམཚན་ཉིད་འཛིན་པར་བྱེད་པ་ཉིད་ཀྱི་གཟུང་བའི་ཡུལ་འཛིན་པས་ནི་རྡོ་རྗེའི་རང་བཞིན་ཏེ་སྒྲ་ཡི་རང་བཞིན་ནོ། །དེ་ལྟར་འདིར་འཛིན་པའི་ཆོས་ནི་ལུས་ཀྱི་དབྱེ་བས་གསུངས་ཏེ། གཟུང་བའི་ཆོས་ནི་བསམ་པའི་དབྱེ་བས་སོ།།༽

དེའི་ཕྱིར་གཟུང་བར་བྱ་བའི་རང་བཞིན་གྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་རང་བཞིན་རྣམ་པར་ཤེས་པར་བྱའོ། །དེ་བཞིན་ཡིད་ནི་ནམ་མཁའ་དག་གི་རང་བཞིན་ཞེས་པ་ཆོས་ཀྱི་ཁམས་ཀྱི་རང་བཞིན་དེ་ཡུལ་ཆོས་ཀྱི་ཁམས་འཛིན་པ་ཉིད་ཀྱི་ཕྱིར་རོ། །སྣ་ནི་སའི་རང་བཞིན་ཞེས་པ་དྲིའི་རང་བཞིན་ཏེ་དྲི་འཛིན་པའི་ཕྱིར་རོ། །ལྕེ་ནི་མེ་ཡི་རང་བཞིན་ཞེས་པའང་སྔ་མ་བཞིན་དུ་ལྕེས་མེ་ལས་སྐྱེས་པའི་རོ་འཛིན་པའི་ཕྱིར་རོ། །མིག་ནི་ཆུ་ཡི་རང་བཞིན་དག་སྟེ་ཞེས་པ་ནི་མིག་གིས་ཆུ་ལས་སྐྱེས་པའི་གཟུགས་འཛིན་པའི་ཕྱིར་རོ། །དེལྟར་སྲིད་པ་གསུམ་པོའི་གནས་ཀུན་ཏུ་སྣང་བའི་ཆོས་ཀུན་རང་བཞིན་གྱི་ཡོན་ཏན་གྱི་སྲིད་པའི་ཆ་ལས་དེ་ལྟར་ཡིན་གྱི། དེ་དག་ཀུན་ཀྱང་དེ་ཡི་ལྡོག་ཆར་སྲིད་པ་གསུམ་གྱི་གནས་སུ་མྱང་འདས་ཞི་བའི་ཡོན་ཏན་ཆ་ལས་ནི་དེ་ལྟར་མ་ཡིན་པའང་རང་བཞིན་དངོས་ཤུགས་ཅིག་ཆར་དུ་ངེས་ནུས་སོ། །དེ་ལྟར་འབྱུང་ལྔས་མཚོན་པའི་ཡུལ་དང་ཡུལ་ཅན་ཕུང་པོ་ཁམས་དང་དབང་པོ་སོགས་སྒོ་དུ་མ་ནས་སྲིད་གསུམ་སྣང་བའི་ཆོས་ཐམས་ཅད། སྲོག་ལྡན་སྲོག་མེད་དངོས་དང་དངོས་མིན་ཐ་དད་སྙོམ་འཇུག་བཅས་ཇི་ལྟའི་གནས་ལུགས་ཇི་བཞིན་རྟེན་ཅིང་འབྲེལ་ཞིང་འབྱུང་བའི་ཚུལ་གྱི་རྣམ་དབྱེ་བསྟན་པ་དང་།  ཡང་དེ་ཉིད་ལས། ངག་དང་ལག་པ་རྐང་པ་བཤང་ལམ་ཐམས་ཅད་རླུང་མེ་ཆུ་དང་ས་རྣམས་དག་ལས་འབྱུང་བར་འགྱུར། །ཐུར་སེལ་ཡེ་ཤེས་ཁམས་ལ་རྣམ་གསུམ་ཞེས་པར་འགྱུར་ཏེ་སྲོག་གི་རླུང་ཡང་སྟོང་པ་དག་ལའོ། །རླུང་གི་དབུས་སུ་མཉམ་གནས་རྩེ་མོ་ཅན་ལ་སླར་ཡང་གྱེན་རྒྱུ་ཆུ་ལ་ཁྱབ་པར་བྱེད་པ་ཉིད། །ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་རྩངས་པ་དང་ནི་ལྷ་སྦྱིན་ནོར་ལས་རྒྱལ་བ་དག་གི་རླུང་།  །བཞི་པོ་རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་རིམ་པ་ཡིས་ནི་ཡང་དག་འགྱུར། །ཞེས་པས་ངག་གི་དབང་པོ་ནི་རླུང་གི་ཁམས་ལས་འགྱུར་ཞིང་།  དེ་བཞིན་དུ་ལག་པ་མེ་དང་།  རྐང་པ་ཆུ། བཤང་ལམ་ས། འདིར་མ་གསུངས་པ་ཉིད་ལས་གསང་བའི་དབང་པོ་ནི་ནམ་མཁའི་ཁམས་ལས་འབྱུང་བར་འགྱུར་ཞིང་།  འདིར་ལུས་ལ་ཐུར་སེལ་གྱི་རླུང་ནི་ཡེ་ཤེས་ཀྱི་ཁམས་ལས་འབྱུང་བར་འགྱུར་ཞིང་།  དེ་ཡང་བཤང་བ་དང་གཅི་བ་དང་ཁུ་བ་འདྲེན་པར་བྱེད་པ་ལས་རྣམ་གསུམ་ཞེས་པར་འགྱུར་བ་སྟེ། སྲོག་གི་རླུང་ནི་སྟོང་པ་ལ་སྟེ་ནམ་མཁའི་ཁམས་ལས་འབྱུང་ཞིང་དེ་ཡང་གཡས་དང་གཡོན་དང་དབུ་མའི་རྩ་བཅས་རྩ་རྣམ་པ་གསུམ་དུ་རྒྱུ་བའི་རླུང་འགྱུར་ལ། རླུང་གི་དབུས་སུ་སྟེ་རླུང་གི་ཁམས་ལས་མཉམ་གནས་རྩེ་མོ་ཅན་ཏེ་མེའི་ཁམས་ལས་སླར་ཡང་གྱེན་རྒྱུ་དང་།  དེ་བཞིན་དུ་ཆུ་ལ་ཁྱབ་བྱེད། ས་ལ་ཀླུ་དང་།  དེ་ནས་རུས་སྦལ་རླུང་གི་ཁམས་ལས་འགྱུར་ཞིང་།  མེ་ལས་རྩངས་པ། ཆུ་ལས་ལྷ་སྦྱིན། སའི་ཁམས་ལས་ནོར་རྒྱལ་སོགས་འབྱུང་བའི་ཁམས་ཀྱི་བདག་ཉིད་ཅན་གྱི་རླུང་རྣམས་རིམ་པ་ཡིས་ནི་ཡང་འགྱུར་བའི་ཚུལ་བཅས། རྟེན་རྩ་ཡིས་དབྱེ་བའི་དེར་རྒྱུའི་རླུང་དང་དེ་དང་ལྷན་ཅིག་འགྲོགས་པའི་སེམས་ཀྱི་ངོ་བོ་ཐིག་ལེ་བཅས་པ་འབྱུང་བ་ལྔ་དང་ཇི་ལྟར་འབྲེལ་ཞིང་གྲུབ་པའི་ཚུལ་རྣམ་པར་གསལ་བར་དབྱེ་ནས་བསྟན་པ་དང་།  ཡང་དེ་ཉིད་ལས། སྲོག་ནི་ཉི་མ་ཟླ་བའི་ལམ་དུ་གནས་པ་དག་ཀྱང་སྲོག་བྱེད་བཟའ་དང་བཏུང་བ་མ་ལུས་པ། །དེ་དག་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ་མཐའ་དག་རོ་མཉམ་ལུས་ལ་མཉམ་གནས་དག་གིས་འཐོབ། །ལུས་ལ་གྱེན་རྒྱུའི་གཡོ་བར་བྱེད་དེ་ཁ་དང་ལག་པ་རྐང་པ་རྣམས་ཀྱི་གླུ་དང་ཟློས་གར་བྱེད། །ཁྱབ་བྱེད་ཀྱིས་ནི་ནད་དག་བྱེད་དེ་རང་བཞིན་ཡོན་ཏན་དབང་གིས་ལུས་ནི་འཇིག་པ་དེ་བཞིན་ཉིད། །ཀླུ་ཡང་སྒྲེགས་པ་ཉིད་དེ་གསལ་བར་ལག་པ་རྐང་པ་བསྐུམ་པ་དག་ནི་རུས་སྦལ་རླུང་གིས་སོ། །ཁྲོ་དང་གཡེང་བ་མཐའ་དག་དེ་བཞིན་རྩངས་པའི་རླུང་དག་གིས་ཏེ་གླལ་བ་དག་ཀྱང་ལྷ་སྦྱིན་གྱིས། །ལུས་ནི་ལྔ་པ་ཉིད་གྱུར་གཏོང་བར་མི་བྱེད་མི་ཡི་བདག་པོ་རླུང་གཅིག་ནོར་ལས་རྒྱལ་བའོ། །དེ་ལྟར་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་གཏོང་མི་བྱེད། །ཅེས་པས་འདིར་ལུས་ལ་སྲོག་གི་སྟོབས་བྱེད་པའི་རླུང་རྩ་དམར་སེར་རམ་ར་ས་ནར་རྒྱུ་བའི་ཉི་མའི་ལམ་དུ་གནས་པའི་རླུང་དང་།  ཨིན་ཌ་འམ་ལ་ལ་ནཱི་རྩར་རྒྱུ་ཞིང་ཟླ་བའི་ལམ་དུ་གནས་པའི་སྲོག་གི་རླུང་དག་ཀྱང་།  སྲོག་གི་སྟོབས་བྱེད་པ་པོ་ནི་རོ་ལྡན་གྱི་ཟས་བཟའ་བ་དང་བཏུང་བ་དེ་དག་མ་ལུས་པ་ནི་ཐུར་སེལ་གྱིས་དོན་ལྔ་སྣོད་དྲུག་སོགས་ཀྱི་ལམ་ཀུན་ཏུ་འདྲེན་ཏེ་རྒྱུ་བས་ན། འོག་ཏུ་འདྲེན་ཞེས་ལུང་གི་ཚིག་གོ། །རོ་རྣམས་མཐའ་དག་ལུས་ལ་རོ་མཚུངས་ཤིང་མཉམ་པའི་བར་དུ་མཉམ་གནས་ཀྱི་རླུང་གིས་འཐོབ་པར་བྱེད་པ་དང་།  ལུས་ལ་གྱེན་རྒྱུའི་རླུང་གིས་གཡོ་བར་བྱེད་དེ་ཁ་ཡི་གླུ་དང་རྒོད་པ་དང་སྨྲ་བ་ལ་སོགས་ངག་གི་བྱ་བ་བྱེད་ལ། ལག་པ་དང་རྐང་པས་གར་དང་འགྲོ་བ་ལ་སོགས་ལུས་ཀྱི་བྱ་བ་རྣམས་བྱེད་པ་དང་།  ཁྱབ་བྱེད་ཀྱིས་ནད་དག་བྱེད་དེ་རང་བཞིན་ཆུའི་ཡོན་ཏན་གྱི་དབང་གིས་ཇི་ལྟར་ལུས་ནི་འཇིག་པ་དང་རྟེན་པ་དེ་ལྟར་ཉིད་དུ་ནད་ཀྱི་བྱེད་པ་དང་།  དེ་བཞིན་ཀླུ་ཡི་ཡང་སྒྲེགས་པ་བྱེད་པ་ཉིད་དང་།  ལག་པ་རྐང་པ་བསྐུམས་པ་སོགས་རུས་སྦལ་གྱི་རླུང་གིས་བྱེད་ལ། ཁྲོ་དང་གཡེང་བ་སོགས་མཐའ་དག་ནི་རྩངས་པའི་རླུང་གིས་བྱེད་ཅིང་། གླལ་བ་དག་ཀྱང་ལྷན་བྱིན་གྱིས་བྱེད་པ་དང་།  ལུས་ནི་ལྔ་པ་ཉིད་དུ་གྱུར་པ་ནོར་ལས་རྒྱལ་བའི་རླུང་གིས་གཏོང་བར་མི་བྱེད་དེ་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད། རླུང་རྣམས་ཀྱི་རང་བཞིན་གྱིས་གནས་ཡོན་ཏན་དག་ནི་སྟོང་པར་མི་བྱེད་དེ་ནམ་མཁའི་ཁམས་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་རྣམས་ཀྱིས་དེ་ལྟར་འགྱུར་བ་བཅས། ཡེ་ཤེས་འབྱུང་བ་གཉིས་མེད་ཀྱི་བདག་ཉིད་ཅན་གྱི་རྩ་རླུང་ཐིག་ལེའི་སྣང་ཆ་ལས་འཕྲོས་པའི་མིའི་སྒོ་གསུམ་གྱི་རྩོལ་བ་ཇི་སྙེད་མཐའ་དག་དང་།  སྐྱེ་འཇིག་གནས་སྟོང་བཅས་པའི་བསྐྱེད་དང་བསྡུ་བའི་རིམ་པ་ཇི་སྙེད་ཚང་མ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟེན་རྩ་དང་བརྟེན་པ་རླུང་སེམས་ཀྱིས་ཇི་ལྟར་སྣང་ཞིང་མངོན་པའི་ཚུལ་བསྟན་པ་དང་།  ཡང་དེ་ཉིད་ལས། གཙུག་ཏོར་ལ་ནི་ཆུ་གཏེར་དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་རྣམས་བད་ཀན་ཁམས་ནི་རབ་འཁྲུག་པའོ། །མགྲིན་པ་སོ་དང་སྙིང་ཁའི་ཆུ་སྐྱེས་དག་ལ་མིག་གིས་བསྒྱུར་བའི་དུས་རྣམས་འཁྲིག་པའི་ཁམས་རབ་འཁྲུགས། །ལྟེ་བ་གསང་བ་དག་ལ་ཆུ་གཏེར་དྲུག་ཅུ་མི་བདག་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་འཁྲུགས། །གསང་བ་གཞན་ནི་ཕྱོགས་དང་དྲུག་ཀྱང་རབ་ཏུ་གསལ་བྱས་ངེས་པར་ལུས་ལ་དག་སྟེ་འགོག་པའོ། །ཞེས་པས་གཙུག་ཏོར་རྩ་བཞིའི་འཁོར་ལོ་དང་།  དཔྲལ་བའི་རྩ་བཅུ་དྲུག་གི་འཁོར་ལོར་རྒྱུ་བའི་རླུང་སེམས་དང་བཅས་པའི་འབྱུང་བའི་རང་བཞིན་གྱི་ཁམས་རྒྱུན་ལྡན་སྙོམས་གནས་རྣམ་པར་མ་གྱུར་བ་ལ་ནད་མེད་བདེ་འཚོའི་རྒྱུ་རྐྱེན་བྱེད་པ་དང་།  འབྱུང་ཁམས་མི་སྙོམས་པར་རྒྱུན་ལྡན་ལས་ལྡོག་ཅིང་རྣམ་པ་གྱུར་ན་བད་ཀན་གྱི་ནད་ཀྱིས་ཁམས་རབ་ཏུ་འཁྲུགས་པར་འགྱུར་བའི་ཚུལ་གསུངས་པ་དང་།  དེ་བཞིན་དུ་མགྲིན་པའི་རྩ་སོ་གཉིས་དང་།  སྙིང་ཁའི་རྩ་འདབ་བརྒྱད་ཀྱི་འཁོར་ལོར་རྒྱུ་བའི་རླུང་སོགས་ཀྱི་མཁྲིས་པ་དང་།  དེ་བཞིན་ལྟེ་བའི་རྩ་རེ་བཞི་དང་གསང་གནས་ཀྱི་རྩ་བཅུ་དྲུག་གི་འཁོར་ལོར་རྒྱུ་བའི་རླུང་སོགས་ཀྱིས་རླུང་དང་།  དེ་བཞིན་དུ་གསང་བ་ལ་གནས་པའི་རྩ་བཅུ་དྲུག་པོས་གཞན་དུ་ནི་ནང་གི་ཡོངས་སུ་སྐོར་བའི་རྩ་ཕྱོགས་ཏེ་བཅུ་དང་།  དྲུག་གིས་ཀྱང་སྙིང་པོའི་ཡོངས་སུ་བསྐོར་བའི་རྩ་བཅུ་དྲུག་གི་འཁོར་ལོར་རྒྱུ་བའི་རླུང་སོགས་ཀྱིས་ལུས་ལ་སྔོན་བཞིན་དུ་འདུས་པ་རབ་ཏུ་འཁྲུགས་པ་བྱེད་པ་དང་།  དེ་བཞིན་གསང་བ་སོགས་འཁོར་ལོ་དྲུག་གི་རྩར་རྒྱུ་བའི་རླུང་བླ་མའི་མན་ངག་ལྟར་རྒྱུན་ལྡན་སྙོམ་གནས་ལ་བསླབ་ཅིང་རྒྱུན་ལྡན་མ་ཡིན་པ་འཆི་སོགས་ཚུལ་མིན་གྱི་རྐྱེན་རྣམས་འགོག་སྟེ་འཕྲལ་གཏན་བདེ་བའི་ལམ་དུ་འཇུག་པའི་ཚུལ་སོགས་གསལ་བར་གསུངས་པའོ། །ཡང་དེ་ཉིད་ལས། རླུང་འཇོམས་ལན་ཚྭ་སྐྱུར་བ་དག་ཏུ་འགྱུར་ཏེ་མངར་དང་བསྐ་བ་དག་ནི་མཁྲིས་པའི་དགྲ། །བད་ཀན་འཇོམས་པ་ཁུ་བ་ཀུན་དང་དེ་བཞིན་ཚ་ཤུ་དག་ཀྱང་སྨན་རྣམས་སམ་ནི་ཁུ་བའམ། །བད་ཀན་འཇོམས་པ་ར་ཡི་འོ་མ་ཚ་བ་གསུམ་བཅས་དག་སྟེ་མ་ཧེའི་འོ་མ་མཁྲིས་པའི་དགྲ། །རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྣམ་གསུམ་ནད་འཕྲོག་པ་ཡི་འོ་མ་དག་དང་དེ་བཞིན་མར། །ཛཱ་ཏི་བསྐོལ་བའི་ཆུ་ནི་དྲོ་་བ་ཁ་ནད་ཞི་བར་བྱེད་དེ་སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་། །ཏིལ་མར་དངོས་པོའི་ཆུ་བསྐོལ་ཚ་བ་གསུམ་དང་ལན་ཚྭ་དག་གིས་རྣ་བ་ཡི་ནི་ནད་དག་འཇོམས། །འདི་དག་རྣམས་ལ་སྐྱེ་བོའི་ནུས་པ་མེད་ན་འབྱུང་བ་ཡང་དག་སྦྱོར་བ་མཆོག་ཏུ་རྫུན། །ཞེས་པས་སྨན་གང་ལ་རོ་གང་དང་རོ་གང་དང་གང་གི་ནུས་པས་རླུང་མཁྲིས་བད་ཀན་འདུས་པ་སོགས་ཀྱིས་མཚོན་པའི་ནད་གང་དང་གང་ཞིག་གི་དགྲ་སྟེ་ནད་རྣམས་འཇོམས་ཤིང་ཞི་བར་བྱེད་བཅས་གཅིག་བསྟན་ཀུན་མཐོང་གི་ཚུལ་གསལ་བསྡུས་བསྟན་པ་དང་།  གཞན་ཡང་དེ་འབྲེལ་འབྱུང་བའི་ཕྱི་ནང་གསང་གསུམ་དང་ངོ་བོ་མཚན་ཉིད་བྱེད་ལས་བཅས་ཀྱི་ཆ་ལས་བྱུང་བའི་སོ་སོའི་ནུས་པ་སྟེ་དངོས་པའི་ནུས་པ་དང་ངོ་བོའི་ནུས་པ་གཉིས་ཆ་ནས་དངོས་པོ་ཕན་ཚུན་སོ་སོའི་བར་གྱི་འབྲེལ་བ་དངོས་དང་།  བལྟོས་མཚུངས་ཀྱི་འབྲེལ་བ་བཅས་ལ་ལྟོས་པའི་སེམས་སམ་ཡིད་ལས་བྱུང་བའི་ནད་ཞི་ཐབས་ལ་ཏིང་འཛིན་གྱི་རྣལ་འབྱོར་དང་།  །དེ་བཞིན་ངག་ནད་ལ་བཟླས་སྔགས་ཀྱི་རྣལ་འབྱོར། ལུས་ནད་ལྷའི་རྣལ་འབྱོར་དང་།  དེ་གསུམ་ལས་ཉེར་བྱུང་གིས་ཕྱི་ཀུན་སྣང་གི་ནད་རྫས་འདུས་ཕུང་པོ་ན་བ་དངོས་གསོ་ཐབས་ལ། རྫས་འདུས་སྨན་གྱི་སྦྱོར་བའི་ནུས་མཐུ་སོགས་རྩིས་ཀྱི་གཞུང་ཆེན་པོ་དཔལ་དུས་ཀྱི་འཁོར་ལོ་རུ་བྱུང་བ་ལས་ཁག་གཅིག འདིར་གོང་དུ་དཔེར་མཚོན་གྱི་ཚུལ་དུ་ཞུས་ཤིང་གཞན་རྣམས་ཡིག་ཚོགས་ལ་འཇིགས་ཏེ་དེས་འཐུས་པར་བྱས་ལ། མདོར་ན་གོང་བཤད་ལྟར་ཕྱིའི་ལུས་ནད་ཁོ་ནའི་གསོ་ཐབས་ཙམ་མ་ཡིན་པར་རྒྱུ་མ་རིག་པས་གཙོར་མཚོན་གྱི་དུག་གསུམ་གྱི་ཉེར་ལེན་ལས་བྱུང་བའི་རླུང་མཁྲིས་བད་ཀན་འདུས་པ་དང་བཅས་པ་དག་ཀྱང་།  རྐྱེན་ལུས་ངག་ཡིད་གསུམ་གང་རུང་གི་སྒོ་ནས་རྣམ་པར་རྟོག་པའི་རྩོལ་བ་ལས་སྐྱེད་པའི་འབྱུང་འཁྲུགས་ཀྱི་ཆོ་འཕྲུལ་ལས་ན་འཆི་སོགས་མི་འདོད་པའི་གདུང་བ་ཇི་སྙེད་ཅིག་གིས་མནར་བར་བརྟེན། །དེ་ལ་བལྟོས་པའི་ལུས་ངག་ཡིད་གསུམ་ལ་ཕྱི་ནང་གསང་གསུམ་གྱི་ཆས་དབྱེ་བའི་སྒོ་ནས་དེ་དག་རེ་རེ་ལ། ངོ་བོ་རང་བཞིན་ཐུགས་རྗེའི་ཚུལ་དུ་ཇི་ལྟའི་གནས་ལུགས་ཇི་བཞིན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་འཕྲལ་གཏན་གཉིས་བདེའི་གསོ་ཐབས་ཕུན་སུམ་ཚོགས་པའི་གཞུང་གཅིག་ཏུ་མ་ལུས་པར་འདུས་པ་ནི། གཞན་དུ་མ་གྲགས་པ་རྩིས་རིག་པའི་མ་ཕྱིའི་གཞུང་ཆེན་པོ་དུས་ཀྱི་འཁོར་ལོའི་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་ཁྱད་ཆོས་བླ་ན་མེད་པར་མངོན་ཏེ། དེའི་རྒྱུ་མཚན་ནི། རྩིས་རིག་པའི་མ་ཕྱིའི་གཞུང་ཆེན་པོ་དཔལ་དུས་ཀྱི་འཁོར་ལོ་ནི་རིག་པའི་གནས་ཆེན་པོ་ལྔས་མཚོན་པའི་སྲིད་ཞིའི་ཤེས་བྱ་མཐའ་དག་འདུས་པ་དགོས་རྒུ་འབྱུང་བའི་རིན་པོ་ཆེའི་ཟ་མ་ཏོག་ཁ་འབྱེད་པ་དང་འདྲ་བའི་མཚུངས་དཔེ་རྩ་འགྲེལ་དྲི་མེད་འོད་དུ་གསུངས་པ་ཇི་བཞིན་དོན་ལ་གནས་པའི་ཕྱིར་རོ། །དེའི་ཕྱིར་བོད་མཁས་པ་སྔ་མ་དག་གིས་བཞེད་པའི་བོད་ཀྱི་རིག་གནས་ཀུན་ཀྱང་གཅིག་དང་གཅིག་འབྲེལ་དང་གཅིག་ལ་གཅིག་རྟེན་ཡིན་པ་ཇི་བཞིན་དུ། སྤྱི་ལོ་༧༠༨ པའི་ས་སྤྲེལ་ལོར་སྨན་བླ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱོན་ནས། ད་ལྟའི་སྐབས་འདི་ཡི་ཡན་ལ་བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཁྱོན་ཀུན་ཏུ་སྙན་གྲགས་སྲིད་མཐར་ཁྱབ་པའི་རྩིས་དང་སྨན་སོགས་ཀྱི་བསྟན་པའི་རྒྱལ་མཚན་ཉམས་མེད་དགུང་དུ་བསྒྲེངས་པའི་མཁས་དབང་ཕལ་མོ་ཆེ་རིམ་བྱོན་གྱིས། ནང་ཆོས་སོགས་རྩིས་སྨན་གྱི་བསྟན་པ་འབྲལ་མེད་ཟུང་འཇུག་ཏུ་འཛིན་བསྐྱངས་སྤེལ་གསུམ་ལྷན་གཅིག་ཏུ་མཛད་པའི་བཞེད་སྲོལ་དྲི་མ་མེད་པ་འདིས་ཀྱང་།  སྤྱིར་བོད་ཀྱི་རིག་པའི་གནས་ཀུན་གཅིག་ལ་གཅིག་རྟེན་དང་གཅིག་དང་གཅིག་འབྲེལ་དུ་མཚོན་པར་མ་ཟད། ཁྱད་པར་རྩིས་དང་སྨན་ནི་དེ་བས་ཀྱང་ཁ་བྲལ་ཐབས་མེད་ཅིང་གཅིག་མ་ཤེས་ན་གཅིག་པོ་ཡང་ཕུལ་བྱུང་དཔྱིས་ཕྱིན་ཆ་ཚང་མཚན་ཉིད་དང་ལྡན་པར་ཤེས་པའི་སྐབས་དང་བྲལ་བར་བརྟེན། སྔར་བྱོན་བོད་མཁས་པ་དག་གིས་སྨན་རྩིས་ཀྱི་བསྟན་པའི་རིང་ལུགས་འབྲལ་མེད་ཟུང་འཇུག་ཏུ་འཛིན་བསྐྱང་སྤེལ་བའི་བཀའ་སྲོལ་ཕྱག་བཞེད་དྲི་མ་མེད་པ་གནང་བ་འདིས་ཀྱང་།  སྨན་རྩིས་ཀྱི་རང་བཞིན་འབྲེལ་བས་ཁ་བྲལ་དུ་མི་རུང་བར་གསལ་པོ་མཚོན་པར་ཡིན་གྱི། སྨན་དང་རྩིས་ཀྱི་བསྟན་པའི་རིང་ལུགས་ཟུང་འཇུག་ལྷན་ཅིག་ཏུ་འཛིན་སྐྱོང་སྤེལ་གསུམ་དུགནང་བ་ནི་དགོས་མེད་མཐོ་སྙན་ཆེ་བསྡེབས་ཀྱི་ཆེད་དུ་མིན་པར་གཟུར་གནས་དཔྱོད་ལྡན་སུས་ཀྱང་བདེ་བླག་ཏུ་རྟོགས་ཕྱིར་འདིར་དེ་ཙམ་ལས་གླེང་བར་མི་བྱ་ལ་ཚུལ་དེ་གལ་ཆེན་མཐོང་བ་དག་གིས་ཞལ་གཞུང་གཞན་དུ་ཕྱོགས་ཤེས་པར་ཞུ་འོ། །དེ་ལྟར་གསོ་བྱའི་ཡུལ་དང་གསོ་བྱེད་རྫས་སམ་སྨན། གསོ་བའི་ཚུལ་བཅས་ས་བཅད་གསུམ་པོ་རེ་རེ་དབྱེ་ནས་བཤད་ཚེ་མང་བར་དྭོགས་ཏེ་ཡིག་ཚོགས་ཉུང་ཕྱིར་དེ་གསུམ་དོན་བསྡུས་ཀྱིས་ཟླ་དྲིལ་ནས་དཔེར་མཚོན་དེས་འཐུས་པར་བྱས་སོ། །

ད་ནི་སྐབས་དོན་དུམ་བུ་གསུམ་པ་ནི་གོང་བཤད་དེ་རྣམས་ལས་འཕྲོས་པའི་ཞར་བྱུང་དགོས་ཁྱད་ཅན་གྱི་གཏམ་ཅུང་ཞིག་གླེང་བར་བྱ་བ་ལ་ཡང་།  གོང་དུ་བཤད་པའི་བོད་ཀྱི་ཤེས་བྱ་རིག་པའི་གནས་སྤྱི་དང་།  ཁྱད་པར་རྩིས་སྨན་གཉིས་པོ་གསང་གསུམ་གཞི་ལམ་འབྲས་བཅས་གཅིག་ཏུ་འབྲེལ་བའི་ཚུལ་དཔེར་མཚོན་ཅུང་བརྗོད་པ་དེ། བློས་སྣང་སྒྲོ་བཏགས་ཡིན་དང་དངོས་སྣང་མྱོང་གྲུབ་ཡིན་ལ་མཐའ་དཔྱད་དང་འབྲེལ་བའི་གདེངས་འཇོག་ཇི་ལྟར་བྱ་ཚུལ་དང་།  དེང་དུས་འཛམ་གླིང་གི་ཁྱོན་ལ་རླུང་ལྟར་གྲགས་པའི་ཚན་རིག་གི་ཤེས་བྱ་དང་ནང་ཆོས་རྩིས་སྨན་གྱིས་མཚོན་པའི་བོད་ཀྱི་ཤེས་བྱའི་བར་དོན་དངོས་ཇི་ལྟར་འབྲེལ་ཚུལ་དང་།  དེ་ལ་ལྟ་སྣང་འགལ་འདུ་ཇི་ལྟར་མངོན་ཚུལ། འགལ་འདུ་སྣང་བའི་རྒྱུ་མཚན་དང་འགལ་སྤོང་ཇི་ལྟར་བྱ་ཚུལ་བཅས་དང་བཞི་ཡི། དང་པོ་ནང་ཆོས་རྩིས་སྨན་རིག་པས་མཚོན་པའི་བོད་ཀྱི་ཤེས་བྱ་རིག་པའི་གནས་ཀུན་གཞི་ལམ་འབྲས་བཅས་གསང་གསུམ་གཅིག་ཏུ་འབྲེལ་བའི་ཚུལ་རྣམ་པར་གཞག་པ་ནི། སྟོང་དང་རྟེན་འབྱུང་གི་ཆོས་ཉིད་ལྟར་དངོས་སྣང་མྱོང་གྲུབ་ཡིན་གྱིས་བློས་སྒྲོ་བཏགས་མ་ཡིན་ཏེ་རྒྱུ་མཚན་ནི། མདོ་སྟུག་པོ་བཀོད་པ་ལས། དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡིས་གུས་ཕྱིར་མིན། །ཞེས་བདེ་བར་གཤེགས་པས་ལེགས་པར་འདོམས་པའི་གསུངས་དེ་ལྟར་དུ། འདི་ནས་མི་ལོ་སུམ་སྟོང་ལ་ཉེ་བའི་སྔོན་ནས་ད་ལ་ཐུག་གི་བར་དུ་འཕགས་བོད་ཀྱི་མཁས་གྲུབ་རིམ་བྱོན་དག་གིས། ནང་ཆོས་རྩིས་སྨན་གྱིས་མཚོན་པའི་ཤེས་བྱའི་རིག་གནས་ཀུན་ལ་དང་པོར་འཇུག་པའི་འགོ་བརྩམས་ནས་མཐར་སྒྲུབ་འབྲས་མངོན་འགྲུབ་བར་གྱི་མཛད་རྗེས་རྣམས། ང་ཚོའི་འདྲེན་བྱེད་ཀྱི་མདུན་ན་བསུབ་ཏུ་མེད་པར་བཀྲ་ལམ་མེར་གནས་པའི་མི་ལོ་སུམ་སྟོང་ལ་ཉེ་བའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། ལོ་རྒྱུས་ཀྱིས་ང་ཚོར་ངོ་སྤྲོད་གསལ་ལ་བརྟན་པར་གནང་བ་ནི། ས་ཡི་དཀྱིལ་འཁོར་ཆེན་པོའི་སྟེང་དུ་བོད་འདིར་དར་བའི་ནང་ཆོས་སྨན་རྩིས་ཀྱིས་མཚོན་པའི་ཤེས་བྱའི་རིག་གནས་ཐམས་ཅད་ཀྱི་དགོངས་དོན་ལས་བྱུང་བའི་སྔོན་བྱོན་དམ་པ་རྣམས་ཀྱིས་ཤུལ་བཞག་ལག་རྗེས་ལས། བོད་ཀྱི་གསོ་རིག་གཞུང་དུ་ཇི་ལྟར་བཤད་ལྟར་ལག་ལེན་གྱི་འབྲས་བུས་སྔ་ནས་ད་བར་ན་བ་གསོ་དང་མི་ན་ཡུན་རིང་བདེ་འཚོའི་རྒྱུར་སྦྱོར་བའི་ལོ་རྒྱུས་ཀྱིས་བོད་ཀྱི་གསོ་རིག་གི་གཞུང་བློས་སྒྲོ་བཏགས་ཀྱི་སྟོང་བསམ་མིན་པར་ཚད་གསུམ་ལྡན་པའི་གཞུང་གཞན་ལས་ཆ་ཚང་ཞིང་ཁྱད་དུ་འཕགས་པའི་བདེན་དཔང་ར་སྤྲོད་ཐུབ་པ་དང་།  དེ་བཞིན་དུ་ཁམས་དྲུག་ལྡན་གྱི་མི་ཡི་ལུས་རྟེན་འདི་ཉིད་རྩིས་རིག་པའི་གཞུང་དམ་པ་དུས་འཁོར་གྱིས་མཚོན་པའི་ཤེས་བྱའི་གཞུང་དག་ཏུ་ཞུགས་པ་དག་གིས་ཀྱང་དེ་ལས་མ་འདས་པའི་ཁར་དེ་ལས་ཆེས་རྨད་དུ་བྱུང་བའི་ལུས་ངག་ཡིད་གསུམ་རེ་རེའང་གསང་བ་གསུམ་གྱི་ཚུལ་དུ་འཕྲལ་དང་གཏན་གྱི་ཆར་སྦྱོར་བའི་གསོ་ཐབས་ལས་ཐོན་པའི་མཛད་རྗེས་བོད་འདིར་དེ་བས་ཀྱང་མང་བས་བརྗོད་ཡུལ་ལས་འདས་ཀྱང་འདིར་ཕྱོགས་བསྡུས་དཔེར་མཚོན་ཙམ་འཆད་ན། དེ་ཡང་ཁམས་དྲུག་ལྡན་གྱི་མི་ཡི་ལུས་འདི་དང་པོ་དངོས་དང་དངོས་མིན་དབྱེར་མེད་ཟུང་འཇུག་གི་ངང་དུ་གྲུབ་ཅིང་ཆགས་པ་ནས་བཟུང་འཕེལ་བའི་རིམ་པས་ཆགས་ཤིང་གནས་ལ་འཚོ་བའི་ཚུལ་དང་།  བསྡུ་བའི་རིམ་པས་མཐར་འཇིག་ཅིང་སྟོང་པའི་ཚུལ་བཅས་ཇི་ལྟའི་གནས་ལུགས་ཇི་བཞིན་གཟིགས་ལྟར་དུ་རྫས་སྔགས་ཏིང་འཛིན་ནམ། ལྷ་སྔགས་ཆོས་སྐུའི་བསླབ་བྱ་ལྟར་ལག་ལེན་བསྐྱལ་བའི་བརྒྱུད་རིམ་ལས་བྱུང་བའི་དམ་པ་གོང་མ་རྣམས་ཀྱི་རྨད་བྱུང་རྣམ་ཐར་ཤུལ་བཞག་ང་ཚོའི་མཐོང་ཡུལ་དུ་མཆིས་པ་དག་ལ་ལེགས་པར་བལྟས་ཚེ། བོད་གངས་ཅན་གྱི་ཞིང་འདི་གཅིག་པུ་ལའང་དངོས་སྣང་གཟུགས་ཀྱི་ཕུང་པོ་དངོས་མིན་འོད་གསལ་ཡེ་ཤེས་ཆེན་པོའི་སྐུར་བཞེངས་པའི་གྲངས་ཀྱང་མཆིམས་ཕུ་གཙོས་པའི་སྒྲུབ་གནས་ལྔ་སོགས་ནས་ཐོན་པའི་རྗེ་དང་འབངས་རིགས་ཉེར་ལྔ། ཡེར་པའི་སྒོམས་ཆེན་བརྒྱད་ཅུ་ཆུ་བོ་རིའི་གྲུབ་ཐོབ་བརྒྱ་རྩ་སོགས་གྲངས་མང་དང་།  གཞན་ཡང་སྐུ་མ་སྤང་བར་སྨན་ལྷའི་ཞིང་དུ་གཤེགས་པ་གཡུ་ཐོག་རྙིང་མ་བ་དང་།  མྱ་བན་ཏིང་བཟང་བསྟན་པ་ཕྱི་དར་ནས་སྐུ་མ་སྤང་བར་མཁའ་སྤྱོད་སོགས་སུ་གཤེགས་པའི་རས་ཆུང་རྡོར་གྲགས། བསོད་ནམས་རྩེ་མོ། གཡུ་ཐོག་གསར་མ་བ་དང་།  དེ་བཞིན་ཚེ་འདི་ཉིད་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པའི་ཟུར་ཆེན་ཤཱཀྱ་འབྱུང་གནས་སེང་གེ་ལྕེ་བཙུན་སེང་གེ་དབང་ཕྱུག་སོགས་དང་།  གཞན་ཡང་ཁམས་ཀཾདཔལ་གཉིས་པོ་ཁོ་ནའི་སྒྲུབ་སྡེ་ལའང་ཁྲི་ཁྲག་མང་པོ་བྱོན་པ་དང་དེ་བཞིན་ད་ལྟ་ལ་ཐུག་གི་བར་དུ་གྲངས་མང་བར་མེད་བྱོན་པ་རྣམས་ཀྱིས་མཚོན་ནུས་ལ། དེ་དག་ཀྱང་མིའི་དངོས་ཅན་གྱི་ལུས་ངག་ཡིད་གསུམ་ལྷ་དང་དྲི་ཟ་ཡི་དྭགས་འབྱུང་པོ་སོགས་ཀྱི་དངོས་མིན་ཡིད་ལུས་སུ་འགྱུར་བ་སོགས་མིན་པ། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུར་ལྡན་པའི་གསང་གསུམ་རྒྱན་གྱི་འཁོར་ལོའི་མགོན་པོ་མངོན་དུ་ཚེ་འདི་ཉིད་ལ་འགྱུར་བར་ཡིན་ཡང་།  དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་དེང་གི་དུས་འདིར་རང་གི་མ་མཐོང་བ་ཀུན་མིན་པར་སྨྲ་བའི་ལུགས་རྒྱ་ཁྱབ་ཏུ་འཕེལ་བའི་དབང་གིས། གོང་བཤད་ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་པ་སོགས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དག་ནི་སྔོན་གྱི་སྒྲུང་གཏམ་ཙམ་ཡིན་གྱི་དེ་འབྱུང་མི་སྲིད་སྙམ་ན། ཕྱི་ལོ་༡༩༢༣ དང་རབ་བྱུང་༡༥ པའི་ཆུ་ཕག་ལོར་གོ་འཇོ་བརྩེ་རངས་པའི་ཡུལ་གྱི་ཆར་ཁམས་མདོ་བཀའ་འདུས་འོད་གསལ་ཆོས་གླིང་དུ་འཁྲུངས་ཤིང་ཕྱི་ལོ་༡༩༨༡ དང་།  རབ་བྱུང་༡༦ པའི་ལྕགས་སྤྲེལ་ལོར་གཤེགས་པའི་ཉག་སྲས་རྟ་མགྲིན་དབང་མོ་འམ་ཨ་རྟ་ལྷ་མོ་དེ་ཉིད་ཀྱང་གཤེགས་ནས་ཞག་པོ་བཅུ་བཞིའི་མཚམས། སྐུ་ཚད་སྔོན་སྤྱི་སྐར་༡༨༠ ཡས་མསཙམ་ཡོད་པ་དེ་ཡང་དཔྲལ་མཚམས་ནས་སྐྱིལ་ཀྲུང་མཚམས་བར་སྤྱི་སྐར་༢༠ ཙམ་ལས་མེད་པའི་སྐུ་ལུས་རྡུལ་ཕྲན་དུ་བཞེངས་པའི་ཚུལ་བདག་སོགས་སྐྱེ་འགྲོ་སྟོང་ཕྲག་དུ་མའི་འདྲེན་བྱེད་ཀྱི་ལམ་དུ་མངོན་མཐོང་གྲུབ་པ་འདིས་ཀྱང་།  ནང་ཆོས་རྩིས་སྨན་སོགས་ཀྱི་ཤེས་བྱའི་རིག་གཞུང་འཁྲུལ་སྐྱོན་གྱི་ལྷད་མ་ཞུགས་པ་དག་ནི་རང་སྣང་བློས་བཏགས་ཀྱིས་གང་མོས་བཤད་པ་ཞིག་མ་ཡིན་པར་མ་ཟད། མི་ལོ་སུམ་སྟོང་ཉེ་བའི་ནང་དུ་ནང་ཆོས་ཀྱི་ཤེས་བྱའི་གཞུང་རྣམས་ལག་ལེན་གྱི་ནང་དུ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་གྱུར་པའི་མྱོང་གྲུབ་ཀྱི་རིག་པའི་ལམ་ནས་མངོན་མཐོང་མྱོང་ཚོར་ལ་བརྟེན། རིན་ཐང་བྲལ་བའི་བོད་ཀྱི་རིག་གཞུང་དག་ནི་ཁ་བཤད་སྒྲོས་བཏགས་ཙམ་དུ་མིན་པའི་ཁར་ཚད་གསུམ་ལྡན་པའི་རིག་གཞུང་ཉག་གཅིག་ཡིན་པར་གཟུར་གནས་དཔྱོད་ལྡན་སུས་ཀྱང་རྟོགས་ཐུབ་སྙམ་པ་དང་།  དེ་བཞིན་རྗེ་བཙུན་མི་ལས་མཚོན་པའི་སྔ་བྱོན་དམ་པ་དུ་མས་བོད་ཀྱི་ནང་ཆོས་རྩིས་སྨན་སོགས་རིག་གཞུང་དག་ལས་བྱུང་བའི་བསླབ་བྱའི་གོ་རིམ་རྣམས། རང་གི་ལུས་ངག་ཡིད་གསུམ་ལ་གནས་པའི་དུག་གསུམ་གྱི་ནད་ཚོགས་སྟེང་དུ་གནད་སྨིན་སྨན་བཞིན་དུ་གཏོང་བའི་མཐུས། ལུས་ངག་ཡིད་གསུམ་གྱི་ནད་དེ་དག་དང་འཕྲལ་གཏན་ཀུན་ཏུ་བྲལ་ནས་ཡིད་བྱས་ཀྱི་བློ་ལས་འདས་པའི་གསང་གསུམ་རྒྱན་གྱི་འཁོར་ལོ་ཡོངས་སུ་ཤར་བའི་གཞོམ་མེད་བདེ་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ་མངོན་དུ་གྱུར་པའི་མཐུས། ལུས་ཀྱི་གང་བྱས་ངོ་མཚར་རྫུ་འཕྲུལ་གྱི་རོལ་རྩེད་སྣ་ཚོགས། ངག་གི་གང་སྨྲས་བདེ་སྟོངས་ཉམས་བརྒྱ་རོལ་པའི་གླུ་དབྱངས་ལྷང་ལྷང་།  ཡིད་ལ་གང་འཆར་དྲན་རྟོགས་འགྱུར་མེད་རྡོ་རྗེ་ལྟ་བུའི་འོད་གསལ་གཉུག་མ་ཆེན་པོའི་གཤིས་འབའ་ཞིག་ཏུ་བཞུགས་པའི་རྣམ་ཐར་འདིས་ཀྱང་།  ཁམས་དྲུག་ལྡན་གྱི་མི་ལུས་ཐོབ་པའི་གང་ཟག་སུ་འདྲ་ཞིག་ཡིན་ན་འང་།  བོད་ཀྱི་ནང་ཆོས་རྩིས་སྨན་སོགས་ཀྱི་ཤེས་བྱའི་རིག་གཞུང་དག་ཏུ་ཇི་ལྟར་བསྟན་བཞིན་དེ་ལྟར་རང་གི་སྒོ་གསུམ་དུག་ལྔའི་ནད་དང་སྦྱར་ཤེས་ཀྱིས་ལག་ལེན་དུ་འཁྱོལ་ཚེ། རིགས་རུས་ཆོ་འབྲང་སོགས་ལ་རགས་མ་ལུས་པར་རང་གི་སྒོ་གསུམ་དུ་བག་ཉལ་གྱི་དུག་གསུམ་སོགས་ཀྱི་ནད་དང་འཕྲལ་གཏན་ཀུན་བྲལ་གྱི་ངང་དུ་ཕྲལ་གཏན་ཀུན་ཏུ་བདེ་བའི་གོ་འཕང་ཐོབ་པ་དང་ལྷན་དུ། བོད་ཀྱི་ནང་ཆོས་རྩིས་སྨན་སོགས་ཀྱི་འཁྲུལ་བྲལ་རིག་གཞུང་དག་ནི་ཚད་གསུམ་ལྡན་པའི་རིག་གཞུང་ཉག་གཅིག་ཡིན་པའི་ར་སྤྲོད་ནི་སའི་དཀྱིལ་འཁོར་ཆེན་པོའི་སྟེང་དུ་གནས་པའི་སྔར་འདས་ལོ་རྒྱུས་ཀྱིས། ང་ཚོར་གཞན་འགྲན་བྲལ་བའི་མེས་པོའི་རིག་གཞུང་ལ་འགྱུར་མེད་ཀྱི་དད་སྤྲོ་དང་ནུས་སྟོབས་སྤོབས་པ་སྦྱིན་ལ་ལྟོས་དང་།  བོད་ཀྱི་ནང་ཆོས་རྩིས་སྨན་སོགས་ཤེས་བྱའི་རིག་གཞུང་རྣམས་ཁྱད་དུ་འཕགས་པའི་རྨད་བྱུང་ངོ་མཚར་ཅན་གྱི་རིག་གཞུང་ཉག་གཅིག་དང་།  བོད་ཀྱི་སྔར་བྱོན་མཁས་གྲུབ་གཉིས་ལྡན་གྱི་མེས་པོ་དག་ནི་བཀའ་དྲིན་གཞལ་ནུས་བྲལ་བའི་ལམ་སྟོན་མུན་སེལ་སྒྲོན་མེ་འབའ་ཞིག་ཏུའང་ཅིག་ཆར་དུ་རྟོགས་ཐུབ་བོ། །དེ་ལྟར་བོད་ཀྱི་ནང་ཆོས་རྩིས་སྨན་སོགས་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྟན་པའི་བདེན་གཉིས་སུ་བསྡུས་པའི་ཆོས་ཐམས་ཅད། སྟོང་དང་རྟེན་འབྱུང་གི་ཆ་ནས་ཚད་གྲུབ་ཁོ་ན་ལས་ཕྱི་ནང་གྲུབ་མཐའ་གང་དང་མཁས་པ་གང་གིས་སྐྱོན་བརྩལ་ཡང་།  རང་ཉིད་ཀྱིས་ཇི་ལྟའི་གནས་ལུགས་ཇི་བཞིན་དུ་ཤེས་ནུས་ཟད་པའི་ལོག་འཁྲུལ་མ་རྟོགས་སོགས་ཀྱི་ཆ་ལས་བྱུང་བ་ཙམ་ལས། འཁྲུལ་བྲལ་རྒྱལ་གསུངས་ལ་ཚད་གསུམ་ལྡན་པའི་ལམ་ནས་དྲོངས་ན་སྐྱོན་གྱི་ཆ་དང་གཏན་དུ་བྲལ་བའི་ཕྱིར། སོ་སྐྱེའི་གང་ཟག་ལྟ་ཅི་མིག་སྟོང་ལྡན་དང་སྤྱན་ལྔ་ལྡན་པ་ཡིན་ཡང་བསྐལ་བརྒྱར་བལྟས་ཀྱང་སྐྱོན་མཐོང་དུ་མི་བཏུབ་བོ། །རྒྱུ་མཚན་དེ་ལྟ་བུ་ལ་བརྟེན་ནས་ང་ཚོས་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ལེགས་བཤད་གསུང་རབ་ཐམས་ཅད་ཀྱི་དྭངས་རྩེ་དང་སྙིང་པོར་གྱུར་པའི་བོད་ཀྱི་ཐུན་མིན་ནང་ཆོས་རྩིས་སྨན་བཅས་པའི་རིག་གཞུང་དག་ལ། དྭངས་བརྟན་ཡིད་ཆས་འགྱུར་མེད་ཀྱི་དད་པས་སྙིང་ནོར་དུ་འཆང་ནས་གཅེས་པའི་སྲོག་བས་ཀྱང་རྩ་ཆེར་འཛིན་པའི་སྲོལ་དུ་ཆགས་པར་ཡིན་གྱི། ང་ཚོས་ནང་ཆོས་ཁས་ལེན་པའམ་དེའི་རྗེས་སུ་ཞུགས་པ་ཞིག་ཡིན་པའི་ཆ་ནས་ནང་ཆོས་སྟོན་པའི་རྒྱལ་དང་རྒྱལ་སྲས་རྣམས་དང་།  ལེགས་བཤད་བཅས་ལ་ཕྱོགས་ཞེན་གྱི་དད་པ་དང་བཅས་པའི་མཆོག་འཛིན་གྱི་བློས་འཆིང་ནས་རྒྱུ་མཚན་མི་ཤེས་པའི་རྨོངས་པའི་བླུན་དད་ནི་མ་ཡིན་ཏེ། དེ་ལྟ་བུའི་རྨོངས་པའི་བླུན་དད་ནི་རྒྱུ་མཚན་ཤེས་པའི་མཁས་པ་མཚན་ཉིད་བ་ལྟ་ཅི་སོ་སྐྱེ་གཟུར་གནས་ཙམ་གྱི་ཕྱོགས་སུ་མི་གཏོགས་ཤིང་།  དེ་ལྟ་བུའི་གང་ཟག་ནི་ཕྱི་ནང་གྲུབ་མཐའ་གང་གི་ཁོངས་སུ་འདུ་ཡང་བླུན་པོ་བྱིས་པའི་བློ་ཅན་གྱི་རིགས་སུ་གཏོགས་པའང་གོང་དུ་དྲངས་མ་ཐག་གི་ལུང་དེས་ཀྱང་ཤེས་ནུས་སོ། །དེ་ནི་འདས་པའི་ལོ་རྒྱུས་ཀྱིས་ཐུན་མིན་བོད་ཀྱི་རིག་གཞུང་དག་ནི་རང་སྣང་གི་སྒྲོས་བཏགས་ཙམ་མིན་པར་ཡང་དག་ཚད་ལྡན་སྒྲུབ་པའི་སྐབས་མདོར་བསྡུས་ཙམ་གླེང་བའི་སྐབས་སོ།།

གཉིས་པ་དེ་ལྟར་བོད་ཀྱི་ཤེས་བྱའི་རིག་གཞུང་དང་ཐེངས་འདིར་འཛམ་གླིང་གི་ཁྱོན་དུ་རླུང་ལྟར་གྲགས་པའི་ཚན་རིག་གི་ཤེས་བྱ་དང་འབྲེལ་ལམ་མི་འབྲེལ་སྨྲ་ན། རྒྱུ་འམ་གཞི་ངོ་བོའི་ཆ་ནས་ཐམས་ཅད་གཅིག་ཏུ་འབྲེལ་བ་དང་།  རྐྱེན་ནམ་ལམ་རང་བཞིན་གྱི་ཆ་ནས་ཀྱང་དེ་མཚུངས་དང་།  འབྲས་སམ་ཀུན་ཁྱབ་དངོས་སྣང་གི་ཆ་ནས་ཀྱང་གཅིག་ཏུ་འབྲེལ་བར་དཔྱོད་ལྡན་དག་གིས་རྟོགས་སླ་ཕྱིར་འདིར་རྒྱས་པར་མི་གླེང་ངོ། །

གསུམ་པ་གཅིག་ཏུ་འདུ་ཞིང་འབྲེལ་བའི་ཆ་ནི་གོང་དུ་ཞུས་པས་ཤེས་ནུས་ལ་སྐབས་འགར་ལྟ་སྣང་དུ་འགལ་བའི་ཆ་ཡང་འབྱུང་སྲིད་ལ། དཔེར་ན་བོད་ཀྱི་ནང་ཆོས་རྩིས་སྨན་སོགས་ཀྱི་ཤེས་བྱའི་རིག་གཞུང་ཀུན་ཏུ་དངོས་སྟོང་གཉིས་སུ་འདུས་པའི་ཆོས་ཐམས་ཅད། སྟོང་དང་རྟེན་འབྱུང་གི་ཚུལ་དུ་གཅིག་ལ་གཅིག་རྟེན་དང་གཅིག་དང་གཅིག་འབྲེལ་དུ་རྟོགས་ཤིང་དེ་ལྟར་སྨྲ་བ་དང་།  གཞན་ཕལ་ཆེ་བས་ཡ་བྲལ་ཁོ་ནར་སྨྲ་བར་ཡིན་ཏེ། དཔེར་ན་སྨན་དང་རྩིས་འབྲེལ་མེད་དུ་རྟོགས་ཤིང་དེ་ལྟར་སྨྲ་བ་སོགས་ཐ་དད་འགལ་བ་ཅན་དུ་མཐོང་ཞིང་དེ་ལྟར་བཤད་པར་མང་ཡང་འདི་ཡང་སྐབས་བབ་དཔེ་མཚོན་དེས་ཆོག་པར་བྱས་ཏེ་བསྡུས་དོན་གྱི་ལམ་དུ་འཇུག་ནས་གླེང་བ་དེ་ཙམ་མོ། །

བཞི་པ་དེ་ལྟར་འགལ་འདུ་སྣང་བའི་རྒྱུ་མཚན་དང་དེ་ལ་འགལ་སྤང་ཇི་ལྟར་བྱ་བའི་ཚུལ་ལ་འཇུག་ཚུལ་སྐོར་ཅུང་ཞིག་གླེང་བ་དང་གཉིས་ཀྱིས། ཐོག་མར་དེ་ལྟར་འགལ་འདུ་སྣང་བའི་རྒྱུ་མཚན་ནི། ཕྱི་ཡུལ་ལ་དེ་ལྟར་འགལ་འདུ་ཅན་དུ་ཡོད་པའི་དབང་གིས་དེ་ལྟར་མཐོང་བར་མིན་ཅིང་།  ནང་ཡུལ་ཅན་སེམས་ཀྱི་སྣང་ཚུལ་ཏེ་ཡུལ་ཅན་གྱིས་ཡུལ་གྱི་ཇི་ལྟའི་ཆོས་ཉིད་ཀྱི་གནས་ལུགས་ཇི་བཞིན་དུ་ཤེས་རྟོགས་ཐུབ་མིན་གྱི་དབང་གིས་ཡིན་ཏེ། དང་པོར་ཤེས་རྟོགས་བྱ་རིམ་ཕྱི་རྣམ་པའི་སྟེང་ནས་འགོ་བརྩམས་པ་དག་གིས་དེ་ལྟོས་ཀྱི་ཤེས་བྱ་དང་འཕྲད་ཅིང་།  དེ་ལ་ཡང་གནས་སྐབས་ཅན་དང་མཐར་ཐུག་ཅན། ཕྱོགས་རེ་ཅན་དང་ཁྱོན་ཡོངས་ཅན། ལྟོས་མཚུངས་འབྲེལ་བ་ཅན་དང་ལྟོས་མེད་འབྲེལ་བྲལ་ཐ་དད་ཅན། ངེས་པ་ཅན་དང་ངེས་མེད་ཅན་བཅས་ཀྱི་སྒོ་ནས་རང་གིས་ཤེས་རྟོགས་དང་འབྲེལ་བའི་ཡུལ་དང་བརྒྱུད་རིམ་ལས་ཐོབ་པའི་ཤེས་བྱ་ཞིག་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་ལྟོས་ཏེ་འབྱུང་བ་ནི་ཆོས་ཉིད་དང་།  དེས་རྣམ་པར་གཞག་པའི་ཤེས་བྱ་དངོས་སྣང་གི་སྟེང་ནས་བྱུང་བ་ཚང་མ་དེ་ལྟོས་ཀྱི་རང་སར་བདེན་པ་དང་།  དངོས་སྣང་དེ་ལ་རྗེས་དཔོག་གིས་རྣམ་པར་གཞག་པའི་ཤེས་བྱ་ལ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་ལྟོས་ནས་གཙོ་ཆེར་འབྱུང་བའི་ཕྱིར་ཡིན་མིན་ངེས་མེད་ཅན་དུ་འབྱུང་བ་དང་།  དེ་བཞིན་ནང་ངོ་བོ་ལ་ཡང་ཕྱི་ཇི་ལྟ་བ་བཞིན་དང་།  དེ་བཞིན་གསང་བ་རང་བཞིན་ལའང་སྔོན་བཤད་ཕྱི་ཇི་ལྟ་བ་བཞིན་དང་།  དེ་བཞིན་ཕྱི་ནང་གསང་བ་དབྱེར་མེད་ཆ་ཚང་ལའང་སྔོན་བཤད་ཕྱི་ཇི་ལྟ་བ་བཞིན་དུ་འབྱུང་ཕྱིར། དེ་དག་སོ་སོར་སོ་སོའི་རང་ཐད་བདེན་གྱི་གཅིག་ཤོས་གཞན་ལ་ནི་དེ་ལྟར་མ་ཡིན་ལ། མཐར་ཐུག་ཆ་ཚང་ཁྱོན་ཡོངས་ཅན་གྱི་གནས་ལུགས་གཅིག་ཤོས་ལ་ལྟོས་པའི་ཤེས་བྱའི་རྣམ་གཞག་གིས་དེ་ལས་གཞན་གྱུར་གྱི་གནས་ལུགས་གཅིག་ཤོས་ཀྱི་ཤེས་བྱའི་རྣམ་གཞག་གིས་དེ་ལས་གཞན་གྱུར་གྱི་གནས་ལུགས་གཅིག་ཤོས་ཀྱི་ཤེས་བྱའི་རྣམ་གཞག་ལ་སུན་དབྱུང་བར་ནུས་ཀྱི། དེ་ལས་ལྡོག་པའི་རང་ངོས་ཀྱི་འདོད་པ་དང་བསྟུན་པའི་ཤེས་བྱའི་རྣམ་གཞག་ལ་ལྟོས་ཏེ་གཞན་གྱི་ཤེས་བྱའི་རྣམ་གཞག་ལ་སུན་དབྱུང་བར་འཇུག་དཀའ་བ་དང་།  དེ་ཡང་སུན་དབྱུང་འཇུག་དཀའི་རྒྱུ་མཚན་ནི་དེ་དག་ཡིན་མིན་ཆ་མཚུངས་འདྲ་མཉམ་ཡིན་པའི་དབང་གིས་མ་ཡིན་པར། སོ་སོར་རང་ཐད་ལྟོས་མཚུངས་ཀྱི་བདེན་པ་རེ་ཡོད་པ་ཙམ་ལས་གཅིག་ཤོས་ཇི་བཞིན་མ་ཡིན་པའི་དབང་གིས་ཡིན་པར་རྟོགས་སླ་བར་སེམས་ལ། གཅིག་ཤོས་ཀྱིས་གཅིག་ཤོས་ལ་སུན་དབྱུང་ནུས་པའི་རྒྱུ་མཚན་ཡང་དེས་ཤུགས་ཀྱིས་རྟོགས་པར་ནུས་པར་སེམས་སོ། །འདིར་ཚུལ་དེ་འདོད་པ་སོ་སོའི་ཐད་སོ་སོ་ལ་ལྟོས་མཚུངས་ཀྱི་བདེན་པ་ཡོད་ཚུལ་སོགས་དཔེར་འདྲེན་པར་འོས་ཀྱང་ཡིག་ཚོགས་ལ་འཇིགས་ཏེ་བྲི་བར་མ་ནུས་སོ། །མདོར་ན་རྒྱལ་ཁབ་དང་ཡུལ་གྲུ་གླིང་དང་གླིང་ཕྲན་ཆོས་ལུགས་དང་གྲུབ་མཐའ་གང་དང་གང་ཞིག་གིས་རྣམ་པར་གཞག་པའི་ཤེས་དང་ཤེས་བྱའི་རིག་པ་མཐའ་དག ཡུལ་དང་ཡུལ་གྲུ་གླིང་དང་གླིང་ཕྲན་སོགས་སོ་སོའི་ཕྱི་ནང་གི་དངོས་པོའི་ཁྱད་ཆོས་ཀྱི་ཁྱད་ཙམ་ལས། གཞི་ཡུལ་གནས་ལུགས་ཆོས་ཉིད་ཀྱི་སྟེང་དུ་འགལ་མེད་གཅིག་འདུ་ལས་མ་འདས་པ་དང་།  ལམ་སྣང་དངོས་ཀུན་ཆོས་ཅན་གྱི་སྟེང་སོ་སོའི་ལས་སྣང་དབང་གིས་ཐ་དད་སོ་སོར་མཐོང་བ་དག་ཀྱང་ཡུལ་ཆོས་ཉིད་འགལ་བས་དེ་ལྟར་སྣང་བར་མིན་གྱི། སྔོན་གྱི་ཉེར་ལེན་གྱི་མཐུ་དང་འགྲོགས་པའི་ཆོས་ཅན་བློས་བྱས་པར་ཡིན་ཅིང་དེ་ཡང་སོ་སོའི་དངོས་སྟོབས་རིག་པའི་རྣམ་དཔྱོད་ཀྱི་རྩལ་ལས་བྱུང་བའི་ཤེས་བྱ་ཐ་དད་འགལ་བ་ཅན་སྣ་ཚོགས་སུ་སྣང་བར་ནི། དཔེར་ན་ཐོག་མ་ཤེས་བྱའི་ཡུལ་གང་དུ་འཇུག་པའི་ཚེ་ཕྱི་ཚུལ་རྣམ་པ་ཁོ་ན་ཙམ་དང་།  ཡང་ན་ནང་ཁོ་ན་ཙམ་དང་། དེ་གཉིས་པོ་ལའང་ཕྱོགས་རེ་ཁོ་ན་ཙམ་དང་།  ཉི་ཚེ་བའི་རང་བཞིན་ཅན་ཁོ་ན་ཙམ་ལ་འཇུག་པ་དང་།  ཕྱི་ནང་གསང་གསུམ་ཟླ་དྲིལ་གྱི་ཤེས་བྱར་འཇུག་པ་དང་།  དེ་ལའང་ཆ་ཚང་ཁྱོན་ཡོངས་གཏིང་མཐར་ཐུག་མིན་སོགས་ཀྱི་ཆའི་དབྱེ་བ་ལས་ཐ་དད་སྣ་ཚོགས་སུ་སྣང་ཡང་དེ་ཀུན། སྔ་བཞིན་ཡུལ་ཅན་ཐ་དད་སྣ་ཚགོས་ཀྱིས་བྱས་པར་ཡིན་གྱི་ཤེས་བྱའི་ཡུལ་གྱི་གནས་ལུགས་ལ་ཐ་དད་པས་བྱས་ཏེ་འགལ་བ་སྣ་ཚོགས་སུ་མངོན་པ་ནི་འགའ་ཡང་མེད་པར་ཤེས་སླ་བར་སེམས་སོ། །དེ་ནི་འགལ་འདུའི་རྒྱུ་མཚན་མདོར་ཙམ་གླེང་བའི་སྐབས་སོ། །གཉིས་པ་འདིར་འགལ་སྤངས་སམ་འགལ་སེལ་གྱི་ཐབས་ལམ་ཇི་ལྟར་འཚོལ་དགོས་ཀྱི་ཚུལ་ཅུང་ཞིག་གླེང་བ་ལ། གོང་བཤད་ལྟར་ངོ་བོ་གཞི་གཅིག་གི་ཡུལ་དུ་འདུ་བའི་དངོས་པོའི་གནས་ལུགས་ལ། རྣམ་པ་ཐ་དད་སྣ་ཚོགས་སུ་སྣང་བའི་འགལ་བའི་རང་བཞིན་ཅན་གྱི་ཤེས་དང་ཤེས་བྱའི་རིག་པ་དེ་དག་བྱུང་ཁུངས་འབྱུང་རྐྱེན་ལ་ལྟོས་ཏེ། སོ་སོའི་འདོད་ཚུལ་སོ་སོས་རྐང་ཟིན་པར་བྱེད་པའི་རྩ་བའི་ཆ་རྐྱེན་གྱི་སྟེང་དུ། མཆོག་འཛིན་ཞེན་བྲལ་གྱིས་རང་གི་འདོད་པའི་རྣམ་གཞག་ལ་ཡང་ངོ་བོ་དང་རྣམ་པ་ཟུང་འཇུག་ཅན་རེད་དམ་ཡ་བྲལ་ཅན་རེད། ཕྱི་ཡི་རྣམ་པ་ཙམ་རེད་དམ་ནང་གི་ཙམ་རེད། ཉི་ཚེ་བ་རེད་དམ་མཐར་ཐུག་ཅན་རེད། བྱེ་བྲག་ཅན་རེད་དམ་ཆ་ཚང་ཅན་རེད། ཕྱོགས་རེ་ཅན་རེད་དམ་ཁྱོན་ཡོངས་ཅན་རེད་བཅས་ལེགས་པར་བརྟག་སྟེ་གང་དང་གང་ལ་ཤེས་བྱའི་ཚད་ཕུན་སུམ་ཚོགས་མིན་དང་ཤེས་བྱ་གང་དང་གང་ལྡན་སོགས་ཤེས་པར་བྱ་སྟེ། འཁྲུལ་བྲལ་ཕུན་ཚོགས་ཀྱི་ཤེས་བྱ་ཞིག་ལ་དམིགས་བརྟེན་དུ་བྱེད་ནས་རང་གཞན་གྱི་ཤེས་བྱའི་རྣམ་གཞག་རྣམས་ལས། ཚད་གསུམ་ལྡན་པའི་ལམ་ནས་ཉེས་འདོར་ཀྱིས་རང་འདོད་ཤེས་བྱའི་རྣམ་གཞག་སྲ་བརྟན་སྲུང་བསྐྱབ་འཕེལ་རྒྱས་གཏོང་དགོས་རིགས་རྣམས་དེ་ལྟར་བཏང་བ་དང་།  དེ་བཞིན་ཚད་གསུམ་ལྡན་པའི་ལམ་ནས་ཁེངས་སྐྱུངས་ཀྱིས་རང་གཞན་འདོད་པའི་ཤེས་བྱའི་རྣམ་གཞག་ཀུན་ལས་ལེགས་ཆ་བླང་བྱར་འོས་རིགས་མཐའ་དག་ལེན་ཏེ། ཤེས་དང་ཤེས་བྱའི་རྣམ་གཞག་འདོད་ཚུལ་མི་འདྲ་བ་ཚང་མས་ཕན་ཚུན་བརྩི་བཀུར་ཕན་ཚུན་གཅེས་སྤྲད་དང་།  ཕན་ཚུན་སློབ་སྦྱོང་བྱ་ཞིང་སྒོ་ཀུན་དང་ཁྱོན་ཡོངས་ནས་ཐུན་མོངས་ཡར་རྒྱས་དང་ཐུན་མོངས་ཕན་བདེར་སྦྱོར་བའི་ལས་ལ་སྒོ་གསུམ་ངོས་ལྐོག་བྲལ་བ་དང་།  ཞུམས་མེད་འབད་པ་ཆེན་པོར་མདུན་དུ་བསྐྱོད་ཚེ་ནམ་ཞིག་ཤེས་དང་ཤེས་བྱའི་རྣམ་གཞག་ཚང་མའི་བར་གཞི་རྩ་འགལ་བྲལ་གྱི་སྒོ་ནས་ཤེས་དང་ཤེས་བྱ་ཆ་ཚང་ཅན་དང་ཁྱོན་ཡོངས་ཅན། མཐར་ཐུག་ཅན། ཕལ་ཆེར་གཅིག་མཐུན་ཅན་དུ་འགྱུར་བའང་གདོན་མི་ཟ་བར་ཆོས་ཉིད་ཀྱིས་གྲུབ་བམ་སྙམ་པ་དང་།  དེ་ལས་ལྡོག་ཚེ་ལྡོག་ཚུལ་གྱི་ཆར་ལྟོས་ཀྱིས་འབྲས་བུ་ལའང་དེ་བཞིན་འབྱུང་བར་སྨོས་ཅི་དགོས་སྙམ་མོ། །དེར་བརྟེན་མི་ལོ་སུམ་སྟོང་ལ་ཉེ་བའི་བོད་མིའི་ལོ་རྒྱུས་ཀྱི་ནང་དུ། ནང་ཆོས་ཀྱི་ཤེས་བྱའི་རིག་གཞུང་ལས་ཐོབ་པའི་བསླབ་བྱས་ང་ཚོ་ལ་ཁ་ཕྱོགས་འཁྲུལ་མེད་བསྟན་པ་ནི། སའི་གོ་ལ་ཧྲིལ་པོ་དང་བཅས་པའི་སྣོད་ཀྱི་འཇིག་རྟེན་དང་།  མི་ཡི་རིགས་མཐའ་དག་དང་བཅས་པའི་བཅུད་ཀྱི་འགྲོ་བ་ཇི་སྙེད། འཕྲལ་གཏན་བདེ་བའི་གོ་སྐབས་ལ་སྤྱོད་ཐུབ་མིན་ནི། ཤེས་བྱ་ཕུན་སུམ་ཚོགས་མིན་ལ་རགས་ལས་པ་དང་།  ཤེས་བྱ་ཕུན་སུམ་ཚོགས་མིན་ཡང་ཤིན་ཏུ་ཕྲ་ཞིང་ཕྲ་བའི་རྒྱུ་དང་འབྲས་བུ་ལ་ལྟོས་པའི་སྟོང་དང་རྟེན་འབྱུང་གི་རྣམ་གཞག་ཆ་ཚང་ཞིག་ཤེས་མིན་ལ་རགས་ལས་པ་ནི། ཐེ་ཚོམ་སྤུ་ཙམ་ཡང་མི་དགོས་པའི་བཀའ་ལྟར་སྣང་བ། དོན་དང་མཐུན་པ། རིག་པ་དང་འཐད་པ། གཏན་ཚིགས་ཀྱིས་རྒྱས་ཐེབས་པའི་གཏན་ཚིགས་རིག་པར་གྲུབ་བོ་སྙམ་མོ། །དེས་ན་བདེ་རེ་སྡུག་དོགས་ཀྱི་རྒྱ་ལས་མ་འདས་པའི་འགྲོ་བ་སྤྱི་དང་ཁྱད་པར་སྨྲ་ཤེས་དོན་གོའི་འགྲོ་བ་མི་ཡི་རིགས་ཤིག་ཡིན་ཕྱིན་བླང་དོར་གྱི་གནད་ལ་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་ཀྱང་གལ་ཆེ་ཞེས་ཞོར་དུ་འཆོར་བའི་གཏམ་མོ། །

ད་ནི་སླད་ཀྱི་དགེ་བའི་ཕྱིར་དུ་སླར་སྨྲས་པ། འདི་འབད་དགེ་བའི་ཉི་གཞོན་ལས་བྱུང་བའི། །སྒྲིབ་བྲལ་ཟག་མེད་འོད་ཟེར་འབུམ་བརྡལ་གྱིས། །སྲིད་འདིའི་སྒྲིབ་གཉིས་མུན་ཚོགས་ཀུན་སེལ་ཏེ། །ལྔ་རིག་པད་དཀར་བཞད་པའི་རྒྱུར་གྱུར་ཅིག ། །།

མཐའ་མའི་འདོན་ཐེངས་།: 20.10.2014 ཉིན། 9:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།