སྨན་རྩིས་དྲ་བ། - ཆེད་རྩོམ།

བོད་ཀྱི་རྩིས་གཞུང་སྦྱངས་པ་ལས་བརྙེས་པའི་སེམས་གཏམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.04.2015
ཆེད་རྩོམ། >>

 

            

  ༄༅། །བོད་ཀྱི་སྲོལ་རྒྱུན་རྩིས་གཞུང་སྦྱངས་ཙམ་བགྱིས་པ་ལས་རྙེད་པའི་སེམས་གཏམ་དག་མ།

 - སྐར་རྩིས་པ་གྲགས་པ་རྒྱ་མཚོ།

 

  རི་མཐོ་ས་གཙང་གི་ཡུལ་གྲུ་སྟེ། ང་ཚོ་གངས་ཅན་པའི་འཚོ་རྟེན་དུ་གྱུར་བའི་བསིལ་ལྡན་ཁ་བའི་ལྗོངས་སུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་བོད་རྩིས་རིག་པ་འདི་ནི་མེས་པོ་སྐུ་དྲིན་ཅན་ཚོས་བློ་གྲོས་ཀྱི་རྩལ་གྱིས་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་མཛད་ཁར། ཁྱིམ་མཚེས་རྒྱལ་ཁབ་ཀྱི་རིག་གཞུང་དག་ལས་ལེགས་ཆ་སྡུད་ལེན་གྱིས་ཟུར་བརྒྱན་ཁ་སྐོང་མཛད་དེ་ཆོས་ཉིད་ཀྱི་མཐར་གཏུགས་པའི་གཏན་ཚིགས་རང་བཞིན་གྱི་རིག་གཞུང་སྣུམ་པོ་ཞིག་ཡིན། དུས་རབས་ཉེར་གཅིག་ནི་ཚན་རིག་གི་རྦ་རླབས་དགུང་ལ་འཕྱུར་བའི་དུས་རབས་ཤིག་རེད། དུས་རབས་འདིའི་ནང་དུ་དེང་རབས་ཀྱི་གནམ་རིག་སྐར་རྩིས་ཀྱང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་འདུག  ང་ཚོ་བོད་ཀྱི་གནམ་རིག་སྐར་རྩིས་ཀྱང་དེ་ཡི་དོ་ཟླར་འོང་བ་ཞིག་ཡིན་ཏེ། དེ་ལ་རྒྱ་གར་ནས་དར་བ་གཞུང་ཤིང་དུ་གྱུར་བའི་ཚན་རིག་གི་ཆ་དུས་འཁོར་སྐར་རྩིས་དང་། ཚན་རིག་མ་ཡིན་པའི་ཆ་དབྱངས་འཆར། རྒྱ་ནག་ནས་དར་བ་གཞུང་ཤིང་དུ་གྱུར་བའི་ཚན་རིག་གི་ཆ་རྒྱ་རྩིས་སམ་སྐར་རྩིས། ཚན་རིག་མ་ཡིན་པའི་ཆ་ནག་རྩིས་སམ་འབྱུང་རྩིས་བཅས་རིགས་ཆེན་པོ་བཞི་རུ་འདུས་པ་ཞིག་རེད།


    དེ་ལས་སྐར་རྩིས་དང་རྒྱ་རྩིས་གཉིས་ནི་སྐར་ཁྱིམ་དག་ལ་གཟའ་རྣམས་རྒྱུ་བའི་བགྲོད་པ་ལ་བརྟེན་ནས་དུས་བཞིའི་འགྱུར་ལྡོག་དང་། ནམ་དུས་ཀྱི་ལེགས་ཉེས་ལུང་དུ་བསྟན་ཏེ་རྒྱ་ཆེ་བའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་བརྗོད་བྱའི་གཙོ་བོར་འཛིན་པ་ཡིན་ཞིང་། དབྱངས་འཆར་དང་འབྱུང་རྩིས་གཉིས་ནི་ང་ཚོ་ཐ་མལ་བའི་ཆུ་བུར་མིག་གི་སྤྱོད་ཡུལ་ལས་འདས་པའི་གནས་ཏེ། ཕྱི་ནང་གསང་གསུམ་གྱི་གེགས་རྣམས་ལུང་དུ་བསྟན་ནས་བསལ་ཏེ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་བརྗོད་བྱའི་གཙོ་བོར་འཛིན་པ་ཡིན་པར་འདོད། དེ་ལྟར་ལགས་ཀྱང་། རང་ཉིད་རང་གིས་རྩིས་པར་ཁས་འཆེས་པའི་འདུས་སྡེ་འདིའི་འུ་ཅག་གཞོན་སྐྱེས་རྩིས་པ་རྣམས་ལ་མཚོན་ནས་བཤད་ན། མི་ལོ་དུ་མའི་གནམ་གཤིས་ཀྱི་འགྱུར་ལྡོག་ལུང་དུ་སྟོན་པ་ཕར་ཞོག ཐ་ན་དོ་ནུབ་ཀྱི་རླུང་གི་རྒྱུ་སྟངས་དང་། སྤྲིན་གྱི་ཆགས་རིམ་བཅས་ལ་བརྟག་ཅིང་དཔྱད་དེ་སང་ཉིན་གྱི་གནམ་གཤིས་ལ་སྡོམ་ཚིག་མ་ནོར་བ་ཞིག་འགོད་ཐུབ་མཁན་ཡང་ཉིན་གྱི་སྐར་མ་ལྟར་དཀོན་པར་འདོད། ལྷག་པར་དུ་འདས་ཟིན་པའི་ལོ་རེའི་གནམ་གཤིས་གནས་ཚུལ་ལ་དོ་སྣང་ཞིབ་ཚགས་ཀྱིས་རྒྱུས་ལོན་གཏིང་ཟབ་གནང་སྟེ་དུས་རབས་འདིའི་གནམ་གཤིས་འགྱུར་ལྡོག་ལ་རང་སྐྱ་འཕེར་བའི་ངེས་ཤེས་བརྟན་པོ་ཞིག་འདྲོངས་ཡོད་མཁན་ཕལ་ཆེར་མེད་པའི་ཚད་རེད། དེ་བས་སྐར་རྩིས་དང་རྒྱ་རྩིས་གཉིས་ཀྱི་རི་མོ་རྒྱག་ཐུབ་ཙམ་གྱིས་རྒྱ་ཆེ་བའི་མང་ཚོགས་ལ་ཞབས་འདེགས་གོ་ཆོད་པ་ཞིག་ཞུ་མི་ཐུབ་པ་ཐེ་ཚོམ་བྲལ་བ་ཞིག་རེད།


    དབྱངས་འཆར་དང་འབྱུང་རྩིས་གཉིས་ཀྱི་ཆ་ནས་བཤད་ན་ཡང་འཁོར་ལོ་རྣམས་བསྐོར་ཤེས་ཙམ་དང་རྡེའུ་དཀར་ནག་འགྲེམས་ཤེས་ཙམ་གྱིས་ལྐོག་གྱུར་གྱི་གེགས་རྣམས་རྟོགས་ནུས་པར་མི་འདོད་ལ། གལ་སྲིད་རྟོགས་པའི་དབང་དུ་བཏང་ཡང་དེ་སེལ་ནས་བརྩི་བྱ་མི་བུ་དག་ལ་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་སྒྲུབ་ནུས་པའི་རྩིས་པ་ཞིག་ཡིན་ན་དེ་ལ་ལུང་རྟོགས་ཀྱི་ཡོན་ཏན་གྱ་ནོམ་པ་ཞིག་དང་། སྒྲུབ་པ་ཉམས་ལེན་བཅས་ལ་བརྟེན་ནས་ཐོབ་པའི་རང་རྒྱུད་ཀྱི་ནུས་མཐུ་ཁྱད་པར་པ་ཞིག་དགོས་པ་གོར་མ་ཆག  དེ་ལྟར་ལགས་པས། ང་ཚོ་མི་བུ་སྤྱིར་བཏང་བ་ཞིག་གིས་རྡེའུ་མ་ནོར་བར་འཇོག་ཤེས་ཀྱང་རྒྱ་ཆེ་བའི་བརྩི་བྱ་དག་ལ་འགལ་ཞི་མཐུན་འཛོམས་ཀྱི་ཞབས་འདེགས་རླབས་པོ་ཆེ་ཞིག་བསྒྲུབ་མི་ཐུབ་པ་ཁ་གསལ་དོན་ཐོག་རེད།


  གཞན་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་བཏང་ནས་རྒྱུན་འཛིན་གྱི་སློབ་མ་ཕུལ་དུ་བྱུང་བ་ཞིག་སྐྱེད་སྲིང་བྱེད་དགོས་ན། མཁྱེན་དཔྱོད་ཡངས་པའི་དགེ་རྒན་ཞིག་གིས་གཞུང་ལུགས་གང་དེ་བློ་ངོར་འཇགས་བདེ་བའི་ཁྲིད་ཐབས་ལ་བརྟེན་ནས་གཞུང་དོན་ཕྱིན་ཅི་མ་ལོག་པར་འཆད་འཁྲིད་བྱ་དགོས་པར་འདོད། དེ་བས་དགེ་རྒན་ནི་མཁྱེན་དཔྱོད་ཡངས་ཤིང་ཁྲིད་ཐབས་ཀྱིས་ཕྱུག་པ་ཞིག་ཡིན་དགོས་པ་ནི་སློབ་མ་སྐྱེད་སྲིང་བྱེད་པའི་བརྒྱུད་རིམ་ཁྲོད་ཆེས་རྩ་བར་གྱུར་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་རེད ངས་རང་ཉིད་ཀྱིས་སྨན་རྩིས་ཁང་འདིའི་ནང་དུ་བོད་རྩིས་རིག་པར་མི་ལོ་ལྔར་སློབ་གཉེར་བྱས་པའི་བརྒྱུད་རིམ་ལ་ཕྱིར་འདང་ཞིག་བརྒྱབ་ན། དྲན་འཛིན་གྱི་ཡུལ་དུ་ལྷང་ངེར་འཁོར་ཡོང་བའི་བརྗོད་འདོད་པ་ནི་ཁྲིད་གཞི་སློབ་དེབ་ཀྱི་བརྗོད་བྱའི་ཁྱབ་ཚུལ་དང་། འཆད་མཁན་དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་ཐབས་ལམ། སྒྲིག་སྲོལ་གྱིས་བཅིངས་པའི་སློབ་གཉེར་བྱ་ཐབས་བཅས་ཀྱི་ཐད་ནས་བཤད་འདོད།


  ཁྲིད་གཞིའི་ཆ་ནས་སྐར་རྩིས་ལ་མཚོན་ན་རིག་ལྡན་འཛུམ་པའི་འོད་ཟེར་རེད། རིག་ལྡན་འཛུམ་ཟེར་གྱི་བརྗོད་བྱ་ནི་ས་རིས་རྒྱག་སྟངས་ཙམ་ལས་འགོངས་མེད། ས་རིས་ནི་སྐར་རྩིས་ཀྱི་ཆེས་རྨང་གཞིར་གྱུར་བའི་ཤེས་བྱ་ཡིན་ཡང་། དེས་དུས་འཁོར་སྐར་རྩིས་ཀྱི་བརྗོད་བྱའི་ཆ་ཤས་ཙམ་ལས་ཟིན་མེད་པས་བརྗོད་བྱའི་ཁྱབ་ཚུལ་ཆུང་ཆུང་རེད། རིག་ལྡན་འཛུམ་ཟེར་ནི་རིག་ལྡན་སྙིང་ཐུག་རྩིས་འགོ་གསར་དུ་སྤོས་པ་ཡིན་ཞིང་། སྙིང་ཐུག་དེ་སྤྱི་ཚོགས་རྙིང་པའི་རིང་ནས་དགོན་པ་གྲྭ་ཚང་ཁག་གི་སྐར་རྩིས་རིག་པའི་ཁྲིད་གཞི་རེད། སྐབས་དེའི་སློབ་མ་ཕལ་ཆེར་ཨང་རྩིས་ཀྱི་འགྲོ་སྟངས་ཕར་ཞོག་ཐ་ན་ཨང་ཀི་འབྲི་ཡང་མི་ཪེས་པའི་ལས་དང་པོ་བ་ཡིན་པས། རིག་ལྡན་སྙིང་ཐིག་ལོ་ལྔའི་འཁྲིད་གཞིར་བཞག་ཀྱང་འོས་ཤིང་འཚམས་པ་རེད། འོན་ཀྱང་། ང་ཚོ་སྨན་རྩིས་ཁང་གི་ལོ་ལྔའི་ཁྲིད་གཞིར་བཞག་ན་འཚམས་པོ་མ་རེད། རྒྱུ་མཚན་ནི་སློབ་གླིང་འདིའི་རྩིས་སློབ་ཚང་མ་གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་པ་ཤ་སྟག་ཡིན་ཙང་། ཁོ་ཚོ་ཚང་མ་ཕྱི་ལུགས་ཀྱི་སྒྱུར་བགོད་སྣོན་འཐེན་ལ་བྱང་ཡོད་པ་མ་ཟད། ཨང་རྩིས་ཀྱི་རྨང་གཞའི་ཤེས་བྱ་ཇི་སྙིད་ཅིག་ནང་བྱན་ཆུད་ཡོད། དེ་མ་ཚད་རིག་ལྡན་འཛུམ་ཟེར་གྱི་རི་མོ་ཚང་མ་ཁོ་ཚོས་སྦྱངས་ཟིན་པའི་སྤྱི་འགྲོས་(ལམ་ཐག÷མྱུར་ཚད=དུས་ཚོད)འདི་གཅིག་པོའི་ནང་དུ་འདུས་ཡོད་པས་རེད། མདོར་བསྡུས་ནས་བཤད་ན། རིག་ལྡན་འཛུམ་ཟེར་གྱི་བརྗོད་བྱའི་ཁྱབ་ཚུལ་ཆུང་བའི་སྐྱོན་དང་། སློབ་གཉེར་བའི་ཆུ་ཚད་དང་བསྟུན་ན་སློབ་པའི་ཡུན་མི་ལོ་ལྔ་དེ་རིང་དྲགས་པའི་སྐྱོན། སྐྱོན་འདི་གཉིས་ཀྱང་རྒྱུན་འཛིན་མི་སྣ་ནུས་ལྡན་སྐྱེད་སྲིང་བྱེད་པའི་གེགས་སུ་གྱུར་ཡོད་པས། ཕྲན་གྱི་བསམ་ཚུལ་ཡིན་ན་རི་མོའི་འགྲོ་སྟངས་ཚང་མ་ལོ་གཅིག་གམ་ཆེས་རིང་ན་ལོ་གཉིས་ཀྱི་ནང་རྫོགས་པར་བསླབས་རྗེས། དེ་འཕྲོས་ཀྱི་མི་ལོ་གསུམ་གྱི་རིང་ལ་དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་གནས་འཇིག་གསུམ་བྱེད་པའི་ཚུལ། དེ་གཉིས་ཕན་ཚུན་དབར་གྱི་འབྲེལ་བའི་ཆོས་ཉིད་སོགས་གཏིང་ཟབ་པའི་བརྗོད་བྱ་འཆད་འཁྲིད་མི་ནུས་རུང་། རླུང་གི་གཡུག་ཕྱོགས་དང་། སྤྲིན་གྱི་ལྡིང་ཕྱོགས་སོགས་ལ་བརྟགས་ཏེ་སང་གནངས་ཀྱི་གནམ་གཤིས་སྔོན་དཔགས་བྱེད་ཐབས་དང་། དུས་ཚིགས་ཀྱི་འགྱུར་ལྡོག་མི་འཁྲུལ་བའི་གཟེར་དུ་གྱུར་བའི་གནམ་གྱི་སྐར་མ་ངོ་སྤྲོད་སོགས་དུས་རྟགས་ཀྱི་རིགས་ངེས་ཤེས་འདྲོང་བ་ཞིག་འཆད་འཁྲིད་ངེས་པར་དུ་གནང་ན་ལེགས།


 འབྱུང་རྩིས་ལ་མཚོན་ན་འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་རེད། འདིའི་ནང་དུ་མ་འདུས་པའི་རྩིས་སྒོ་ཁག་དང་། དེ་མིན་རྨི་ལམ་དང་ལ་ཉེ་བརྟག་ཐབས་སོགས་ཀྱང་ཁ་སྐོང་གི་ཚུལ་དུ་སློབ་ཁྲིད་གནང་ཐོག རྩིས་འབྲས་ངག་ཀྱང་འགྲེལ་བཤད་རྒྱས་པར་གནང་སྟེ། དུས་དང་ཡུལ་གྱི་དབང་གིས་གོ་ཁག་པར་གྱུར་བའི་དཔེ་སོགས་ལ་གོ་བརྡ་ལེགས་པོ་སྤྲད། ད་དུང་རྩིས་ཀྱིས་སྨན་གཞུང་འཆད་འཁྲིད་ལ་ཕན་ནས་ཐོན་ཚུལ། སྨན་བཅོས་ལག་ལེན་ལ་ཕན་ནུས་ཐོན་ཚུལ། སྨན་སྡེབ་སྦྱོར་ལ་ཕན་ནུས་ཐོན་ཚུལ། སྨན་གང་གིས་ནད་གང་ལ་ཕན་པ་ཇི་ལྟར་རྒྱུན་སྤྱོད་ཀྱི་རིམ་གྲོ་གང་གིས་གདོན་བགེགས་གང་ཞིག་ཞི་བར་བྱེད་པ་གཙོར་བཟུང་གིས་རྩིས་འབྲས་དག་གི་སྐབས་སུ་གསུང་བའི་རིམ་གྲོ་དག་གཅིག་ཀྱང་མ་ལུས་པར་ངོ་སྤྲོད་གནང་ན་ལེགས།


  འཆད་འཁྲིད་གནང་མཁན་གྱི་དགེ་རྒན་རྣམས་དཀར་ནག་རྩིས་ལ་མཁྱེན་རྒྱ་མི་ཡངས་བ་མིན་ཡང་། སློབ་ཁྲིད་བྱེད་པའི་ཐབས་ལམ་གྱིས་ཧ་ཅང་དབུལ་བ་འདྲ། སློབ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད། སྐབས་རེར་ཉན་མཁན་སློབ་མ་ཕར་ཞོག་ཐ་ན་འཁྲིད་མཁན་དགེ་རྒན་རང་ཉིད་ཀྱང་མགོ་རྨོངས་ནས་ཅི་བཤད་ལ་རྒྱུ་མཚན་མི་འདུག དེ་བས་དགེ་རྒན་རྣམས་པས་ཀྱང་སློབ་མའི་རྨོངས་རྒྱ་གྲོལ་ཐུབ་པའི་སློབ་ཁྲིད་ཞིག་བློ་ངོར་གསལ་ལེར་འཇགས་པའི་ཁྲིད་ཐབས་སྤྱད་ནས་ཁྲིད་རྒྱུ་དང་། སློབ་ཐུན་གྲོལ་ཁར་ཁྲིད་མ་ཐག་པའི་སློབ་ཚན་དེ་དང་འབྲེལ་བའི་གནད་དོན་གང་དག་ལ་བསམ་གཞིགས་བྱ་དགོས་པའི་ལམ་སྟོན་གནང་ན་ལེགས་པར་སྙམ།   དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ་མ་བརྟེན་པ་མེད་ཀྱང་། རྒྱུ་མཚན་དེ་ལ་བརྟེན་ནས་སྨན་རྩིས་ཁང་གི་སྒྲིག་ལམ་དང་སྲོལ་རྒྱུན་གྱི་འགྲོ་སྟངས་རེད་ཟེར་ནས་རིག་ལྡན་འཛུམ་ཟེར་གྱི་གཞུང་ཚིག་ཚང་མ་ཚིག་འགྲོས་བཞིན་བློར་འཛིན་བྱེད་དུ་འཇུག་པ་འདི་ལས་ཆེ་དོན་ཆུང་རེད་བསམ་གི། རང་ཉིད་ལ་མཚོན་ན་ཡང་སློབ་མའི་དུས་ཀྱི་མི་ལོ་ལྔའི་དུས་ཚོད་མང་ཤོས་བློར་འཛིན་ལ་བསྟིམས་པ་ཡིན། དེ་ལྟར་བློར་འཛིན་བྱས་པ་ལ་དགོས་པ་ཆེན་པོ་མེད་སོང་། དེ་ལས་རི་མོའི་འགྲོ་སྟངས་རྣམས་སྤྱི་འགྲོས་ཀྱི་ལམ་ནས་ངེས་པར་བྱས་ན་གཞུང་ཚིག་བློར་འཛིན་པ་ལས་དུས་ཚོད་ཉུང་ངུ་ཞིག་ལས་མི་དགོས་པས། དེ་བྱིངས་ཀྱི་དུས་ཚོད་ནི་རི་མོའི་དཀའ་གནད་ཁག་ལ་བསམ་གཞིག་དང་། དེ་དག་གི་གནད་གྲོལ་ཕྱིར་གནའ་དེང་གི་སྐར་རྩིས་མཁན་པོ་གཞན་རྣམས་ཀྱིས་བརྩམས་གནང་མཛད་ཡོད་པའི་བརྩམས་གཞུང་ལ་བལྟ་ཀློག་བྱས་ནས་ཐོས་རྒྱ་ཇེ་ཆེར་བཏང་ན་ཕན་ཐོགས་ཆེ་བར་མཐོང་།


དེ་ལྟར་ལགས་པས། ངས་སྨན་རྩིས་ཁང་གི་སྐུ་དྲིན་ལས་སྐྲ་ལོ་དང་ངོ་གདོང་སྣུམ་འཁྱུག་གེར་འགྲོ་བའི་ང་ཚོ་སྐར་རྩིས་པ་རྣམས་ལ་གསལ་འདེབས་ཞུ་རྒྱུ་ཞིག་ལ། གལ་སྲིད་གཞན་གྱིས་ང་ཚོར་ཁྱེད་ཚོས་སྨན་རྩིས་ཁང་གི་ནང་ན་ཅི་ཞིག་སྒྲུབ་བཞིན་ཡོད་དྲིས་ན། ང་ཚོས་ཐེ་ཚོམ་མེད་པར་བོད་ཀྱི་སྲོལ་རྒྱུན་རྩིས་རིག་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་པའི་བྱ་གཞག་རླབས་པོ་ཆེ་དང་། རིན་ཐང་གཞལ་ཐབས་བྲལ་བའི་རིག་གཞུང་དེ་ལ་བརྟེན་ནས་རྒྱ་ཆེ་བའི་མང་ཚོགས་ལ་སྲི་ཞུ་གྱ་ནོམ་པ་ཞིག་སྒྲུབ་བཞིན་ཡོད་ཅེས་ཡིན་མདོག་མདོག་གིས་ལན་སློག་ངེས་ཡིན། གཞན་ལ་ལན་དེ་ལྟར་སློག་ཆོག་ཀྱང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་རང་རང་གི་རྒྱུད་ལ་བོད་རྩིས་རིག་པའི་ཤེས་བྱ་ཇི་ཙམ་ཞིག་འབྱོར་ཡོད་མེད་དང་། རིག་གཞུང་ལ་སྲུང་སྐྱོབ་དང་མི་མང་ལ་ཞབས་འདེགས་ཞུ་བའི་ནུས་པ་ཡོད་མེད་མི་བུ་རང་ཉིད་ལས་གསལ་བ་སུས་ཀྱང་མི་ཤེས། དེས་ན། ང་ཚོས་རང་གཞུང་བོད་ཀྱི་སྨན་རྩིས་ཁང་གིས་གནང་བའི་ཟས་གོས་གནས་མལ་ཀྱི་རིན་ལ་ཅི་ཞིག་བསྒྲུབ་དགོས། རང་ཉིད་ཀྱིས་མི་ལུས་ཐེངས་གཅིག་བླངས་པའི་ཡང་སྙིང་དེ་གང་ལ་འཇོག་འོས། བོད་ཀྱི་སྲོད་རྒྱུན་རྩིས་རིག་དེ་དུས་རབས་དང་མཐུན་པའི་མདུན་ལམ་རྒྱ་ཡངས་ཞིང་ཕུག་རིང་བ་ཞིག་ལ་ཇི་ལྟར་འཁྲིད་དགོས། འདི་དག་ནི་ང་ཚོ་རྩིས་པར་ཁས་འཆེས་པ་རྣམས་ཀྱིས་མནོ་བསམ་གཏོང་དགོས་པའི་གཞི་ཡིན་ལ་ཡང་ནས་བསྐྱར་དུ་དབུ་སྐྲ་བྱི་རེག་བར་དུ་མནོ་བསམ་གཏོང་འོས་པའི་གཞི་ཡང་ཡིན།


འདས་ཟིན་པའི་ལོ་ཟླ་རིང་མོར་ང་ཚོས་ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་དང་། ཟླ་ཐོ། ཚེ་རྩིས་རྒྱས་བསྡུས། བག་རྩིས། ནད་རྩིས། གཤིན་རྩིས། ཀེག་རྩིས་སོགས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ལ་དོ་བདག་རང་རང་གི་འདོད་བློ་ལྟར་ཞབས་འདེགས་རང་ནུས་ཅི་ལྕོགས་ཀྱིས་བྱས་པ་རེད། དེ་ནི་བསྔགས་པར་འོས་པའི་ལས་དོན་རླབས་ཆེན་ཞིག་རེད། ཡིན་ཡང་། ང་ཚོས་ཚེ་རྩིས་སོགས་བརྒྱབ་ནས་རྩིས་འབྲས་ཡི་གེར་བྲིས་ཏེ་དོ་བདག་ལ་ཕུལ་རྗེས་འགན་འཁུར་འགྲུབ་སོང་བ་ལྟ་བུར་བརྩི་བཞིན་ཡོད་པ་རེད། དེ་ལྟར་མ་བྱས་པར་བརྩི་བྱ་དེ་ལ་འབྲེལ་བ་གནང་ནས་རྩིས་འབྲས་ཐིག་པོ་བྱུང་ཡོད་མེད་བཀའ་འདྲི་གནང་། ཐིག་པོ་བྱུང་ཡོད་པའི་འབྲས་བཤད་དག་གཟའ་སྐར་སྤར་སྨེ་གང་གི་འབྲས་བཤད་ཡིན་མིན་གྱི་སྐོར་ཟིན་བྲིས་ལ་བཏབ་ཏེ་ཉར་ཚགས་བྱས་ནས། རང་ཉིད་རྩིས་པ་ཉམས་མྱོང་ཅན་ཞིག་ཏུ་གྱུར་ནས་རྩིས་འབྲས་ཐིག་པོ་སྨྲ་ཐུབ་པར་ཕན་ཐོགས་གང་མང་ཡོད། རྩིས་ཐིག་པོ་བྱུང་ཡོད་མེད་ལ་དོ་སྣང་མ་བྱས་པར་རྩིས་ཁྲི་སྟོང་བརྒྱབ་ཀྱང་རྩིས་པ་ཉམས་མྱོང་ཅན་ཞིག་ཆགས་མི་ཐུབ། དེ་བས་རྩིས་བརྒྱབ་རྗེས་བརྩི་བྱ་དེར་འབྲེལ་བ་གནང་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད། དེ་མིན་རྩིས་ཀྱི་ཐ་སྙད་ཟལ་བ་དང་། གཟའ་འཁོར་སོགས་ཀྱི་མིང་གིས་མཚོན་པའི་བོད་རང་གི་རྩིས་གཞུང་གི་ཐ་སྙད་ཉིན་རེར་འཚོ་བའི་ནང་དུ་བེད་སྤྱོད་རྒྱུན་འབྱམས་སུ་བཏང་ན། དེ་ནི་བོད་རང་གི་སྐད་ཆའི་ཐུན་མིན་གྱི་ཁྱད་ཆོས་ཞིག་ཀྱང་རེད་སྙམ།


 

སྲོལ་རྒྱུན་རྩིས་གཞུང་དཔྱིས་ཕྱིན་མ་རྟོགས་ན།།

ཉམ་ཐག་འགྲོ་ལ་སྲི་ཞུ་མི་ནུས་པས།།

ཆུ་བོའི་རྒྱུན་ལ་དོ་བའི་ཧུར་བརྩོན་གྱིས།།

ཟབ་མོ་རྩིས་ལ་སྦྱོངས་ཤིག་ལས་གྲོགས་ཚོ།།

 

ྋརྒྱལ་བའི་སྐུ་ཚེ་རྒྱལ་མཚན་བརྟན་པར་སྨོན།།

སྨན་རྩིས་བསྟན་པའི་ནགས་ཀླུང་རྒྱས་པར་ཤོག།

བདག་ཀྱང་ཚེ་ཡི་དཔལ་ལ་ལོངས་སྤྱོད་དེ།།

གཞིས་བྱེས་ལྷན་འཛོམས་དགྱེས་སྟོན་མཐོང་བར་སྨོན།།


མཐའ་མའི་འདོན་ཐེངས་།: 27.04.2015 ཉིན། 10:20 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།