སྨན་རྩིས་དྲ་བ། - ཆེད་རྩོམ།

ཕན་དར་བ་ལ་དྲི་བ་ཙྰུ་ཏའི་འཁྲི་ཤིང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.09.2015
ཆེད་རྩོམ། >>

 

 

༄༅། །འཚོ་བྱེད་ཕན་དར་བ་ལ་དྲི་བ་ཙྰུ་ཏའི་འཁྲི་ཤིང་རབ་ཏུ་རྒྱས་པའི་ནགས་ཀླུང་ལྟ་བུ་བཞུགས་སོ།།

- ཟུར་མཁར་བ་བློ་གྲོས་རྒྱལ་པོ།

 

 

 

ཨོཾ་ཨྰཿ སྭསྟི་ཧྰུཾ་ཛཡནྟུ་ཧྲིཿ

ལུས་ཅན་ཚོགས་ལ་མི་འཇིགས་སྦྱིན་མཛད་པའི།།

སྐྱེས་བུ་དམ་པ་རྣམས་ལ་ཕྱག་འཚལ་ནས།།

གསོ་རིག་སྨྲ་བའི་སྙན་གྲགས་དབུགས་འབྱིན་པ།།

དེ་ལ་དོགས་པའི་གནས་འགའ་དྲི་བར་བྱ།།

དེ་ཡང་བདུད་རྩི་སྙིང་པོར། སྨན་གྱི་ལུང་དང་གསེར་འོད་དམ་པ་དང་། །གསོ་དཔྱད་འབུམ་པ་ལ་སོགས་བཀའ་ཡིན་ཏེ། ཙ་ར་ཀ་དང་མདོ་ལྔ་ལ་སོགས་པ་ཕྱི་ནང་དྲང་སྲོང་གིས་མཛད་པའི་བསྟན་བཅོས་ཡིན། ཞེས་བཤད་པའི་སྨན་གྱི་ལུང་དེ་གང་ཡིན། འགའ་ཞིག་གིས་འདུལ་བ་སྨན་གྱི་གཞི་ཡིན་ཟེར་ཡང་འབྲེལ་མཚུངས་པ་མ་ཡིན་ཏེ། སྨན་གྱི་ལུང་དྲངས་པའི་ཚིག་རྣམས་སྨན་གཞིར་མི་འབྱུང་བས་གནོད་དོ།།

ཡང་འགྲེལ་པ་ཟླ་ཟེར་དུ་ལུང་ལས་ཞེས་འབྱུང་བའི་ལུང་དེའང་གང་ལྟ་བུ་ཞིག་ཡིན། ཕྱི་ནང་གི་ལུང་གང་གི་ཁོངས་སུ་གཏོགས། དེ་བོད་དུ་འགྱུར་བ་ཨེ་ཡོད། ཚད་ཅི་ཙམ་དང་ལྡན་ཞེས་པའོ།།

དེ་བཞིན་དུ་གསོ་དཔྱད་འབུམ་པ་ཞེས་པ་འདི་སངས་རྒྱས་གང་གི་བཀའ་ཡིན། དུས་ནམ་གྱི་ཚེ་གསུངས། འདི་ལ་པཎ་ཆེན་ཤེས་རབ་རིན་ཆེན་པ་སོགས་འགའ་ཞིག་ཕྱི་རོལ་པས་བཀར་ཁས་ལེན་པ་གསོ་དཔྱད་འབུམ་པ་དང་ཞེས་བཞེད་པས་གང་འཐད། བདུད་རྩི་བམ་བརྒྱད་སོགས་ནས་འདི་ཚངས་པས་དྲན་ཚུལ་བཤད་འདུག་པ། དེ་ལྟ་ན་ཚེའི་རིག་བྱེད་གཅིག་པར་ཨེ་འགྱུར། མི་འགྱུར་ན། ཚངས་པས་ཚེ་ཡི་རིག་བྱེད་དྲན། །ཞེས་པའི་དྲན་ཚུལ་དང་ཁྱད་པར་གང་ལྟར་འཆད། ལར་གཏམ་རྒྱུད་དེ་འཆད་པར་འདོད་པ་ཆོས་རྗེ་ཞིག་པོ་དང་བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ཀྱིས་ཀྱང་ལུང་རིགས་དང་མི་འགལ་བར་བཤད་པ་མི་འདུག་པས། ཁྱད་དུ་འཕགས་ཤིང་ལུང་རིགས་ཀྱིས་བརྒྱན་པ་འཆད་རྒྱུ་ཨེ་ཡོད། འདི་ཇི་ལྟ་བུ་མ་ཤེས་ན་ནི་གསོ་རིག་གི་ཁུངས་སྟོར་བ་དང་འདྲ་བས་སྨན་པར་ཁས་ཆེ་བའང་ངོ་ཚ་བའི་གནས་ཡིན་པས་ན་སླད་ནས་ཀྱང་དཔྱད་པ་བྱོས་ཤིག གསེར་འོད་དམ་པ་ཞེས་པའང་ཚོང་དཔོན་རལ་པ་ཅན་གྱིས་ཁྱེའུ་ཆུ་འབེབས་ལ་བཤད་པའི་ཤོ་ལོ་ཀ་དགུ་པོ་ཙམ་མ་གཏོགས་སྨན་དཔྱད་གཞན་མེད་པས། གསེར་འོད་དམ་པ་ཞེས་ཧ་ཅང་ཚིག་སྤོམ་བཟོ་མ་ཆེམས། དེ་བས་ནི་དཔལ་དུས་ཀྱི་འཁོར་ལོ་དང་། མཁའ་འགྲོ་རྡོ་རྗེ། མཁའ་འགྲོ་རྒྱ་མཚོ་སོགས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནས་བཤད་པའི་སྨན་དཔྱད་རྒྱ་ཆེ་བ་འདུག་ཀྱང་འདྲེན་པར་མི་མཛད་པ་ཅི་ཡིན།

གཏར་པ་དང་ནི་རྨས་པ་དང་། །ཞེས་སོགས་ཀྱི་ཡན་ལག་འདྲེན་ཚུལ་ཤོ་ལོ་ཀ་གཅིག་པུ་དེ་གསེར་འོད་ལས་ཞེས་དྲངས་ཡོང་གི་འདུག་ཀྱང་། དེ་གསེར་འོད་དམ་པ་ཆེ་ཆུང་གཉིས་ཀ་ན་མི་བཞུགས་པས་རྫུན་ལུང་མ་ཡིན་ནམ།

གཅེར་མཐོང་རིག་པའི་རྒྱུད་དང་ཤེལ་གྱི་མེ་ལོང་ལ་སོགས་པ་བཀའ་དངོས་ཡིན་པ་སྐད་མང་རབ་འདུག་པ་དངོས་བསྟན་ལྟར་ཡིན་ནམ་མིན། གང་ཡིན་ཀྱང་ཤེས་བྱེད་ཚད་དང་ལྡན་པ་ཨེ་ཡོད། རྒྱུ་མཚན་དེ་རྣམས་དང་འདྲ་བར་ཙ་ར་ཀ་ཞེས་པ་ལའང་། དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད་ཅེས་པའི་ཙ་ར་ཀ་དང་། དྲང་སྲོང་བརྒྱད་ཀྱིས་བྱས་པའི་ཙ་ར་ཀ་དང་། ཙ་ར་ཀ་འབུམ་སྡེ་དང་། དྲང་སྲོང་ཙ་ར་ཀས་བྱས་པའི་ཙ་ར་ཀ་སྟེ་དུ་མ་ཞིག་ཡོད་པར་བཤད་པའི་ནང་ནས་གང་ཡིན།

ཕྱི་ནང་དྲང་སྲོང་གིས་མཛད་པའི་བསྟན་བཅོས་ཡིན། ཞེས་པའི་ཚིག་ལ་དཔགས་ན་ཕྱི་རོལ་པའི་བསྟན་བཅོས་སུ་གྱུར་བའི་ཙ་ར་ཀ་ཞིག་ཀྱང་ཡོད་པར་ཁས་ལེན་དགོས་པས་དེ་གང་ཡིན། བྱེ་བྲག་ཏུ་ཡན་ལག་བརྒྱད་པ་རྩ་འགྲེལ་དུ་དྲངས་པའི་ཙ་ར་ཀ་དེ་རང་གང་འདྲ་ཞིག་ཡིན།

དེས་མཚོན་ནས་མདོ་ལྔ་ཞེས་པ་དཔྱད་གཞུང་བཅུ་དང་བཅས་ཏེ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་དོ་ཞེས་ཟེར་ཀྱང་། ངེས་པ་འདྲོངས་པའི་རྒྱུ་མཚན་ཅི་ཡོད། འགྱུར་གང་ཡིན། དཔྱད་གཞུང་བཅུ་པོས་བརྗོད་བྱ་གཙོ་ཆེ་བ་གང་སྟོན། འདི་རྣམས་ཀླུ་སྒྲུབ་ཀྱིས་མཛད་པར་ངེས་པའི་རྟགས་ཅི་འདྲ་མཆིས།

ལར་འཚོ་བྱེད་གཞོན་ནུས་གསོས་ཀྱིས་མཛད་ཟེར་བའི་རྩ་མདོའི་འགྲེལ་པ་ལྟར། གསོ་རིག་གི་ཕྱོགས་འདིར་བཀའ་དང་བསྟན་བཅོས་རྫུན་མ་བསམ་ལས་འདས་པ་ཞིག་འབྱུང་ངོ་ཞེས་མཁས་པ་བོ་དོང་བ་སོགས་མང་པོ་ཞིག་གིས་གསུངས་པས། ཤེས་བྱེད་ལྟར་སྣང་གིས་ནི་གོ་ཅི་ཆོད།

གཞན་ཡང་། གསང་སྔགས་སྔ་འགྱུར་བའི་སྒྲུབ་པ་བཀའ་བརྒྱད་ལས་བདུད་རྩི་ཡོན་ཏན་གྱི་རྒྱུད་མཐའ་དག་སྨན་དཔྱད་ཡིན་ཟེར་བ། དེ་ག་དོན་ལ་གནས་སམ་མི་གནས། གནས་ན་བརྗོད་བྱ་དང་གཞུང་ཚད་སོགས་ཅི་འདྲ་ཡོད། མི་གནས་ན་ནི་བཀའ་བརྒྱད་ཀྱང་ཉམས་པར་འགྱུར་ལ། བདུད་རྩི་བུམ་པ་དང་སྣང་གསལ་ཤེལ་བུམ་སོགས་སློབ་དཔོན་མདྨ་རང་གིས་མཛད་ཟེར་བའང་མང་རབ་ཏུ་འདུག་པ། དེ་ག་དག་ན་ཚིག་སྦྱོར་ཤིན་ཏུ་མི་ལེགས་པས་གནོད་ཅིང་། མི་དག་ན་མང་པོ་ཞིག་ལ་མཚུངས་པས་ཅི་འདྲ། བདུད་རྩི་བུམ་པ་འདི་ལ་སྣོད་རུང་དབང་གི་གྱད་ཅེས་དབང་ཞིག་ཡོད་འདུག་པ་ཐོབ་བམ་མ་ཐོབ། མདོར་ན་རྒྱལ་རིགས་ལ་སོགས་པ་རིགས་བཞི་ག་ལ་གསུངས་པའི་རྒྱུད་ཇི་སྙེད་ཅིག་ཡོད་སྐད་བྱས་འདུག་པ། དེ་ལྟར་མི་བདེན་ན་མིང་ཙམ་བྲིས་པ་ལ་དགོས་པ་མེད་ཅིང་། བདེན་ན་རྒྱུ་མཚན་རྒྱས་པར་འཆད་རྒྱུ་ཨེ་ཡོད། དེ་དག་ཐམས་ཅད་ཀྱི་ཁུངས་དང་རྒྱུ་མཚན་གང་གང་ལ་རྟེན་ཅིང་བཤད་ཅེས་པའོ།།

གཞན་ཡང་། བོད་གངས་ཅན་འདིར་གསོ་བ་རིག་པའི་ཕྱོགས་ལ་མཁས་པ་མི་དགུ་ཞེས་གྲགས་ཆེ་བ་འདུག་པར་འདི་རྣམས་དུས་ནམ་གྱི་ཚེ་བྱུང་། ཡུལ་དང་མིང་རུས་ཅི་སྐད་བྱ། དགུ་ཀ་དུས་མཚུངས་སམ་མི་མཚུངས། རྒྱལ་པོའི་བླ་སྨན་དགུ་ཟེར་བ་དང་གཅིག་གམ་མི་གཅིག འདི་རྣམས་ཀྱི་བླ་མ་སློབ་མའི་མིང་ལ་ཅི་སྐད་བྱ་བ་བྱུང་། གཞུང་ལུགས་གང་འདྲ་མཁས་ཤིང་བསྟན་བཅོས་བརྩམས་པ་ཅི་འདྲ་ཡོད། མཁས་པ་མི་དགུ་ཞེས་པའི་ཐ་སྙད་དེ་རང་གང་ལ་བརྟེན་ནས་བཏགས། ད་ལྟ་དེ་རྣམས་ཀྱི་རྗེས་འཛིན་ཡོད་དམ་མེད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྨན་པ་རྣམས་ལ་བཀའ་ཚིགས་བཅུ་གསུམ་གནང་ཟེར་བ་དེ་བསྟན་པ་སྔ་དར་གྱི་ཡིག་ཆ་ལས་ཟིན་པ་དགོས་པས་གང་འདྲ་མཆིས།

གཞན་ཡང་། སྔོན་བོད་འདིར་ཡན་ལག་བརྒྱད་པ་དང་རྒྱུད་བཞི་པ་ཟེར་བའི་སྲོལ་གཉིས་བྱུང་ཟེར་བ། ཡན་ལག་བརྒྱད་པ་རྩ་འགྲེལ་ནི་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་ནས་དར་བ་མཛད་ན། དེའི་སློབ་མ་སོགས་རྒྱུད་ཚུལ་དང་། རྒྱུད་པ་རྣམས་ཀྱི་རྣམ་ཐར་ཟུར་ཙམ་རེ་དགོས་པས་ཅི་འདྲ་ཡོད། འདི་ལ་རྒྱ་འགྲེལ་རྩོད་མེད་ཟླ་ཟེར་ནི་སྣང་མོད་རང་འགྲེལ་ཡིན་ཟེར་བ་ཞིག་ཡིན་འདུག་པ་རང་འགྲེལ་རང་ཡིན་ངེས་སམ། དེའི་ལེ་མཚམས་རྣམས་སུ། སྨན་པའི་བདག་པོ་སེང་གེ་སྦས་པའི་བུ། །སྨན་པ་ཆེན་པོ་ཕ་གོལ་ཞེས་བྱ་བས། །ཞེས་བྱུང་ན། སེང་གེ་སྦས་པ་དང་དགེ་འདུན་གསང་བ་གཅིག་པའི་ཤེས་བྱེད་ཨེ་ཡོད། དེ་གཉིས་མ་གཏོགས་པའི་རྒྱ་འགྲེལ་འགྱུར་ངེས་པ་ཡོད་དམ་མེད། དེས་མཚོན་ནས་བོད་འགྲེལ་ཡོངས་རྫོགས་བཞིན་ཨེ་འདུག འགྲེལ་པ་དང་བཅས་པའི་ལུང་ཐོབ་བམ་མ་ཐོབ། འཆད་ཐབས་ཡན་ལག་དང་བཅས་པ་ཤེས་སམ་མི་ཤེས། འདིར་རྩ་ཆུའི་བརྟག་ཐབས་དང་། འབྲུམ་བུ་དཀར་ནག་གི་ནད་གསོ་ཐབས་མི་ཡོང་བའི་རྒྱུ་མཚན་ཅི་ཡིན། དུས་ད་ལྟ་ཡན་ལག་བརྒྱད་པ་འདི་ཤེས་ཤིང་ཉམས་སུ་ལེན་པ་འདྲ་ཨེ་མཐོང་ཞེས་བྱའོ།།

དེ་བཞིན་དུ་རྒྱུད་བཞིའི་ཕྱོགས་ལའང་བཀའ་བསྟན་བཅོས་དང་། བཀའ་ལའང་བཀའ་གཏེར་གང་ཡིན། ཞལ་ནས་གསུངས་པ་དང་བྱིན་གྱིས་རླབས་པ་གང་ཡིན། འགྱུར་གང་ཡིན། བསྟན་བཅོས་སུ་འདོད་མཁན་གྱི་གཙོ་བོ་རང་སུ་ཡིན། བསྟན་བཅོས་སུ་འདོད་པ་ལའང་སྔ་ཕྱི་སུས་མཛད། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད། རྒྱུད་ལུགས་ཅི་ལྟ་བུ་དང་འཕྲིན་ལས་ནམ་བྱུང་གི་དུས་ངེས། ཐུན་མོང་དུ་ཚིག་དོན་ལ་མཁས་པ་སུ་ཞིག་དང་འགྲེལ་བ་དུ་ཙམ། མཆན་བུ་སུས་བཏབ། དེ་ལ་ཡིད་ཆེས་པའི་ཤེས་བྱེད། འཆད་ཐབས་སུ་གྱུར་པ་ཆ་ལག་བཅོ་བརྒྱད་དུ་གྲགས་པ་སུས་མཛད། ལྷན་ཅིག་ཏུ་སུས་བསྒྲིགས། བརྒྱུད་པ་སོ་སོའི་ལོ་རྒྱུས་དང་བཅས་པ་ཅི་ལྟ་བུ། འདི་རྣམས་མཐའ་དག་གི་ལུང་རྒྱུན་ཨེ་ཡོད། བྱེ་བྲག་ཏུ་ཁྱེད་རང་ལུགས་གཉིས་པོ་འདི་གང་གང་ལ་མཁས། འཆད་རྩོ་ད་རྩོམ་གསུམ་གང་ལ་བྱེད།

གཞན་ཡང་། དེང་སང་ཀུན་དང་ཐུན་མོང་མིན་པའི་ཉེ་ལམ་སྨན་བླ་བླ་སྒྲུབ་ཏུ་གྲགས་པ་ཞིག་འདུག་པ་འདི་ཐོས་སམ་མ་ཐོས། ཐོས་ན་དེ་གཡུ་ཐོག་པས་མཛད་ཟེར་གྱི་འདུག་པ། གཡུ་ཐོག་ལ་མི་རབས་གྲགས་པ་ཅན་མང་པོ་བྱུང་འདུག་པའི་གང་ཡིན། དེ་ག་རང་ལ་སུས་གནང་། རྒྱུད་སྡེ་གང་ལ་རྟེན། བརྗོད་བྱ་ཅི་ལྟ་བུ་སྟོན། གཞུང་ཚད་གང་ཙམ་ཡོད། ཉམས་ལེན་དང་ཕྲིན་ལས་སྐྱོང་གི་ཨེ་ཡོད། གལ་ཏེ་ཐོས་མ་མྱོང་ན་ངེས་རང་གསོ་རིག་པ་རྣམས་ཀྱིས་སྡེ་སྣོད་དང་། རྒྱུད་སྡེ་སོགས་ནང་དོན་རིག་པ་རྒྱ་ཆེ་བ་རྣམས་ལ་ནི་སློབ་གཉེར་བྱེད་པ་ལྟ་ཅི་སྨོས། མིག་གིས་མཐོང་བ་ཙམ་ཡང་ཉུང་བས། བསྐྱེད་རྫོགས་ཀྱི་ཉམས་ལེན་གནད་དུ་དྲིལ་རྒྱུ་འདི་ག་ཙམ་ཞིག་མེད་ན། ནད་པ་ལ་ཕན་བཏགས་པས་འབྲས་བུ་ལོས་ཆེ་ཡང་མྱུར་དུ་འབྲས་བུ་འབྱིན་མི་ནུས་པས་ཅིས་ཀྱང་གསན་ཏེ་ཉམས་སུ་ལེན་འཚལ།

གཞན་ཡང་། ཡན་ལག་བརྒྱད་པ་དང་རྒྱུད་བཞི་པའི་ཕྱོགས་གཉིས་ཀ་ན་མན་ངག་ཏུ་གྲགས་པ་ཁ་ཚོ་ཅན་མང་པོ་ཡོད་ཟེར་བ་ཅི་འདྲ་གཟིགས། དོན་དང་ལྡན་པ་དུ་ཙམ་མཆིས། ལུང་ཞལ་ཤེས་དང་བཅས་ཏེ་ཐོབ་པ་ཨེ་ཡོད། གཞུང་དང་མན་ངག་ཚིས་གང་ལ་ཆེ། དེང་སང་གི་དུས་ན་པོད་ཆུང་ཟབ་མོར་གྲགས་པ་འགའ་ཞིག་གི་དཔེ་ཆ་བྱུང་ན་དེས་ཆོག་པ་སྐད་བྱས་ནས། སྨན་པ་དང་རྟོགས་ལྡན་དུ་གཏོགས་སོ་ཅོག་ཐམས་ཅད་ཀྱིས་མན་ངག་བཅོས་ཡིན། གཞུང་ལས་འདི་ཟབ། ཕན་ཐོགས་འདི་ཆེ་ཞེས་གཟེངས་གཏོད་སྨྲ། དེའི་མིག་ལྟོས་ཀྱིས་སྡེ་དཔོན་སོགས་སྐྱེ་བོ་མི་ནག་པ་རྣམས་ཀྱིས་ཀྱང་དེ་ལྟར་ཡིད་ཆེས་བྱས་པས་ལུང་ཞལ་ཤེས་ཀྱི་རྒྱུན་ཐམས་ཅད་ཉམས་པ་དེར་འདུག ཁྱེད་ཀྱིས་ཀྱང་མཐའ་དག་གསན་པ་ནི་མེད་གྲང་།

དེས་ན་གཞུང་འགྲེལ་མན་ངག་དང་བཅས་པ་ཐམས་ཅད་ཀྱི་དང་པོ་བྱུང་ཁུངས། བར་དུ་དར་ཚུལ། ཐ་མར་འདི་ལྟ་བུ་ཞེས་དང་། རང་གིས་ཐོས་བསམ་སྒོམ་ཇི་ལྟར་བྱས་ཚུལ་རྣམས་ལ་ཡིད་དང་བའི་སྒོ་ནས་ལེགས་པར་འདྲི་ན། དཔེ་མཁྱུད་དང་ཚམས་སྐྱུར་མ་ཡིན་པའི་ལུང་བསྟན་གསལ་པོར་བསྟན་དུ་གསོལ་ཞེས་འབད་པས་དོན་དུ་གཉེར་བའོ།།

          དེ་ལྟར་ཤར་ཕྱོགས་དྭགས་པོའི་འཚོ་ཐབས་པ། །ཉི་འོག་ཀུན་ཏུ་སློང་བས་རྒྱུ་བའི་ཚེ། །ངོ་མཚར་གཏམ་གྱི་ལེགས་བཤད་འཚོལ་བའི་ཕྱིར། །རགས་པའི་དགོས་གནས་ཅུང་ཟད་དྲིས་པ་ཡིན། །གང་ཡང་རྟ་ཐུལ་གྱིས་ནི་ཚངས་ཆེན་ལ། །འབྱུང་ཆེན་གང་དུ་འགག་ཅེས་དྲིས་པ་བཞིན། །དྲི་བའི་རེ་བ་ཡོངས་སུ་མ་བཀངས་ན། །དམ་པའི་ཀུན་སྤྱོད་ཉམས་པར་འགྱུར་ཏ་རེ། །གངས་ཅན་ལྗོངས་འདིར་གསོ་བ་རིག་པ་ལ། །དམ་པའི་ཆོས་ཀྱི་སྒྲ་དོན་མ་ཞུགས་པས། །དེང་སང་གསོ་དཔྱད་བསྟན་པ་འདི་འདྲ་ན། །མ་ལ་བདུད་ཀྱི་དཔུང་པ་མངོན་པར་མཐོ། །འདི་དོན་ཐུགས་ཀྱིས་མེ་ལོང་གཙང་མ་ལ། །འཕོས་པའི་རི་མོས་མངོན་པར་གསལ་བཏབ་ནས། །བསྟན་པའི་འོ་མཚོ་གོང་དུ་འཕེལ་བའི་སྐབས། །ཟླ་བའི་ཡིད་ཅན་ཁྱོད་ཀྱི་མཛད་ན་ཀོ། །

          ཞེས་ལ་སྟོད་ལྷོའི་སྨན་པ་དཔོན་ཚང་ཕན་དར་བ་ཞེས་སྙན་གྲགས་ཀྱི་དྲིལ་སྒུ་ཕྱོགས་ཀུན་ཏུ་འཕྲོ་བས་ཡིད་དྲངས་ཏེ་ཆེ་ལོང་ཙམ་དྲིས་པ་ཙྰུ་ཏའི་འཁྲི་ཤིང་རབ་ཏུ་རྒྱས་པའི་ནགས་ཀླུང་ལྟ་བུ་འདིའང་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཚོང་འདུས་འགྱུར་མོ་དང་ཉེ་བར་བྲིས་པ་རེ་ཞིག་གོ། །།

 

- འདི་ནི་ཕྱི་ལོ་༡༩༩༧ ལོར་བོད་གཞུང་སྨན་རྩིས་ཁང་གིས་དཔར་བཏབ་པའི་《སྨན་རྩིས་དུས་དེབ་》འདོན་ཐེངས་གསུམ་པ་ནས་ཟུར་འདོན་ཞུས།


མཐའ་མའི་འདོན་ཐེངས་།: 21.09.2015 ཉིན། 2:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།