སྨན་རྩིས་དྲ་བ། - ཆེད་རྩོམ།

ནུས་པ་སྔགས་ཀྱི་གསོ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.11.2014
ཆེད་རྩོམ། >>

 

 


༄༅། །བོད་ཀྱི་གསོ་བ་རིག་པ་ལས་ནུས་པ་སྔགས་ཀྱི་གསོ་ཐབས་སྐོར་གླེང་བ།


- རག་རྡོ་བློ་བཟང་བསྟན་འཛིན།

 

ནམོ་རཏྣ་ཏྲཡྰཡ།

འཇིག་རྟེན་གྱི་ཁམས་འདིར་འཚོ་ཐབས་ཀྱི་རིག་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལས་ནད་གཞི་གསོ་བའི་གཉེན་པོ་མང་དུ་བཤད་པ་རྣམས་ནི་ཟས་དང་སྤྱོད་ལམ། སྨན་དང་དཔྱད་བཅས་སུ་བསྡུ་ན་ཧྲིལ་གྱིས་འདུ་བ་ནི་ཤེས་ལྡན་ཀུན་གྱི་རྟོགས་སླ་བ་ཡིན། དེ་ལ་ནུས་པ་སྔགས་ཀྱི་སྒོ་ནས་ནད་གཞི་བྱུང་བ་གསོ་བ་དང་། ནད་གཞི་སྔོན་འགོག་བྱེད་པའི་ཐབས་ཚུལ་ཇི་སྙེད་ཅིག་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་བཀའ་གཏེར་དུ་མ་ནས་ལན་གཅིག་མིན་པ་འབྱུང་བ་ནི་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ཁྱད་ཆོས་ཡིན། དེའང་ནད་གཞི་ཕྱོགས་རེ་བ་དང་། ལྟར་སྣང་འཕྲལ་ནད་ལྟ་བུ་གསོ་སླ་བ་འགར་ལུས་ཀྱི་རང་བཞིན་གྱིས་འཚོ་བ་ལ་གསོས་པར་རློམ་པ་ལྟ་བུ་མ་ཡིན་པར། ནད་གཞི་སྣ་ཚོགས་པར་སྔགས་ཀྱི་གསོ་ཐབས་ཀྱི་ཆོ་ག་སྣ་ཚོགས་པ་དང་། ཁྲག་ཤོར་དང་གཟེར་ཐུང་། གག་པ་ལྟ་བུ་གློ་བུར་སྲོག་འཕྲོག་གི་ནད་གཞི་རྣམས་འཕྲལ་དུ་ཞི་ནས་སྲོག་སྐྱོབ་པ་དང་། འབྲས་དང་སྐྲན་སོགས་གསོ་དཀའ་བའི་ནད་གཞི་ཡང་གསོས་པ་དུ་མ་ད་ལྟའང་འབྱུང་བཞིན་པ་ཡིན།


ནུས་པ་སྔགས་ཀྱི་ཁུངས།

སྔགས་གང་ཞིག་ཆོ་ག་བཞིན་བཟླས་ན་ནད་གདོན་ལས་གྲོལ་བ་སོགས་ཀྱི་ཕན་ཡོན་དུ་མ་འབྱུང་བའི་གཟུངས་སྔགས་ཕལ་ཆེ་བ་ནི་སངས་རྒྱས་ཀྱིས་གདུལ་བྱ་རྣམས་ཀྱི་དབང་པོ་དང་འཚམས་པར་ཆོས་འཁོར་དུ་མ་བསྐོར་བའི་ཁྲོད་སྤྱི་དང་། ལྷག་པར་དབང་པོ་ཡང་རབ་མྱུར་དུ་གྲོལ་བའི་ཐབས་སུ་གསུངས་པའི་རྒྱུད་སྡེ་མཐའ་ཡས་པ་ཞིག་ཡོད་པ་རྣམས་ལས་རྣམ་གྲོལ་སྒྲུབ་པའི་གྲོགས་སུ་ཞར་བྱུང་ཐུན་མོང་ཀྱི་ལས་རབ་འབྱམས་སྒྲུབ་ཚུལ་འགའ་ཞིག་འབྱུང་བ་རྣམས་དང་། གཞན་ཡང་ལྷ་དང་དྲང་སྲོང་མི་མ་ཡིན་སོགས་བདེན་ཚིག་གྲུབ་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གཟུངས་སྔགས་ཀྱང་ཆོ་ག་བཞིན་བསྒྲུབས་ན་ནད་ཞི་བ་སོགས་ཀྱི་ཕན་ཡོན་ཆ་མཚུངས་འབྱུང་བ་རྣམས་ནུས་པ་སྔགས་ཀྱིས་ནད་གསོ་བའི་ཁུངས་ཡིན།


དེ་དག་གསོ་ཐབས་སུ་སྤྱོད་ཚུལ།

དེ་ལྟ་བུའི་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་ནུས་པ་ནད་གསོ་བའི་ཆེད་དུ་སྤྱོད་པ་ནི་རང་བཟོ་དང་རྨོངས་ཚོད་མིན་པ་ནི། སྤྱིར་གཟུངས་སྔགས་དེ་དག་གི་ཆོ་ག་བསྟན་པའི་དགོས་པ་ཡང་འགྲོ་བ་ནད་ཀྱི་སྡུག་བསྔལ་ཞི་བའི་ཐབས་ཡིན་ལ། ནད་དང་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་ཐབས་ཤེས་ཡོད་ཚད་སྤྱོད་པ་ནི་འཇིག་རྟེན་སྤྱི་མཚུངས་ཡིན་ཅིང་། ནད་ལས་གྲོལ་བའམ་སྲོག་གི་ཆེད་དུ་རང་གི་དོན་སྣོད་ཀྱི་ཆ་ཤས་ཀྱང་འདོར་ཕོད་པ་ཡིན་ན་ཕན་རླབས་ཆེ་ཞིང་དཀའ་ཚེགས་ཆུང་བའི་གསོ་ཐབས་གཞན་དག་ཀྱང་ཡོད་ན་ཅིའི་ཕྱིར་བསྟེན་པར་མི་བྱེད།


༡ སྲུང་ཐབས།

དེས་ན་བོད་ཀྱི་གསོ་བ་རིག་པའི་གཞུང་རྣམས་ལས་ཐབས་ཚུལ་དེ་དག་སྤྱད་ཡོད་དེ། ཕྱི་རྒྱུད་མཇུག་དོན་ཡོངས་གཏད་ལས། ལན་གཅིག་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །འབྱུང་པོ་རྣམས་ཀྱི་གློ་བུར་ཡེ་འབྲོག་གཏོང་། །མ་མོ་མཁའ་འགྲོས་ནད་ངན་ཡམས་སུ་འདེབས། །མུ་སྟེགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད། །དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས། །ཞེས་སྲུང་ཐབས་གལ་ཆེར་གདམ་པ་དང་། སྤྱི་རུ་སྲུང་བ་སྔགས་དང་རྫས་གཉིས་ཏེ། དང་པོ་རང་ཉིད་མཐུ་སྟོབས་བདག་པོར་བསྐྱེད། ཅེས་ལྷའི་རྣལ་འབྱོར་གྱི་སྒོ་ནས་གཟུངས་སྔགས་བཟླ་ཚུལ་དང་།

བརྒྱ་རྩ་བརྒྱད་ཀྱི་རྒྱུན་གྱི་ཡི་དམ་བྱ། །ཡུལ་ཕྱོགས་ཡོད་ན་སུམ་བརྒྱ་བཟླ་བར་བྱ། །ཞེས་དང་། སུམ་ཡར་བརྒྱ་རྩ་མཆིལ་མ་སྲིན་ལག་གིས། །རྐང་མཐིལ་དྲི་མ་བསྣུར་ལ་སྣ་སྒོར་བྱུགས། །ཞེས་ལག་ལེན་བྱེད་ཚུལ་རྣམས་བསྟན་པ་དང་། ལྟོ་སྟོངས་སེམས་ཞུམ་དུས་སུ་ནད་དྲི་སྲུང་། །འགྲང་ངོམས་སྲུང་བས་དཔའ་བསྐྱེད་དེ་དུས་ལྟ། །ཞེས་དང་། སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། །དམག་གདོང་གཅེར་བུར་རལ་ཁ་འགྱེད་དང་མཚུངས། །ཞེས་སྲུང་བའི་ཐབས་དང་སྲུང་བ་གལ་ཆེ་ཚུལ་སོགས་ཀྱི་ལག་ལེན་བྱ་ཐབས་རྣམས་རྒྱས་པར་བསྟན་པ་དང་། རང་གི་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་སླུས་ན་ང་རང་ཤེས། །ཞེས་མེད་དུ་མི་རུང་བའི་ཆོ་ག་དང་། དམ་ཚིག་རྣམས་ཁྱེད་ཀྱིས་སྲུང་དང་། འདིར་བཤད་པའི་དགོས་པ་རྣམས་འགྲུབ་པའི་ཁག་ཐེགས་རྒྱལ་བ་རང་གིས་མཛད་དོ་ཞེས་ཞལ་བཞེས་མཛད་ཡོད། ནད་རིམས་སྤྱིར་སྲུང་ཚུལ་དང་། སྒོས་ཀྱི་སྲུང་ཐབས་ཀྱི་ཆོ་ག་དུ་མ་ཡང་སྔར་གྱི་མཁས་གྲུབ་དུ་མས་མཛད་པའི་རྒྱུད་ཀྱི་ལས་ཚོགས་རྣམས་ལས་མཐའ་ཡས་པ་ཡོད་དོ།།


༢། ནད་གསོ་ཐབས།

ནད་དང་གདོན་སྲུང་བའི་ཐབས་སུ་གསུངས་པ་བཞིན་ནད་གདོན་གསོ་ཞིང་ཞི་བའི་ཐབས་སུ་ཡང་སྒོ་དུ་མ་ནས་བསྟན་པ་རྣམས་བོད་ཀྱི་གསོ་བ་རིག་པའི་གཞུང་དང་གདམས་ངག་རྣམས་ལས་ལག་ཏུ་ལེན་པའི་ཆོ་ག་དུ་མ་ཞིག་བསྟན་ཡོད་དེ་མན་རྒྱུད་གག་ལྷོག་གསོ་ཐབས་ལས། བཅོས་པའི་ཐབས་ལ་ལྷོག་པ་གག་པ་གཉིས། །ཟས་སྤྱོད་བསད་སྦྱོང་བཞི་ནི་སྤྱི་རུ་སྦྱར། །ཞེས་གསོ་ཐབས་དང་། གསོ་བྱེད་གཉེན་པོ་བཞི་ལས་གསུམ་པ་གསོད་ཐབས་སུ། དེ་ཉིད་ལས། བསད་ཐབས་མཐུན་པ་སྨན་གྱིས་གསོད་པ་དང་། མི་མཐུན་གཉེན་པོས་བསད་པར་བྱ་བ་དང་། །ནུས་པ་སྔགས་ཀྱིས་གསོད་པ་རྣམ་པ་གསུམ། །ཞེས་གཉེན་པོ་རྣམས་ལས་མི་མཐུན་གཉེན་པོས་གསོད་པ་ནི། གསོ་ཐབས་ཀྱི་རྣམ་བཞག་སྤྱི་དང་མི་མཐུན་པ་གཉེན་པོ་ནད་སྟེང་དུ་འཁྲིད་པའི་ཆོ་ག་ནང་ཡན་སྦྱར་ཐབས་བཤད་པ་ཡིན། སྔགས་ཀྱིས་གསོ་ཐབས་ཀྱང་དེ་ཉིད་ལས། སྔགས་ཀྱི་གསོད་ཐབས་རང་ཉིད་བྱ་ཁྱུང་སྒོམ། །ཞེས་བདག་བསྐྱེད་དང་། སྔགས་ཆུ་བླུད་ཅིང་སྐྲངས་ཀྱི་མཐའ་ནས་བརྡེགས། ཞེས་སྔགས་གདབ་ཐབས་དང་། བཟླས་བྱའི་སྔགས་ཀྱི་རྗེས་སུ། སྨྲ་བ་བཅད་དེ་བཟླས་པས་གཉན་རྣམས་ཐུབ། ཅེས་དང་། དེ་བཞིན་མན་རྒྱུད་དུ་དུག་གསོ་ཐབས་ལས། སྤྱི་ལ་དུག་ནད་སྨན་གྱིས་གསོ་བ་དང་། །དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །ཞེས་སྔགས་སྡེ་ཚན་བཅུ་བདུན་མ་བསྟན་ནས། བརྒྱ་འམ་སྟོང་གིས་གཞན་གྱི་དུག་ནད་སེལ། །ཤ་དུག་བཙན་དུག་སྦྱར་དུག་མ་ལུས་འཇོམས། །ཞེས་སོགས་བསྟན་ཅིང་། འདི་དག་མཚོན་པ་ཙམ་སྟེ་ཞིབ་པར་ནི་གསོ་ཐབས་ཀྱི་གཞུང་བདུད་རྩི་བུམ་པ་ཆེ་ཆུང་། བྱེ་བ་རིང་བསྲེལ། མན་ངག་ལྷན་ཐབས་སོགས་ལས་ཤེས་པར་བྱའོ།།


སྣོད་རུང་།

འདིར་བསྟན་གྱི་སྣོད་རུང་ནི། ནུས་པ་སྔགས་ཀྱིས་བཅོས་པ་པོ་དེའི་མཚན་ཉིད་དམ་སྣོད་རུང་བསྟན་པ་ཡིན་ཏེ། དེ་ནི་ལམ་ཐུན་མོང་བས་རྒྱུད་སྦྱོང་བ་སྔོན་དུ་སོང་ཞིང་བླ་མ་དང་ལྷག་པའི་ལྷ་ལ་རྒྱུ་མཚན་ཤེས་པའི་ཡིད་ཆེས་དང་དད་པ་ཅན་གྱིས། མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ལས་དབང་བཞི་རྣམ་པར་དག་པ་སྐུ་བཞིའི་ས་བོན་ཐེབ་ངེས་སུ་ནོད་ཅིང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་གཞི་བཟུང་ནས། ཕྱག་རྡོར་དང་རྟ་མགྲིན་སོགས་ལྷག་པའི་ལྷ་དུ་མའམ་གང་རུང་གི་བསྙེན་པ་རྒྱུད་ལས་བཤད་པ་བཞིན་ཚད་ལྡན་ཁ་སྐོང་དང་བཅས་པ་སྔོན་དུ་སོང་བ་དང་། རྒྱུན་དུ་ལྷག་པའི་ལྷ་དེ་ཉིད་ཡི་དམ་དུ་བཟུང་ནས་བཟླས་བརྗོད་ལ་བརྩོན་ཞིང་། ལས་གང་སྒྲུབ་པའི་སྔགས་ཀྱང་གྲངས་མང་དུ་སོང་བ་ཞིག་གིས་ལས་དེ་དག་སྒྲུབ་དགོས་པ་ལས་འདོད་པས་གདུང་སྟེ་ལན་ལ་རེ་ནས་སྔགས་ཕུ་འདེབས་པ་སོགས་ཀྱི་གཟུགས་བརྙན་བཟུང་བ་དག་ལ་ནི་ནད་གདོན་ཞི་བ་སོགས་ཀྱི་ཕན་ཡོན་ཅི་ཡང་མི་འབྱུང་བ་མ་ཟད། རང་དང་རྩ་ཆེའི་རིག་གཞུང་གཉིས་ཀ་ཆུད་ཟོས་སུ་འགྲོ་བས་གཟུགས་བརྙན་ལ་ཡིད་བརྟན་མི་བཟུང་བར་གཟུགས་ངོ་མ་ལ་འཇུག་པར་རིགས་སོ།།

སྲུང་བ་དང་སྔགས་ཀྱི་རྫས་ལ་ལོངས་སྤྱོད་མཁན་དེའང་རབ་བྱུང་ན་ཡིད་ཆེས་དང་དང་འདོད་ཡོད་ཅིང་། ལས་ཆོག་དེ་དག་བསྟེན་པའི་ཚེ་དམ་སྡོམ་སྲུང་དགོས་རྣམས་ལ་འདོར་ལེན་བྱ་ཤེས་པ་ཞིག་དགོས་པ་ལས། རང་གི་སྲུང་སྡོམ་འདོར་ལེན་དང་ཡིད་ཆེས་མེད་པ་ཞིག་ལ་ཕན་ཐོགས་ཆུང་བ་ནི། རྒྱུད་ལས། རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །ཞེས་གསུངས་པ་བཞིན་འགྱུར་བའང་སྲིད་པ་ཡིན། སྤྱི་ལོ་༢༠༠༡ ལོར་རྒྱ་ནག་ཏུ་ SARS གྱི་ནད་གཞིས་སྐྱེ་བོ་དུ་མ་འཆི་གོད་ཚབས་ཆེན་བྱུང་བར་བོད་དུ་ནད་གཞི་དེ་སླེབ་མེད་ཅིང་། ལྷ་ས་སྨན་རྩིས་ཁང་སོགས་ནས་རིམས་སྲུང་གི་ཕྱེ་རིལ་དུ་མ་བཟོ་འགྲེམ་བྱས་པར་ཕན་ཐོགས་ཆེན་པོ་བྱུང་བར་པེ་ཅིན་ནས་རྫས་སྲུང་ལ་བརྟགས་པས་རྫས་དེའི་ཉེ་སར་ནད་འབུ་དེ་མི་སྡོད་པའང་མཐོང་བ་སོགས་མངོན་སུམ་ལ་སྙོན་ཅི་དགོས།


ལག་ལེན།

དེ་ལྟར་བསྙེན་པའི་སྔགས་ཀྱིས་ས་མྱག་དང་། མར་དང་། ཆུ་སོགས་ལ་བཏབ་ནས་ཁོང་དང་ཕྱི་ནས་བསྟེན་པ་དང་། ནད་དམིགས་ལ་སྔགས་ཕུས་གདབ་པ་སོགས་དང་། སྲུང་བའི་ཆེད་དུ་བསྟེན་ན། ཚུལ་བཞིན་སྦྱོར་བའི་སྨན་རྫས་དང་སྲུང་སྐུད་དང་བདུག་རྫས་སོགས་ལ་སྔགས་ཀྱིས་ངར་བསྐྱེད་དེ་འཆང་བ་དང་བྱུགས་པ་དང་ཁོང་དུ་བསྟེན་པ་སོགས་རང་རང་གི་ཆོ་ག་བཞིན་བྱའོ།།

གཞན་ཡང་བོད་ཀྱི་གསོ་བ་རིག་པའི་ལས་ཆོག་རྣམས་ལས་གསོ་སླ་བ་དག་ལ་ཟས་སྤྱོད་དང་སྨན་གྱིས་གསོ་བ་དང་། གསོ་དཀའ་བ་རྣམས་ལ་འཁྱུད་དཔྱད་དང་རྟེན་འབྲེལ་གྱི་གསོ་ཐབས་དང་སྲུང་ཐབས་དུ་མའི་ལག་ལེན་མཐའ་ཡས་པ་ཡོད་ཅིང་། དེ་གཉིས་ཀས་གསོ་མི་ནུས་པའི་དཀའ་ཚེགས་ཅན་ལ་རྩ་རླུང་འཕྲུལ་འཁོར་གྱི་དམིགས་པ་དང་། རྡོར་བཟླས་སོགས་ཀྱི་སྔགས་དམིགས་བསྟན་པ་རྣམས་ནད་པའི་ཆེད་དུ་མཐའ་དག་ལག་ལེན་དུ་འཁྱེར་ཐུབ་པ་ལ་འཚོ་བྱེད་མཁས་པ་བྱ་བ་ཡིན་ཏེ། བྱང་པ་མིའི་ཉི་མས། གསོ་བ་སླ་ལ་སྨན་སྤྱོད་ཟས་ཀྱིས་གསོ། །དེས་མ་གསོས་ན་བྱ་ལོག་འཁྱུད་དཔྱད་སྔགས།། གཉིས་ཀ་མིན་ལ་འཕྲུལ་འཁོར་སྔགས་དམིགས་བསྟན། །མིང་ལ་དྲང་སྲོང་ཐབས་ཚུལ་དཔག་མེད་ཟེར། །ཞེས་གསུངས་པ་བཞིན་བོད་ཀྱི་གསོ་རིག་ལ་ཐབས་ཚུལ་མཐའ་ཡས་པ་དང་། དེ་དག་ལག་ལེན་དུ་འཁྱེར་བའི་བརྩོན་འགྲུས་དང་ཤེས་རབ་ལྡན་པའི་འཚོ་བྱེད་དམ་ལྷ་རྗེ་མཐའ་ཡས་པ་ཡོད་དོ།།

ཅེས་ནུས་པ་སྔགས་གྱི་གསོ་ཐབས་ཀྱི་ཁོག་ཙམ་བཤད་པ་འདིའང་རྒྱ་གར་གཞུང་ནས་བོད་ཀྱི་གསོ་རིག་ལ་དཔྱོད་པའི་ཆེད་གཙུག་མཁས་པའི་ཚོགས་ཆུང་གི་སྤྱན་སྔར་གསོ་བ་རིག་པའི་ཁྱད་ཆོས་རྣམས་བསྟར་དགོས་ཁེལ་བར། བྱ་མེད་སར་བོང་བུས་ནམ་ཚོད་ཀྱི་དཔེ་བཞིན་མདོ་གསལ་གྱི་ཚུལ་དུ་ཡི་གེར་འདེབས་པ་པོ་ནི་སྡེ་ཀཿཐོག་མཁན་ཆེན་ཚེ་རྣམ་རིན་པོ་ཆེ་སོགས་དམ་པ་དུ་མའི་ཞལ་གྱི་བུམ་པ་ལས་འོང་བའི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་སྐལ་བཟང་ཅན་ཝྰཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་དཔོན་གྱི་མིང་ཙམ་འཛིན་པ་འཚོ་བྱེད་དྷྰིཿམིང་ཅན་གྱིས་བགྱིས་པའི་ཡི་གེ་བ་ནི་སྦྲ་གཉིས་ཟླ་བ་ཚེ་རིང་ངོ་།། །།

མཐའ་མའི་འདོན་ཐེངས་།: 10.11.2014 ཉིན། 10:15 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།