སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དེའུ་དམར་བསྟན་འཛིན་ཕུན་ཚོགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


དེའུ་དམར་བསྟན་འཛིན་ཕུན་ཚོགས།

- བྱམས་པ་འཕྲིན་ལས།

           
  དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ནི། འཁྲུངས་ཡུལ་ཆབ་མདོ་ཀྲོན་ཆུས་གོ་འཇོ་རྫོང་ཡིན་ཅིང་། ཡབ་ཀྱི་མཚན་ལ་རྡོ་རྗེ་བཀྲ་ཤིས་དང་། ཡུམ་ལྷ་དགའ་ཞེས་པ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་(སྤྱི་ལོ་1725)ལོར་འཁྲུངས། རུས་ནི་བི་བྱི་ཡིན་པར་གྲགས།
 

            དེའུ་དམར་ཞེས་པ་ནི་འཁྲུངས་ཡུལ་གོ་འཇོའི་གསེར་དགའ་ཞེས་པའི་གྲོང་ཚོའི་འགྲམ་ལ་རི་དེའུ་དམར་པོ་ཞིག་ཡོད་པའི་ཉེ་ལོགས་སུ་མཚམས་ཁང་བརྒྱབ་ནས་བཞུགས་པས་མཚན་དེ་ལྟར་བྱུང་། རྗེས་སུ་སྨིན་གླིང་གཏེར་ཆེན་གྱི་རྒྱལ་སྲས་ས་ཁུལ་དེར་ཕེབས་ནས་དེའུ་དམར་བཞུགས་ས་མཁོ་ཁྱིམ་དགོན་པ་ཞེས་སུ་མིང་བཏགས་པར་མཛད། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཆུང་དུས་འཇོ་མདའ་རྫོང་གི་ཁོངས་སུ་ཡོད་པའི་རྫི་དཀར་དགོན་པར་ཆོས་ཞུགས་གནང་སྟེ་སྔ་ཕྱིར་སློབ་དཔོན་ཀརྨ་བསྟན་འཕེལ་ཞེས་པ་དང་། ཀུན་དགའ་བསྟན་འཛིན་གཉིས་ཀྱི་དྲུང་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་ཇི་སྙེད་དང་། ལྷག་པར་གསོ་དཔྱད་དང་སྐར་རྕིས་གཉིས་ལ་སྦྱངས་པ་མཐའ་འཁྱོལ་བ་གནང་།
 

            རྗེས་སུ་རྫི་དཀར་དགོན་པའི་སྒྲིགས་ཁྲིམས་དང་མ་མཐུན་པའི་སྐོར་གྱི་བསྙད་འདོགས་སྣ་ཚོགས་རྐྱེན་གྱིས་བསྟན་འཛིན་ཕུན་ཚོགས་མཆོག་དགོན་པ་དེ་དང་ཞལ་བྲལ་དགོས་ཀྱི་གནས་སུ་གྱར་ནས་སྡེ་དགེ་ལྷ་ཐོག་ཁུལ་དུ་ལོ་ཤས་བཞུགས། རྟིང་མར་ལྷ་ཐོག་རྒྱལ་པོ་བློ་གྲོས་ཞེས་པས་ཀྱང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལ་མི་བཟོད་པའི་སྡང་ཟུག་སྤྲད་དེ་ལྷ་ཐོག་ནས་ཡུལ་འབུད་བཏང་ཞིང་། དེའུ་མར་བསྟན་འཛིན་ཕུན་ཚོགས་མཆོག་གིས་བརྩམས་པའི་བསྟན་བཅོས་ཁྱད་དུ་འཕགས་པ་པོད་ཏི་བཞི་བཅུ་ཞེ་གཉིས་ཙམ་ཡོེད་པ་འགའ་ཤས་མེ་ལ་བསྲེགས་པ་དང་། འགའ་ཞིག་ཆུ་ལ་བསྐྱུར་བ་སོགས་བྱ་ངན་མ་རུངས་པ་སྣ་ཚོགས་བྱས་རུང་སྐུ་ཚེ་ལ་བར་ཆད་མ་བྱུང་ཙམ་གྱི་ངང་ནས་ཐོག་མར་ཡན་ནན་ལ་ཕེབས། དེ་ནས་རྒྱ་གར་འཕགས་ཡུལ་དུ་གནས་བསྐོར་གནང་རྗེས་བོད་དུ་ཕེབས་ཏེ་ལྷ་སའི་སེ་ར་དགོན་པ་དང་། བྱང་གི་གནམ་མཚོ་ཁུལ་ལ་ཡང་ལོ་མང་བཞུགས་སྐད་འདུག
 

            དེའི་རིང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ནས་སྐུ་ངལ་དང་བར་ཆད་ལ་ཇི་མི་སྙམ་པར་སྐུ་ཚེ་གཅིག་རིང་བོད་ཀྱི་གསོ་རིག་དང་། ལྷག་པར་སྨན་རིག་ཐད་ལ་བརྕོན་ཞིབ་གནང་བའི་མཛད་རྗེས་དང་གྲུབ་འབྲས་ནི་དུས་ཕྱིས་སུས་ཀྱང་འགྲན་དུ་མེད་པ་ལྟ་བུ་ཞིག་ཡིན། དཔེར་ན་ད་ལྟ་ཡོད་པའི་གསུང་རྩོམ་སྐོར་གྱི་དཀར་ཆག་《ཀ་ལྱེ་མི་ཏྲ་ཤཱ་ས་ཏིའི་རེག་ཟིག་དྲན་པ་གསོ་བ་གསོ་རིག་གི་ཡིག་ཐོ་གསལ་བྱེད་མལླིཀའི་རྒྱུན་ཐག》ཅེས་པར་ཁྱོན་བསྡོམས་ལེ་ཚན་དྲུག་ཅུ་རེ་གསུམ་ཡོད། དེའི་ནང་སྨན་རྫས་སྐོར་ལ་དཀར་ཆག་ཅ་པ་ལ་《རོ་དྲུག་སྨན་གྱི་སྡེབ་སྦྱོར་གསལ་བར་འགྲེམས་པ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང་》ཞེས་པ་དང་། དེ་བཞིན་དཀར་ཆག་ཆ་པ་ལ་《བདུད་རྕི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་》། དཀར་ཆག་ཇ་པ་ལ་《བདུད་ནད་འཇོམས་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་》། དཀར་ཆག་ཉ་པ་ལ་《ཞུ་རྗེས་གསུམ་གྱི་ངོ་སྤྲོད་གསལ་སྟོན་མེ་ལོང་》། དཀར་ཆག་ཏ་པ་ལ་《སྨན་གྱི་རོ་ནུས་ཞུ་རྗེས་སྦྱར་ཐབས་ཀྱི་རྡེལ་འགྲེམས་རྒྱུད་དགོངས་གསལ་སྟོན་》དང་། དེའི་《ཤོག་བཀྲ་རེ་མིག་གསལ་སྣང་》། དཀར་ཆག་ཚ་པ་ལ་《ལག་ལེན་གཅེས་བསྡུས་སྨན་ཀུན་བཅུད་དུ་བསྒྲུབ་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད་》། དཀར་ཆག་ཛ་པ་ལ་《རོ་སྡེབ་སྦྱོར་བ་ཕན་ཡོན་དང་སྦྲགས་མར་ཚིགས་སུ་བཅད་པ་དོན་ཚང་ཚིག་བསྡུས》། དཀར་ཆག་ལྦི་པ་ལ་《སྣ་ཚོགས་ཉེར་ལྔ་བརྒྱ་རྕ་འཆི་མེད་བདུད་རྩིའི་ཤེལ་དཀར་ཕྲེང་བ་བྱ་བ་མཁས་མང་ཡོངས་ཀྱི་མགུལ་རྒྱན》། དཀར་ཆག་ཡི་པ་ལ་《གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་》ལ་སོགས་པ་རྒྱ་ཆེ་ལ་གཏིང་ཟབ་པའི་བསྟན་བཅོས་མང་དག་ཅིག་བརྩམས་པར་མཛད་འདུག
 

            གོང་གསལ་དེ་དག་གི་ནང་ནས་སྨན་རྫས་རིག་པའི་སྐོར་ལ་《དྲི་མེད་ཤེལ་ཕྲེང་》འདི་ཉིད་ཕུལ་དུ་བྱུང་བའི་སྔོ་འབུམ་སྐད་གྲགས་ཅན་དེ་ཡིན་པར་ཀུན་གྱིས་ཁས་བླང་དོན་ཐོག་ཏུ་གསལ་པ་ལ་ཁྱད་ཆོས་མང་པོ་ཡོད་ཀྱང་མདོར་བསྡུས་ན།
 

            གཅིག་སྐྱེ་དངོས་དང་། སྲོག་ཆགས། གཏེར་རྡོའི་སྨན་མཐའ་དག་གི་རོ་ནུས་དང་རང་བཞིན། མངོན་བརྗོད། འཁྲུངས་དཔེ་སོགས་ཞིབ་རྒྱས་སུ་བཀོད་ཡོད་པ་དང་།
 

            གཉིས་གོང་གསལ་སྨན་རིགས་རྣམས་ནས་ཁག་གཅིག་ལ་སྔ་རབས་ཀྱི་མཁས་པ་ཚོའི་བཞེད་པ་མི་འདྲ་བས་ངོས་འཛིན་གཅིག་གྱུར་མེད་པར་སྔར་ཕན་ཡུན་ནན། རྒྱ་གར། ལྷ་ས། གནམ་མཚོ་སོགས་ལ་ཕེབས་དུས་ཁོང་རང་ངོ་མས་འདྲི་བརྕད་དང་། བརྟག་དཔྱད་གནང་བ་རྣམས་ལུང་རིགས་དཔྱད་པ་གསུམ་གྱིས་གཏན་ལ་ཕབ་སྟེ་ཚད་ཐུབ་ཀྱི་ཁུངས་དང་བཅས་པས་གསལ་བཤད་གནང་བ།
 

            གསུམ་སྨན་རྫས་རྣམས་སྡེ་ཚན་བཅུ་གསུམ་དུ་ཕྱེ་ནས་བྱེ་བྲག་ནང་གསེས་ལ་རྩ་བའི་སྨན་རིགས་རྣམ་གྲངས་ཆིག་སྟོང་ཆིག་བརྒྱ་དོན་དྲུག་དང་། ནང་ཚན་རིགས་དབྱེའི་རྣམ་གྲངས་ཉིས་སྟོང་ཉིས་བརྒྱ་གོ་བཞི་ཡོད་པས་སྔོ་འབུམ་ནང་གི་རྒྱས་ཤོས་ཤིག་ཡིན།
 

            བཞི་《དྲི་མེད་ཤེལ་ཕྲེང་》ནང་འཁོད་པའི་སྨན་གྱི་ངོས་འཛིན་དང་རྒྱས་བཤད་འཁྲུངས་དཔེ་སོགས་ལ་བོད་ལྗོངས་ཙམ་མ་ཟད། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། ནང་སོག་བཅས་ཀྱི་སྨན་པ་ཚོས་གཞི་འཛིན་ས་དང་། ཚད་ལྡན་སྔོ་འབུམ་འབའ་ཞིག་ལ་བརྩིས་ནས་བེད་སྤྱོད་བྱེད་པ།
 

            ལྔ་《དྲི་མེད་ཤེལ་ཕྲེང་》འདི་བཞིན་སང་རྗེས་སུ་ཤིང་པར་བརྐོས་པ་དང་། ཡང་ན་སྨན་ངོ་རྐྱང་པའི་འདྲ་ཡིག་རི་མོར་བྲིས་ནས་སློབ་ཁྲིད་དང་། ངོས་འཛིན་བྱེད་བདེ་ཡོང་ཕྱིར་དཔེ་དེབ་པར་དུ་བརྐོས་པ་སོགས་ནས་དེང་སྐབས་ཀན་ལྷོ་བོད་རིགས་ཁུལ་གྱི་ཞཱ་ཧོའོ་རྫོང་བོད་ལུགས་སྨན་ཁང་གིས་ཆེད་མངགས་ལྕགས་པར་དུ་བརྐོས་པའང་ཡོད།
 

            དེ་མིན་ད་དུང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《བཤལ་སྐྱུགས་ཀྱི་ལག་ལེན་ཉི་མའི་སྙིང་པོ་》དང་། 《བཅུད་ལེན་རྒྱས་བཤད་ཟག་མེད་བདེ་སྟེར།》 《གཏར་གའི་གདམས་པ་ཉེས་འཁྲུགས་དྲུངས་འབྱིན།》 《མེ་བཙའི་གདམས་པ་ཤེལ་དཀར་མེ་ལོང་།》 《ལུས་གནད་དང་བྱང་ཁོག་ཡུལ་ཐིག》སོགས་ཡོང་པའི་སྐོར་《མཁྱེན་བརྩེའི་བཀའ་འབུམ་》དཀར་ཆག་ཐ་པའི་ནང་དུ་གསལ་བ་བཅས།
 

            མདོར་ན་དེའུ་དམར་བསྟན་འཛིན་ཕུན་ཚོགས་ནི་བོད་ཀྱི་གསོ་བ་རིག་པའི་ནང་ཚན་སྨན་རྫས་རིག་པའི་སྐོར་ལ་མངའ་བརྙེས་ཤིང་། བྱང་ཆུབ་པ་འདི་འདྲ་ད་ཕན་ལོ་རྒྱུས་ཐོག་མཐོང་དཀོན་པ་ལྟ་བུ་དང་། མེས་རྒྱལ་གྱི་ཀྲུང་དབྱི་སྨན་རྫས་མཁས་ཆེན་ལི་ཧྲི་ཀྲིང་གི་《སྤན་ཚའོ་ཀང་རྨུའུ་》ཞེས་པ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན་པར་རྒྱ་རིགས་མཁས་དབང་ཚོས་གདེང་འཇོག་གནང་མཁན་དངོས་སུ་བྱུང་བ་བཅས། རྗེ་འདིའི་མཁྱེན་རབ་དང་། དགོངས་པའི་རྩལ་ནི་སྤྱིར་བཏང་ལས་ལྷག་པ་ཞིག་དང་། ཤུལ་བཞག་གསུང་རྩོམ་རྣམས་ནི་དེང་དུས་བལྟས་ཀྱང་ཡིད་དབང་མེད་དུ་འཕྲོག་ནུས་པའི་ཁྱད་ཆོས་དམིགས་བསལ་ཅན་ཡོད་པས་དམ་པ་དེའི་གསུང་གི་བདུད་རྩིའི་དགའ་སྟོན་ཟད་མེད་དུ་ལོངས་སྤྱོད་སྐབས་མཛད་རྗེས་བཟང་པོ་རྣམས་ཡིད་ལ་བཅང་བཞིན་རྗེས་དྲན་ཞུ་དགོས་པ་ནི་ཅི་ནས་ཀྱང་གལ་ཆེ་བར་གདའ་འོ།། །།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

 

མཐའ་མའི་འདོན་ཐེངས་།: 06.11.2017 ཉིན། 9:27 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།