སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

དཔོན་ཚང་ཡེ་ཤེས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2017
གསོ་རིག་མཁས་དབང་རིམ་བྱོན། >>

དཔོན་ཚང་ཡེ་ཤེས།

- བྱམས་པ་འཕྲིན་ལས།

 

            དཔོན་ཚང་ཡེ་ཤེས་ནི་འཁྲུངས་ཡུལ་འབྲི་གུང་ཀ་ཚལ་ཡིན་ཅིང་། དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པ་ཞེས་སུ་གྲགས་པ་དེའི་སློབ་མའི་ཐུ་བོ་དེ་ཡིན། དཔོན་ཚང་ཡེ་ཤེས་དགུང་ལོ་ཆུང་ངུའི་དུས་ནས་སྨན་མཆོག་ཨ་རུ་ར་དང་། ལི་ཤི་སོགས་གཟིགས་ན་དངོས་པོ་གཞན་ལས་ཀྱང་དགའ་སྤྲོ་ཆེ་བ་དང་། ཐལ་བ་དཀར་ནག་སོགས་སྨན་གྱི་མཚོན་བྱེད་ཀྱི་ཚུལ་གནང་ནས་མི་ལ་སྟེར་བ་སོགས་བག་ཆགས་བཟང་ཞིང་། སྨན་གྱི་ཚིག་རེ་རེ་གཉིས་རེ་ཙམ་ཐུགས་ལ་ཆུད་པས་སྨན་དཔྱད་སྦྱོང་རྒྱུར་གཞན་དང་མི་འདྲ་བའི་དགའ་ཞེན་ལྷན་སྐྱེས་སུ་ཡོད།
 

            དགུང་ལོ་ཉི་ཤུ་སྐོར་ནས་དཔལ་ལྡན་རྒྱུད་བཞི་ཐུགས་ལ་ཆུད་པར་མ་ཟད། སྨན་དཔྱད་ལ་དོན་གྱིས་བརྟག་ཅིང་ལག་ལེན་དུ་འཁེལ་བ་སོགས་ཀྱིས་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་ཀྱང་དོན་གྱི་སྨན་པ་འཚོ་བྱེད་ཅེས་པའི་མཚན་ཡང་འདོགས་པར་མཛད། ལྷག་ཏུ་གཞུང་དོན་སྐོར་ལ་ལོ་བཅུ་ཕྲག་ཙམ་གྱི་རིང་ལ་སློབ་དཔོན་མཚུངས་མེད་གུ་ཎ་དང་དབྱེར་མ་མཆིས་པ་ཚ་དབང་བརྟན་པའི་ཞབས་སུ་གདམས་ངག་མཐའ་དག་གི་ཞུན་བརྡར་བཅད་ཅིང་བཞུགས་དུས་མན་ངག་གི་སྙིང་པོ་མ་ལུས་པ་དགྱེས་བཞིན་དུ་བསྩལ་བས་ཐུགས་སྲས་དམ་པར་གྱུར། དེ་ལ་བརྟེན་ནས་《གསོ་བའི་གདམས་པ་ཀུན་གྱི་ཡང་སྙིང་བསྡུས་པ་ཕན་བདེའི་ཆར་རྒྱུན་》ཞེས་བྱ་བ། ཉེས་གསུམ་རྐྱང་པ་ལྡན་འདུས་ཀྱི་ནད་གསོ་བའི་སྐབས་དང་པོ་དང་། དབང་པོའི་ནད་བཅོས་པའི་སྐབས་གཉིས་པ། དོན་སྣོད་ཀྱི་ནད་བཅོས་པའི་སྐབས་གསུམ་པ། ཁ་ཐོར་སྣ་ཚོགས་ཀྱི་ནད་བཅོས་པའི་སྐབས་བཞི་པ། རིམས་བཅོས་པའི་སྐབས་ལྔ་པ་བཅས་ཀྱི་དོན་རྫོགས་པར་བསྟན་པ། དེ་བཞིན་གཅེས་བསྡུས་ཀུན་གྱི་སྙིང་པོར་གྱུར་པས་དྲང་སྲོང་སྙན་བརྒྱུད་ཀྱི་གསང་མཛོད་ཡིད་ཆེས་གདེང་དང་ལྡན་པ་དང་། སློབ་དཔོན་གྱི་བཀའ་དྲིན་གཞལ་དུ་མེད་པ་ལས་བྱུང་བའི་སྐོར་ཇི་སྐད་དུ།
 

            འདི་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །དྲང་སྲོང་སྙན་རྒྱུད་མང་པོའི་གསང་མཛོད་འདི། །ཡིད་ཆེས་གདེང་ལྡན་བླ་མ་སློབ་དཔོན་གྱི། །བཀའ་དྲིན་གཞལ་དུ་ནུས་པ་ཅི་ཞིག་མཆིས། །ཞེས་གསུང་པ་དང་། ལྷག་པར་དཀོན་མཆོག་འགྲོ་ཕན་དབང་པོའི་ཞལ་ནས་ཐོས་པའི་མན་ངག་རྣམས་གསལ་བཤད་མཛད་པ་དེ་《ཞལ་ཤེས་སྙིང་གི་ཁུ་བའི་རིམ་པ་ཅན་བདུད་རྩིའི་ཐིགས་པ་》ཞེས་པ་སླར་ཡང་བརྩམས། དེའི་མཇུག་བྱང་དུ་གདམས་ངག་ལྟ་བུར་བཀའ་བསྩལ་བ་ནི། དེ་ཡང་འདིར་སྨྲས་པ། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་མ་དང་གཉིས་སུ་མེད་པ་མཚུངས་མེད་གུ་ཎ་ཉིད་ཀྱི་ཐུགས་རྗེའི་ཆར་རྒྱུན་ལྔ་བདོའི་ལུས་ཅན་ཀུན་ལ་བརླན་པར་མཛད་པའི་སྐྱབས་སུ་གྱུར་པ་དཔལ་ལྡན་རྒྱུད་བཞི་ཉམས་སུ་བསྟར་བ་རྣམས་ཀྱིས་གཞུང་ཚིག་བློར་ཆུད་ངེས་ནས་དགོས་དོན་རྣམས་ཉམས་སུ་ལེན་ཚེ། ཆོས་རྗེ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོའི་ཞལ་ལུང་རྩ་བཤད་ཕྱི་རྒྱུད་རེག་པ་རྩ་དང་། ཆུ་མདོ་ཡན་གྱི་འགྲེལ་བཤད། འཚོ་བྱེད་ཚེ་དབང་རྒྱལ་པོའི་ཕྱི་རྒྱུད་འབྲུ་འགྲེལ་དང་། མན་ངག་རྒྱུད་ལ་འགྲེལ་པ་འདོད་འཇོ་ཞེས་པ་སྣང་ཡང་ལུང་བཤད་རེ་གཉིས་ལས་མཐོང་མ་མྱོང་བས། ཆོས་རྗེ་དཔལ་ལྡན་ངྷརྨ་ཀིརྟིའི་རྒྱུད་ཀྱི་མཆན་བུ་དཀའ་འགྲེལ་གྱི་ཚུལ་དུ་མཛད་པ་འདི་རྣམས་ལ་རང་ཅག་རྣམས་ཀྱི་གཏད་སོ་འདི་ལས་བཟང་བ་ཅི་དགོས་པས། དེ་དག་གི་ཚིག་དོན་ལ་ལེགས་པར་དཔྱད་པས་རྒྱུད་ཀྱི་དགོངས་དོན་དཔང་དུ་བཞག །མན་ངག་ལག་ལེན་གྱི་སྐབས་སུ། ཟུར་མཁར་ཆེན་པོའི་བྱེ་བ་རིང་བསྲེལ། སློབ་དཔོན་ཆེན་པོའི་གཏེར་བྱོན་གཉན་པོ་རྒྱུག་འགྱེལ་ལས། ནག་པོ་སུམ་སྒྲིལ་ལམ། གཉན་པརྤ་ཏའི་བཅོས་རྣམས་དུས་དབང་གིས་ཟབ་པར་མངོན། རྗེ་ཆོས་ཀྱི་གྲགས་པའི་དྲག་སྦྱོར་རིལ་ནག་ཆེན་མོའི་སྦྱོར་བ། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་རིན་ཆེན་བསྲེགས་ཐབས་ཀྱི་ཆ་ལག་ཚང་བ་སོགས་དང་། སློབ་དཔོན་ཚེ་དབང་བརྟན་པའི་གཅེས་བསྡུས་ཕན་བདེའི་སྙིང་པོའི་ལེ་ལག་དང་། ཁོ་བོས་བྱས་པའི་གཅེས་བསྡུས་ཕན་བདེའི་ཆར་རྒྱུན། མ་ཞུ་ལེ་ལག་གི་སྙིང་པོའི་གཏད་སོ་བྱས་ན། སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ལ་མ་ཚང་བ་མེད་པས་སྐྱབས་གནས་དེ་ལས་བཟང་བ་མེད། ཅེས་སློབ་དཔོན་གྱི་གསུང་རྒྱུན་ལྟར་ཁོ་བོས་ཀྱང་རང་ཕྱོགས་ལ་ཁ་ཆེམས་ལྟ་བུ་བཞག་པས་དེ་བཞིན་ལ་བློ་ཕུག་གི་གཏད་སོ་མཛོད་ཅེས་སོ།།
 

            ཡང་གསུངས་དོན། ཁོ་བོ་ནི་ལོ་ཚོགས་ཀྱི་ཁུར་གྱིས་མནན་པས་རིག་པ་སོགས་ཀྱང་ཆེར་ཉམས་ཤིང་། འགྲོ་དོན་སོགས་ཀྱང་འཇུག་པ་དེ་ཙམ་ཞིག་ཡིན།            ན་ཚོད་དར་བབས་ཀྱི་སྐབས། དབུས་གཙང་བོད་འབྲོག་སྐུ་མཐོ་དམན་སོགས་མཐའ་དག་ལ་འཕྲིན་ལས་ཀྱི་འཇུག་པ་མི་ཆུང་བ་ཙམ་དང་། ལྷག་པར་སྐུ་གཉེན་རྣམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་སྨན་ཆས་སོགས་འབད་མེད་ལྷུག་སྩོལ་དུ་བྱུང་བ་བཅས་ཐུན་མོང་ཕོངས་པ་རྣམས་ལ། གཞན་ཕན་གཙོ་བོར་བསྐྱེད་དེ་སྨན་གྱི་སྦྱིན་པ་ཐོབ་ངེས་སུ་བྱས། དེ་ལྟར་འཕྲིན་ལས་ཀྱི་རིག་པ་སློབ་རིགས་རྣམས་ཀྱང་གཞུང་དོན་རས་སུ་མ་བོར་བ་བྱས་ན། མཁས་པའི་གདེང་ཚོད་བཞི་དང་མ་ལྡན་ཀྱང་། ཡོངས་གྲུབ་ཚེའི་ནད་བརྒྱ་རྩ་གཅིག་ལ། གཉེན་པོ་སྟོང་དང་རྩ་གཉིས་སྤྲོད་ཚུལ་མ་ནོར་བ་ཞིག་ཡོང་འདྲ། ཞེས་དང་། དེ་ལྟར་མི་ལྡན་པ་དག་གིས་དང་པོ་གླེགས་བམ་མཐོང་པ་ཙམ་གྱིས་སྐྲག་པ་སྐྱེ། བར་དུ་ཐོས་བསམ་མཐར་མི་སྐྱེལ་ཞིང་སློབ་དཔོན་མཁས་པ་མི་བསྟེན། མཐའ་མ་འགྲོ་དོན་བཀའ་དྲིན་ལ་མི་རེ་བའི་སྐབས་ནའང་། ཉམ་ཐག་ནད་པ་ལའང་འཇུག་པ་དེ་རྒྱུད་ལས། ཅིེར་ཡང་ལོག་པར་རྟོག་པ་ཡི། །གསོ་བ་ལོག་པ་དག་ཏུ་འགྱུར། །བདུད་ཉིད་སྨན་པའི་ཆ་བྱད་ཅན། །གཤིན་རྗེའི་ཞགས་པ་ཐོགས་པས་ན། །སྲོག་གི་གཟུ་བ་ཡིན་པའི་ཕྱིར། །འབྲེལ་བར་མི་བྱ་འཁོར་རྣམས་འཕུང་། །ཞེས་གསུངས་པ་ལྟར། དེ་ལྟ་བུ་འགྲོ་བའི་སྐྱབས་སུ་མི་འགྲོ་བ་རྣམས་ལ་ནི། གདམས་ངག་ཉིང་ཁུ་འདི་རྣམས་ཀྱང་། ཕན་ཐོགས་པ་ཞིག་མི་ཡོང་གསུངས་པ་སོགས་མདོར་ན་ཁོང་གིས་འབྲི་གུང་ཆོས་གྲགས་ནས་བཟུང་འབྲི་ལུགས་ཀྱི་ཕྱག་བཞེས་རྨ་མེད་པ་རྣམས་ཕྱི་རབས་དོན་དུ་བཀའ་ལེགས་པར་བཀྲོལ་བས་འགྲོ་དོན་ནམ་མཁའི་མཐའ་དང་མཉམ་པ་ཞིག་བྱུང་།
 

            སློབ་མའི་ནང་ནས་གྲགས་ཆེ་བ་ནི་སྒར་འོག་པའི་ཀརྨ་བསྟན་འཕེལ་ཞེས་པ་ཡིན་ཅིང་། སྨན་གྱི་བསྟན་བཅོས་མཛད་པའི་སྐོར་གསལ་ཁ་མ་རྙེད། དེའི་སློབ་མ་ཚེ་རིང་དབང་ཞེས་པས་《འབྲི་གུང་གཅེས་བསྡུས་ཀྱི་མན་ངག་བླ་མའི་ཞལ་རྒྱུན་གྱི་ཟིན་བྲིས།》ཞེས་པ་བརྩམས་འདུག མདོར་ན་དཔོན་ཚང་ཡེ་ཤེས་ནི་གསོ་རིག་སྐོར་ལ་མཁས་པའི་སྙན་གྲགས་ཆེ་བ་དང་། མན་ངག་ལག་ལེན་ཕུན་སུམ་ཚོགས་པ་ཐུགས་སུ་ཆུད་སྟབས་སི་ཏུ་པཎ་ཆེན་གྱིས་ཀྱང་སྨན་དཔྱད་གསན་ཚུལ་《ཤེས་བྱ་ཀུན་ཁྱབ་ཀྱི་མཛོད་》ཀྱི་ནང་དུ་གསལ། འོན་ཀྱང་དཔོན་ཚང་ཡེ་ཤེས་ཀྱི་ཡབ་ཡུམ་གྱི་མཚན་དང་། འཁྲུངས་པའི་དུས་ཚོད། སྐུ་ཚེ་ཇི་ཙམ་བཞུགས་པའི་སྐོར་ད་ཕན་དཔྱད་གཞི་མ་རྙེད་པས་སླད་ཕྱིན་ད་དུང་ཁ་སྐོང་ལེགས་བཅོས་ཡོང་བའི་རེ་བ་ཞུ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

 

མཐའ་མའི་འདོན་ཐེངས་།: 20.09.2017 ཉིན། 2:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།