སྨན་རྩིས་དྲ་བ། - ཆེད་རྩོམ།

གསོ་རིག་སེམས་ཁམས་རིག་པའི་འདོད་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.06.2016
ཆེད་རྩོམ། >>

 


༄༅། །བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པའི་འདོད་ཚུལ་མདོར་གླེང་།

- ཆོས་ས་དཔལ་ལྡན་རྒྱ་མཚོ།

 

          བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་ནི་ལོ་ངོ་སྟོང་ཕྲག་གོང་ནས་མདོ་སྔགས་གཉིས་ནས་བཤད་པའི་ལུས་སེམས་གཉིས་བར་གྱི་འབྲེལ་བ་དང་ལྷག་དོན་བོད་ལུགས་གསོ་རིག་ནང་བསྟན་པའི་འབྱུང་བའི་དྭངས་མ་ཁུ་ཁྲག་སེམས་གསུམ་ལྷན་གཅིག་ཏུ་འདུས་ཚུལ་དང་འཕེལ་རིམ། དེ་བཞིན་དབང་རྩ་དང་རླུང་ཁམས་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ཚུལ་དུ་མར་བརྗོད་ཡོད། ནུབ་ཕྱོགས་པས་སེམས་ཁམས་རིག་པ་ཞེས་པའི་ཐ་སྙད་འདི་ནི་ཞི་ལའི་ཡི་གེ་"XVXO"དང་"AOYIA"ཞེས་པ་གཉིས་འདུས་པ་ལས་བྱུང་ཞིང་སྔ་མ་ནི་རྣམ་ཤེས་དང་ཕྱི་མ་ནི་རིག་པ་ཞེས་དང་། དེའི་གོ་དོན་ནི་རྣམ་ཤེས་རིག་པ་ཞེས་འཇར་མན་གྱི་མཚན་ཉིད་རིག་པ་ན་ཀེ་ཁི་ཨེར་ལོར་གྱིས་ཐེངས་དང་པོར་སེམས་ཁམས་རིག་པ་ཞེས་པའི་མིང་འདི་བཀོལ་ནས་དཔྱད་རྩོམ་སྤེལ་བ་ནས་བཟུང་ཐ་སྙད་འདི་བྱུང་། སྤྱི་ལོ་༡༨༧༩ ལོར་འཇར་མན་གྱི་སེམས་ཁམས་རིག་པ་བ་ཧན་ཐིས་འཇར་མན་ལེད་པོ་ཞི་སློབ་གྲྭ་ཆེན་མོར་འཛམ་གླིང་ཐོག་ཐེངས་དང་པོའི་སེམས་ཁམས་ཚོད་ལྟ་ཁང་གསར་འཛུགས་གནང་བ་ནས་བཟུང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་སེམས་ཁམས་རིག་པར་དོ་སྣང་ཆེ་རུང་ཕྱིན་པ་དང་། ལྷག་དོན་དུས་རབས་༢༠-༢༡ པའི་ནང་ཚན་རིག་ཞིབ་འཇུག་པ་མང་པོ་ཞིག་གིས་སེམས་ཁམས་རིག་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།


དང་པོ། བོད་ལུགས་གསོ་རིག་ལས་འདོད་པའི་སེམས་ཁམས་ཀྱི་ངོ་བོ་བཤད་པ།

          འཛམ་གླིང་ཐོག་འཚོ་ཞིང་གནས་པའི་མིའི་རིགས་ལ་རང་སོ་སོའི་ས་ཁུལ་དང་། གོམས་གཤིས། འཚོ་བ། སྤྱོད་ལམ། བལྟ་བ་ལ་སོགས་པའི་ཁམས་དང་མོས་པའི་དབང་གིས་གཤིས་ཀ་སྣ་ཚོགས་ཤིག་གྲུབ་ཡོད་པ་དང་མི་རིགས་དེ་དག་ལ་ལྡན་པའི་སེམས་ཁམས་ཀྱི་ཆོས་ཉིད་ལ་རྩ་བའི་ཆ་ནས་ཁྱད་མེད་ཀྱང་རླུང་སེམས་དེ་ཉིད་འབྱུང་བ་སོ་སོའི་དྭངས་མའི་རྟེན་སྟོབས་ཀྱིས་གཤིས་ཀ་དང་བསམ་བློའི་འཁྱེར་སོ་སོགས་མི་འདྲ་བ་སྣ་ཚོགས་ཤིག་གྲུབ་ཡོད་པས་སེམས་ཁམས་དེ་ལ་ནུས་པ་ཁྱད་པར་ཅན་དང་སེམས་ཁམས་ཀྱི་སྣང་བ་འཆར་ཚུལ་གྱི་རྣམ་གྲངས་མཐའ་ཡས་པ་ཞིག་གྲུབ་ཡོད། རྒྱུད་སྡེ་གོང་འོག་དང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་འདོད་ཚུལ་ལྟར་ན། རང་ཅག་ཚོའི་རྒྱུད་ཀྱི་སེམས་ཁམས་དེ་ལུས་ཀྱི་ཕུང་པོའི་རྫས་ལས་ཐ་དད་དུ་གྲུབ་པ་ཞིག་དང་། དབྱིབས་དང་ཁ་དོག་བོངས་སོགས་མིག་ཤེས་ཀྱི་འཛིན་མཐོང་ཐུབ་པ་ཞིག་མ་ཡིན་ཀྱང་དོན་དུ་ལུས་ཀྱི་ཤིན་ཏུ་ཕྲ་བའི་བ་སྤུའི་སྒོ་རེ་རེ་ལའང་འཇུག འོ་ན་སེམས་ཁམས་ཀྱི་ངོ་བོ་དེ་ཅི་འདྲ་ཞིག་ཡིན་སྙམ་ན། དེ་ནི་ཡང་ཤིང་གཡོ་བའི་ཐོགས་རེག་དང་བྲལ་བའི་གསལ་དྭངས་ཀྱི་ནུས་པ་ཅན་ཞིག་ཡིན་པ་དང་ཡུལ་གྱི་འདྲ་མིན་སྣ་ཚོགས་འཆར་འཛིན་གྱིི་རྣམ་པ་ཅན་ཞིག་ཡིན་པ་དང་། ཤེས་པ་དེ་རང་ཅག་ཚོའི་ལུས་ལ་བརྟེན་པ་ཙམ་མ་ཟད་ལུས་པོའི་རྫས་ལས་ཐ་དད་དུ་གནས་པ་ཞིག་ཡིན་པར་འདོད། འབྱུང་ལྔའི་དྭངས་མའི་རྟེན་ཉེས་པ་གསུམ་དང་ལུས་ཟུངས་བདུན། དྲི་མ་གསུམ་ལས་ཡོངས་སུ་གྲུབ་པའི་ཕུང་པོ་དེར་སེམས་ཁམས་ཀྱི་ནུས་པ་དང་ལྡན་ན་མི་ཞེས་པའི་ཐ་སྙད་དང་ལྡན་པ་མ་ཟད་སྨྲ་ཞིང་དོན་གོ་བའི་ནུས་པ་ཞིག་བྱེད་ནུས། གལ་ཏེ་ཤེས་པའམ་སེམས་ནུས་དེ་དང་ཁ་བྲལ་ན་དེ་ནི་རོ་ཞེས་པའི་ཐ་སྙད་སྤྱོད་ཀྱི་ཡོད། སེམས་ཁམས་ཀྱི་ནུས་པ་དེ་ཡང་རང་གི་རྟེན་གཟུགས་ཕུང་ཞིག་ལ་བརྟེན་ན་གཞི་ནས་དེའི་ནུས་པ་འཁོར་འདས་ཀྱི་རྒྱུ་རླབས་པོ་གང་ཡང་སྒྲུབ་ཐུབ་ཀྱི་ཡོད། ཡང་ཞིང་གཡོ་བའི་ཐོགས་རེག་དང་བྲལ་བའི་སེམས་ཁམས་སམ་གསལ་དྭངས་ཀྱི་ནུས་པ་དེར་སེམས་དང་རྣམ་ཤེས། བློ། ཤེས་པ། དྲན་པ་སོགས་ཐ་སྙད་སྣ་ཚོགས་བཏགས་ཡོད་པ་ལས་སོ་སོའི་མཚན་ཉིད་ཀྱི་ཐོག་ནས་སེམས་ཁམས་ཀྱི་ངོ་བོ་མཚོན་ཐུབ་པ་སྟེ། དཔེར་ན། རང་ཡུལ་གྱི་དོན་གཙོ་བོ་འཛིན་པའམ་ཆོས་སོ་སོར་རྟོགས་པར་བྱེད་པ་རྣམ་ཤེས་སེམས་ཀྱི་མཚན་ཉིད་དང་། རིག་པ་བློ་ཡི་མཚན་ཉིད། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་ལྟ་བུ།


གཉིས་པ། བོད་ལུགས་གསོ་རིག་ལས་འདོད་པའི་སེམས་ཁམས་ཀྱི་བྱུང་ཚུལ་སྐོར་བཤད་པ།

          སྲོལ་རྒྱུན་གྱི་སེམས་ཁམས་རིག་པ་སྨྲ་བ་ཚོས་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་གང་ལས་བྱུང་བའི་སྐོར་ལ་འདོད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བརྗོད་འདུག དཔེར་ན་འགའ་ཞིག་གིས་ལུས་སེམས་ངོ་བོ་གཅིག་པར་འདོད་ནས་ལུས་གྲུབ་པའི་ཐོག་མ་ཉིད་ནི་སེམས་ཁམས་གྲུབ་པའི་ཐོག་མ་ཡིན་པ་དང་། ལུས་འཇིག་འགྲོ་བའི་ཚེ་རྣམ་ཤེས་དེའང་ལྷན་ཅིག་ཏུ་འཇིག་འགྲོ་བར་འདོད། ཡང་ཕྱི་ལུགས་གསོ་རིག་གི་མཁས་པ་འགའ་རེས་སེམས་ཁམས་ཀྱི་ནུས་པ་དེ་ཀླད་པའི་ནུས་པ་ཞིག་ཡིན་པར་འདོད་ཀྱིན་ཡོད། སྟག་ཚང་ལོ་ཙཱ་བས། ཡུལ་ལྔ་ཚོགས་དྲུག་གསལ་བའི་རྟེན། །སྲོག་རྩ་དཀར་པོའི་རྩ་བ་ལྟར། །མི་ཡི་ལུས་སྟོད་ཀླད་ཀྱིས་ཆར། གནས་པའི་ཀླད་པ་ཞེས་སུ་བཤད། །ཅེས་རྣམ་ཤེས་ཚོགས་དྲུག་པོ་དག་འཆར་བར་བྱེད་པའི་གཞིའམ་རྟེན་ཞིག་དགོས་པར་འདོད། སྨན་དཔྱད་ཟླ་བའི་རྒྱལ་པོ་ལས། རྒྱུངས་པ་ཀླད་པ་ལྟ་བུ་སྟེ། །རླུང་དང་ཤེས་པའི་རྩ་ལའོ། །ཞེས་རྩ་རིགས་གསུམ་པོ་ལས་རྩ་དཀར་པོའམ་ཆུ་རྩ་ཞེས་པ་དེ་རླུང་ཤས་ཆེར་རྒྱུ་བས་ན་རླུང་རྩ་ཞེས་པར་འདོད། དེ་ནི་ཤེས་པའི་རྟེན་དུ་གྱུར་པའི་རྩ་ཡང་ཡིན་པས་ན་ཤེས་པའི་རྩ་ཞེས་ཀྱང་བྱ། རྒྱུད་ལས། ཀླད་པ་ནི་རྩ་དཀར་གྱི་རྒྱ་མཚོ་ཆེན་པོ་ཡིན་ཞེས་དང་། པོད་དམར་ལས། ཀླད་པ་རྩ་དཀར་གྱི་མཚོ་ཞེས་དང་། འགྲེལ་ཆེན་དྲི་མེད་ཀུན་གསལ་ལས། དེ་དག་ཐམས་ཅད་རྩ་དཀར་ལས། །རགས་པ་ཀླད་པ་རྒྱུངས་པ་རྒྱུ། །ཕྲ་བ་རྣམས་སུ་རླུང་རྒྱུ་ལ། །ཀུན་ཀྱང་ཀླད་གཞུང་དག་ལས་གྱེས། །ཞེས་བསྟན་པ་དང་། རྒྱུད་ལས། དབང་བོ་ཡུལ་ལ་འཆར་བ་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་བོད་རིགས་ཀྱི་སེམས་ཁམས་རིག་པ་སྨྲ་བ་ཚོས་རང་ཅག་ཚོའི་རྒྱུད་ལ་ལྡན་པའི་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་ལུས་པོའི་རྫས་ལས་ཐ་དད་དུ་ཡོད་པར་ཁས་ལེན་བྱེད།


          དེ་ཡང་བོད་ཀྱི་ནང་རིག་པའི་རྒྱུད་སྡེ་གོང་འོག་དང་། བོད་ཀྱི་གསོ་བ་རིག་པའི་གཞུང་ལྟར་ན། རང་ཅག་ཚོའི་རྒྱུད་ལ་ལྡན་པའི་ངོ་བོ་གསལ་དྭངས་ཀྱི་རིག་པ་དེ་ལུས་པོའི་རྫས་ལས་ཐ་དད་དུ་གྲུབ་པ་ཞིག་ཡིན་པ་དང་། ཤེས་པ་དེ་རང་དང་རིགས་འདྲ་བའི་རྒྱུན་སྔ་མ་ཞིག་ལས་བྱུང་བ་དེ་ལྟར་ན་སྔོན་དུས་ཀྱི་སྲིད་པའི་གནས་དང་བཅས་པའི་གནས་སྐབས་དང་ནུས་པ་དེ་མ་ཡི་མངལ་དུ་ཉིང་མཚམས་སྦྱར་བའི་སྐད་གཅིག་མའི་རྒྱུན་དེ་རྒྱུན་སྔ་མ་འཆི་སྲིད་དང་བཅས་པའི་གནས་སྐབས་ཀྱི་ནུས་པ་བཅས་ནུས་པ་དེས་སྔོན་དུས་ཀྱི་སྲིད་པ་དང་། སྐྱེ་བའི་སྲིད་པ། བར་དོའི་སྲིད་པ། འཆི་བའི་སྲིད་པ་བཅས་སྲིད་པ་བཞི་ལ་འཁོར་ནས་གནས་པ་བཅས་སོ།།


          སེམས་ཁམས་དེ་སྲིད་པ་བཞི་ལ་འཁོར་ཞིང་གནས་པ་ལ་སྲིད་པ་བཞི་ངོས་འཛིན་ཚུལ་རགས་ཙམ་ཞུས་ན།

          1. ཐོག་མ་སྐྱེ་བའི་སྲིད་པ་ནི་དཔེ་ཤིན་ཏུ་གསལ་བ་སློབ་དཔོན་གྱི་རང་འགྲེལ་ལས། དེ་ལ་རྣམ་པར་ཤེས་པ་དབང་པོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན་འདི་ནི་མངོན་སུམ་གྱི་དཔེས་བསྟན་པར་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་གྱིས། །མེ་ཤེལ་དང་ནི་ཕྲད་གྱུར་པའི། །ཤིང་ལས་འདྲ་བ་མི་སྣང་ཏེ། །སེམས་ཅན་མངལ་གནས་དེ་དང་འདྲ། །ཞེས་བྱ་བ་ལ་དཔེར་ན་ཉི་མའི་འོད་ཟེར་དང་འབྲེལ་བའི་མེ་ནི་མེ་ཤེལ་ཞེས་བྱ་བའི་ནོར་བུ་དང་ཕྲད་ཅིང་འོད་དེས་བསྒྲིབས་ན་མེ་ཤེལ་གནས་པའི་ཤིང་ལ་མཆེད་མོད་ཀྱི་དེར་འགྲོ་ཞིང་ཞུགས་པར་མི་སྣང་ངོ་། དེ་བཞིན་དུ་སྲིད་པ་བར་མའི་སེམས་ཅན་མངལ་གྱི་གནས་སུ་མངོན་སུམ་དུ་འགྲོ་བར་མི་སྣང་ཡང་དེར་འཇུག་པ་ཡིན། བར་དོར་གནས་པའི་ངའོ་སྙམ་དུ་འཛིན་ནུས་ཀྱི་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་རླུང་སེམས་རྐྱང་པའི་རྣམ་པར་གནས་པའི་བར་དོའི་གནས་སྐབས་ཤིག་ནས་མའི་མངལ་དུ་ཕ་མའི་ཁུ་ཁྲག་འདུས་པའི་དབུས་སུ་ཐོག་མར་འཕོས་པའི་སྐད་ཅིག་མ་དེ་ནི་སྐྱེ་བའི་སྲིད་པ་ཡིན་པ་དང་། དེ་ཡང་བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། རྒྱུ་ནི་བར་དོའི་རྣམ་ཤེས་ཏེ། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རླུང་གི་ངོ་བོ་གཟུགས་གཞན་མཐོང་། །དོན་ནི་ངེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུ་རྨོངས་འདུ་བྱེད། །ཀུན་གཞིའི་རྣམ་ཤེས་བཀུག་ནས་ནི། །མངལ་འཇུག་བག་ཆགས་རྣམ་པར་སྤྱོད། །བག་ཆགས་ཉིད་ཀྱིས་རྣམ་ཤེས་གཟུང་། །དེ་ཚེ་ཁུ་ཁྲག་ཞུ་ཐིགས་ལས། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞིའི་རྣམ་ཤེས་རྒྱུར་བཅས་པ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཞེས་བར་དོའི་གནས་ལས་སྐྱེ་སྲིད་དུ་འཕོས་པར་བྱེད་པའི་ངའོ་སྙམ་དུ་འཛིན་ནུས་ཀྱི་ནུས་པ་དེ་རགས་པའི་རྣམ་པ་ཞིག་ནས་ཤིན་ཏུ་ཕྲ་བའི་རྣམ་པར་གྱུར་བ་དང་ཆགས་ཅིག་མའི་མངལ་དུ་འཕོས་པའི་སྐད་གཅིག་མ་གཉིས་པ་ནས་རིམ་བཞིན་རགས་པའི་རྣམ་པ་སྐྱེ་འཕེལ་བྱུང་། དེ་ཡང་སྤྱིར་ནི་ཁུ་ཁྲག་སེམས་གསུམ་འབྱུང་བ་ཆེན་པོ་ལྔ་ལས་གྲུབ་ཅིང་། ཁྱད་པར་དུ་རྣམ་ཤེས་ཁོ་ནའི་དབང་གིས་གྲུབ་ལ་རིམ་གྱིས་མའི་ཁ་ཟས་ཀྱི་རོ་དྲུག་དབང་གིས་འབྱུང་བ་ཆེན་པོ་སོ་སོར་འཕེལ། ཆུ་ནི་སེམས་ལས་བྱུང་བ་ན། །རྣམ་པར་ཤེས་པ་ཆུ་ཡི་ཁམས། །གལ་ཏེ་ཆུ་ཉིད་གཞན་དུ་ན། །ཤི་ནས་ཅི་སྟེ་ཆུ་མི་འབྱུང་། །རྣམ་ཤེས་མེ་རུ་བྱུང་བས་ན། །ལུས་ལ་དྲོ་བ་ཉིད་དུ་ངེས། །ཡེ་ཤེས་འཕྲོས་པའི་ལུས་ལ་ནི། །ཅི་སྟེ་དྲོ་བ་ཉིད་མི་སྣང་། །རྣམ་ཤེས་རླུང་གི་ལུས་དག་ལ། །འབྱུང་འཇུག་དབུགས་ནི་དུ་བ་འདྲ། །ཡེ་ཤེས་འཕྲོས་པའི་ལུས་དག་ལ། །དེ་དག་ལ་ཡང་དབུགས་མེད་དོ། །སེམས་ནི་ས་རུ་འབྱུང་བས་ན། །ལྕི་བ་རུ་ནི་སྣང་བ་ཉིད། །ཡེ་ཤེས་འཕྲོས་པའི་ལུས་དག་ནི། །ཆུ་ཡི་སྟེང་དུ་ལྡིང་བའོ། །ལུས་ཀྱི་ཚད་མ་ལྔར་ཆར་ཡང་། །ལྔ་ཆར་གཅིག་གི་ངོ་བོས་བསྟན། །གཅིག་ཏུ་འགྱུར་བ་ཤེས་བྱས་ནས། །རྣལ་འབྱོར་པ་ཡིས་གནས་བལྟའོ།།


          རྣམ་པར་ཤེས་པ་ལས་གྲུབ་པའི་འབྱུང་བ་རྣམས་ནི་ཤིན་ཏུ་ཕྲ་བའི་ཕྱིར་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་ན་འདིར་ལྟར་སྣང་དུ་རུང་བའི་ཁྱད་ཇི་ལྟ་བུ་ཞིག་གོ་སྙམ་ན་རྩ་བའི་རྒྱུད་བརྟག་པ་གཉིས་ལས། རེག་བྱ་སྲ་བའི་བག་ཆགས་ཉིད། །ས་ནི་དེ་ལས་སྐྱེ་བར་འགྱུར། །བྱང་སེམས་ཁུ་བའི་རང་བཞིན་ལས། །ཆུ་ཡི་ཁམས་ནི་འབྱུང་བ་སྟེ། །བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ། །གཡོ་བ་རླུང་དུ་རབ་ཏུ་གྲགས། །བདེ་བ་ནམ་མཁའ་ཉིད་ཀྱི་ཁམས། །ལྔ་པོས་རྣམ་པར་ཤེས་པ་བསྐོར། ཞེས་དང་། མངལ་དུ་གནས་པའི་སེམས་ཅན་རང་གི་སེམས་ལས་མིག་ལ་སོགས་པའི་དབང་པོ་ལྔ་དང་རྣམ་པར་ཤེས་པ་ལྔ་པོ་འབྱུང་ཞིང་སྐྱེ་བ་ཡིན། སའི་རང་བཞིན་གྱི་ཡོན་ཏན་དེ་ལས་དྲིའི་རང་བཞིན་རྣམས་སྐྱེད་པར་བྱེད། ཆུའི་རང་བཞིན་གྱི་ཡོན་ཏན་དེ་ལས་ནི་རོ་དྲུག་གི་རང་བཞིན་ལ་སོགས་པའི་བརླན་ཞིང་གཤེར་བའི་རྣམ་པ་རྣམས་སྐྱེད་པར་བྱེད། མེའི་རང་བཞིན་གྱི་ཡོན་ཏན་དེ་ལས་གཟུགས་ཀྱི་རང་བཞིན་རྣམས་སྐྱེད་པར་བྱེད། རླུང་གི་རང་བཞིན་གྱི་ཡོན་ཏན་དེ་ལས་རེག་བྱའི་རང་བཞིན་རྣམས་སྐྱེད་པར་བྱེད། ནམ་མཁའི་རང་བཞིན་གྱི་ཡོན་ཏན་དེ་ལས་སྒྲའི་རང་བཞིན་རྣམས་འབྱུང་ཞིང་སྐྱེད་པར་འགྱུར་བ་ཡིན།།


          2. སྐྱེ་བའི་སྲིད་པ་གྲུབ་པའི་སྐད་ཅིག་གཉིས་པ་ནས་འཆི་སྲིད་མ་གྲུབ་པར་བརྒྱུད་རིམ་ཧྲིལ་པོ་རྩ་བའི་ཆ་ནས་རྒྱུན་རིང་ཤོས་ཡིན་པ་དང་དེའི་གནས་སྐབས་ཀྱི་སེམས་ཁམས་དེ་སྔོན་དུས་ཀྱི་སྲིད་པ་དང་བཅས་པའི་སེམས་ཁམས་ཡིན་པའམ་སྔོན་དུས་ཀྱི་སྲིད་པའི་གནས་སྐབས་ཀྱི་སེམས་ཁམས་ཡིན། རྒྱུན་དུ་ང་ཚོ་མ་ཡི་མངལ་ལས་ཕྱིར་བཙས་པའི་གནས་སྐབས་དེ་ནས་བཟུང་འཆི་སྲིད་མ་གྲུབ་བར་གྱི་བརྒྱུད་རིམ་རིང་ཐུང་སྣ་ཚོགས་ཡོད་ཆོག་པ་སྟེ་དེ་དག་ཐམས་ཅད་སྔོན་དུས་ཀྱི་སྲིད་པའི་དགེ་སྡིག་བསགས་པས་ལས་དབང་ཁོ་ནའི་དབང་དུ་གསུངས།


          3. འཆི་སྲིད་ནི་སྔོན་དུས་ཀྱི་སྲིད་པར་གནས་པའི་གང་ཟག་དེའི་ཚེའི་འཕེན་པ་ཟད་པའམ་ཕུང་པོ་དེ་མུ་མཐུད་ནས་གསོན་པོར་གནས་ཐུབ་པའི་ནུས་པ་ཟད་ནས་ངའོ་སྙམ་པའི་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་ཕུང་པོ་དེ་དང་ཁ་བྲ་བའི་གནས་སྐབས་དེ་རང་འཆི་སྲིད་ཡིན། དེ་ཡང་རང་ཅག་ཚོའི་ལུས་ལ་གནས་ཤིང་བརྟེན་པའི་ངོ་བོ་གསལ་རིག་གི་ནུས་པ་དེ་དབང་པོའི་ཆ་ཤས་ཁག་གི་ཟུངས་ཟད་ནས་རླུང་ལ་སོགས་པའི་འབྱུང་བ་བཞིའི་ནུས་པ་ཉམས་པའམ་གཅིག་གིས་གཅིག་བསྡུས་པར་བྱས་ནས་སྲོག་འཛིན་གྱི་རླུང་རྐྱང་པའི་རྣམ་པ་ཙམ་དུ་དོད་པ་དང་། སྲོག་འཛིན་ཞེས་པ་ནི་ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་ཡིན་པས་དེ་གཉིས་ཆུ་དང་འོ་མ་ལྟར་འདྲེས་པས་སྒྲ་གཅན་གྱི་རླུང་ལ་ཡང་སྲོག་འཛིན་པའི་ཆ་ནས་སྲོག་རླུང་ཞེས་འབོད་པ་འཐད་ཕྱིར་རོ། །སེམས་ཁམས་ཀྱི་ནུས་པ་དེ་ཡང་ཡིད་ཤེས་རྐྱང་པའི་རྣམ་པ་ཙམ་དུ་དོད་པ་སྟེ་སེམས་ཁམས་ཀྱི་ནུས་པ་དེ་རྟག་ཏུ་རང་གི་གཞོན་པར་གྱུར་བའི་རླུང་གི་ནུས་པ་ཞིག་ལ་བརྟེན་ནས་མཐར་སྲོག་གི་དབང་པོ་འགག་པ་དང་དུས་མཚུངས་སྲོག་འཛིན་གྱི་རླུང་དང་དུས་གཅིག་ཏུ་འགག་ནས་རགས་པའི་རླུང་དེ་ཤིན་ཏུ་ཕྲ་མོའི་རླུང་གི་རྣམ་པར་གྱུར་བ་དང་། རགས་པའི་ཡིད་ཤེས་དེ་ཤིན་ཏུ་ཕྲ་བའི་སེམས་ཀྱི་རྣམ་པར་འགྱུར་བ་དང་། ཤིན་ཏུ་ཕྲ་མོའི་རླུང་སེམས་འགྲུབ་པའི་སྐད་ཅིག་གི་དུས་ཐུང་དེ་རང་འཆི་བའི་སྲིད་པ་ཡིན། ཤིན་ཏུ་ཕྲ་མོའི་རླུང་སེམས་གྲུབ་མ་ཐག་ཏུ་སེམས་ཁམས་ཀྱི་ནུས་པ་དེ་ལུས་ཀྱི་ཕུང་པོ་དང་ཁ་བྲལ་ནས་བར་དོའི་གནས་སྐབས་སུ་འགྲོ་བས་རྣམ་པ་དེ་མངོན་དུ་འགྱུར་རིམ་བཞིན་སེམས་ཁམས་སུ་ཡོད་པའི་དྲན་པའི་འཆར་སྣང་ཐམས་ཅད་མངོན་ཐུབ་པར་སྔོན་གྱི་སྐྱེ་བ་སོགས་བརྗེད་པར་འགྱུར་རོ།།


          4. བར་དོའི་སྲིད་པ་ནི་སྔོན་དུས་ཀྱི་སྲིད་པར་གནས་པའི་གང་ཟག་ཅིག་གི་འཆི་སྲིད་གྲུབ་པའི་སྐད་ཅིག་གཉིས་པ་ནས་ནམ་ཞིག་མ་ཡི་མངལ་ལ་སོགས་པའི་སྐྱེ་གནས་གང་ཡང་རུང་བ་ཞིག་ལ་ཉིང་མཚམས་མ་སྦྱར་བར་རམ་སྐྱེ་བའི་སྲིད་པ་མ་གྲུབ་བར་གྱི་བརྒྱུད་རིམ་ཧྲིལ་པོ་དེ་ཡིན། ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་བར་དོར་གནས་པའི་ཡུན་ཚད་ནི་ཞག་གཅིག་ནས་ཞག་ཞེ་དགུ་བར་གནས་པ་དང་དེ་ནས་སྐྱེ་གནས་གང་ཡང་རུང་བ་ཞིག་ཏུ་ངེས་པར་འགྲོ་བར་འདོད། རྒྱུ་མཚན་དེར་བརྟེན་ནས་མི་ཤི་རྗེས་བདུན་ཚིགས་ཞེ་དགུ་བར་སྐྱོང་བ་ཡིན་ན་རྣམ་ཤེས་དེ་བར་དོར་གནས་ཡོད་པས་མཆོད་འབུལ་སོགས་རྒྱ་ཆེར་ཞུས་ན་ཤི་བོ་དེའི་རྣམ་ཤེས་བདེ་འགྲོ་ཡི་སྐྱེ་གནས་སུ་བགྲོད་ཐུབ་པའི་བཞེད་ཚུལ་དེ་བྱུང་བ་ཡིན། སྐབས་འགར་སེམས་ཁམས་ཀྱི་ནུས་པ་དེར་བེམ་པོའི་རྫས་ལས་གྲུབ་པའི་དབང་པོ་རྡུལ་ཙམ་མི་ལྡན་ཡང་ཤེས་པའི་བདག་ཉིད་ལས་གྲུབ་པའི་ལུས་སོགས་དབང་པོ་ཀུན་གྱི་འདྲ་རྣམ་ཞིག་ཡོད་པའི་རྒྱུ་རྐྱེན་ལ་བརྟེན་ནས་འདོད་པའི་ཡོན་ཏན་ལ་སྤྱོད་ནུས་པའི་འདུ་ཤེས་ཤིག་ལྡན་ཡོད། དཔེར་ན་རྨི་ལམ་ནང་དུ་སྐྱེད་མོས་ཚལ་ལྟ་ན་སྡུག་པ་ཡིད་དུ་འོང་བ། དྲི་ཞིམ་ཞིག་དང་ཕྲད་པའི་ཚེ་ན་མིག་སོགས་དབང་པོ་ཀུན་དང་མི་ལྡན་ཡང་ཡེ་ཤེས་རྐྱང་བའི་བྱེད་ལས་ལ་བརྟེན་ནས་ཤེས་པའི་བདག་ཉིད་ལས་གྲུབ་པའི་དབང་པོའི་འདྲ་རྣམ་དག་གིས་བདེ་སྡུག་དང་དགའ་སྐྱོ་ཡི་སྣང་བ་ཅི་རིག་པ་ཞིག་སྟེར་ནུས། དེ་ཡང་བཤད་མ་ཐག་པའི་ས་བོན་དང་བར་དོའི་རྣམ་པར་ཤེས་པ་ལྷན་ཅིག་ཏུ་མངལ་དུ་ཆགས་པའི་རྟགས་དང་མཚན་མ་གསལ་པོ་ནི་འདི་ལྟ་སྟེ། ཕོ་མོ་གཉིས་འཁྲིག་པ་ལ་ཞུགས་པ་ལས་བྱུང་བའི་ས་བོན་དེ་ཉིད་མངལ་གྱི་ནང་དུ་འཛིན་པ་དང་དེས་རེ་ཞིག་འདོད་པ་ངོམས་ཤིང་ཚིམ་པ་དང་། ལུས་སྙོམ་ཞེས་པ་བརྡ་རྙིང་པ་སྟེ་བྱ་བ་གང་ལ་ཡང་མི་འཕྲོད་པར་སྒྱིད་ལུགས་པའི་དོན་ཡིན་པས་ལུས་སྙོམས་ཞིང་ལྕི་བ་ལྟར་གློ་བུར་དུ་བྱུང་ན་ཐེ་ཚོམ་མེད་པར་མངལ་དུ་བཟུང་བ་ཡིན་ནོ་ཞེས་པའི་དོན་དང་འདི་ལྟར་བར་དོའི་ཕུང་པོ་དེ་མངལ་དུ་འཇུག་པར་འགྱུར་པ་ན་ཐོག་མ་ཁོ་ནར་ཕྱིན་ཅི་ལོག་གི་སེམས་རྣམ་པ་གཉིས་འབྱུང་བར་འགྱུར་རོ།། གཉིས་པོ་གང་ཞེ་ན་འདི་ལྟར་སྟེ། ཕ་མ་གཉིས་ཕྲད་པར་འགྱུར་བའི་ཚེ་གལ་ཏེ་ཕོར་འགྱུར་བ་ཞིག་ཡིན་ན་ནི་མ་ལ་ཆགས་པ་སྐྱེ་ཞིང་ཕ་ལ་ནི་ཞེ་སྡང་བར་འགྱུར་ཏེ་ཕའི་ཁུ་བ་འབྱུང་ན་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་སོ། །གལ་ཏེ་མོར་གྱུར་པ་ཡིན་ན་ནི་ཕ་ལ་ཆགས་པ་སྐྱེ་ཞིང་མ་ལ་ནི་ཞེ་སྡང་བར་འགྱུར་ཏེ། མའི་ཁྲག་བྱུང་ན་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་པ་དང་། ཕོའི་རྣམ་པར་སྣང་ན་རང་དང་རིགས་མཐུན་གྱི་འགྲོ་བ་མོའི་རིགས་ལ་ལྷག་པར་ཆགས་པ་དང་ཕོ་རིགས་ལ་ལྷག་པར་སྡང་བར་འཛིན་པ། ཡིད་ཅན་རང་ཉིད་མོའི་སྣང་བར་སྣང་ན་རང་དང་རིགས་མཐུན་གྱི་འགྲོ་བ་ཕོ་རིགས་ལ་ལྷག་པར་ཆགས་པ་དང་མོ་རིགས་ལ་ལྷག་པར་སྡང་བར་འཛིན་པའི་ཡིད་ཅན་ཞིག་ཡིན་པ་དང་། མ་ཡི་མངལ་དུ་སྐྱེ་སྲིད་གྲུབ་མ་ཐག་པའི་ཤིན་ཏུ་ཕྲ་མོའི་རླུང་སེམས་ཁུ་ཁྲག་འདུས་པའི་གོང་བུ་དེར་སྐྱེ་འཚར་བྱུང་བ་དང་ཆབས་ཅིག་གོང་བུ་དེར་བརྟེན་པའི་སེམས་ཁམས་ཀྱི་ནུས་པ་དེར་སྐྱེ་འཚར་ཡོང་གི་ཡོད་པ་སྟེ་ལུས་པོའི་ཆ་ཤས་ཁག་དང་དབང་པོ་ཁག་རིམ་བཞིན་རྒྱས་པ་དང་དུས་མཚུངས་དེ་དག་ལ་བརྟེན་པའི་རླུང་གི་ནུས་པ་དེ་སྐྱེ་འཚར་ཡོང་གི་ཡོད་པར་འདོད།


          སྤྱིར་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་འདོད་ཚུལ་ལྟར་ན། རང་ཅག་ཚོའི་རྒྱུད་ཀྱི་སེམས་ཁམས་ཀྱི་ནུས་པ་དེ་ལུས་པོའི་རྫས་ལས་ཐ་དད་དུ་གྲུབ་པ་ཞིག་དང་གདོད་མའི་གཤིས་ཅན་གྱི་ཕྲ་མོའི་རླུང་སེམས་ལས་སྐྱེ་འཕེལ་བྱུང་བ་དང་། ཕྲ་མོའི་རླུང་སེམས་དེ་ཡང་སྐྱེ་གནས་གཞན་ཞིག་ལས་བྱུང་བ་ཡིན་ནའང་ལུས་པོའི་རྫས་ལ་བརྟེན་པ་ཞིག་ཡིན་པས་མདོར་ན་ང་ཚོའི་རྒྱུད་ཀྱི་སེམས་ཁམས་དེ་སྐྱེ་སྲིད་གྲུབ་པ་ནས་ལུས་པོའི་འཕེལ་རིམ་ལ་བརྟེན་ནས་རྫོགས་པར་གྲུབ་པ་དང་། ཡང་ལུས་པོ་དེ་ནམ་ཞིག་ཐོག་མར་གྲུབ་པའི་རིམ་པ་དང་མཐུན་པར་ཉམས་ནས་འཆི་སྲིད་གྲུབ་པར་འགྱུར་ལ། འཆི་སྲིད་ནས་བར་དོའི་སྲིད་པ་དང་བར་སྲིད་ནས་སྐྱེ་བའི་སྲིད་པ། སྐྱེ་སྲིད་ནས་སྔོན་དུས་ཀྱི་སྲིད་པ་བཅས་སྲིད་པ་བཞི་ལ་འཁོར་ཞིང་གནས་པ་ཡིན་ནོ།།


གསུམ་པ། བོད་ལུགས་གསོ་རིག་ལས་སེམས་ཁམས་དེ་གང་ལ་བརྟེན་པའི་འདོད་ཚུལ་བཤད་པ།

          བར་དོའི་གནས་ལས་འཕོས་པའི་ཐོག་མའི་རླུང་སེམས་ཕྲ་མོ་དེ་དང་ཐོག་མའི་མངལ་དུ་ཕ་མའི་ཁུ་ཁྲག་འདུས་པའི་དབུས་སུ་བརྟེན་ཅིང་གནས་པ་དང་། ཕ་མའི་ཁུ་ཁྲག་ལས་གྲུབ་པའི་མི་ཞིག་ཐིག་ལེ་ཞེས་པའི་གོང་བུ་ཞིག་གྲུབ་ན་གོང་བུ་དེ་དག་ཡིད་ཅན་དེ་ཚོའི་འདུ་བྱེད་མ་སྟོང་བར་དུ་ཡིད་ཅན་དེའི་སྙིང་ཁའི་དབུས་སུ་གནས་པ་དང་ཐོག་མའི་དུས་ཀྱི་ཤིན་ཏུ་ཕྲ་མོའི་རླུང་སེམས་སམ་མི་ཞིག་པའི་རླུང་སེམས་དེ་མི་ཞིག་པའི་ཐིག་ལེ་དེར་བརྟེན་ཅིང་གནས་པར་འདོད།


          ཐོག་མའི་དུས་ཀྱི་ཕ་མའི་ཁུ་ཁྲག་དེ་ཡང་དུམ་བུ་གསུམ་དུ་གྱེས་ནས་ཕའི་ཁུ་བ་ཤས་ཆེ་བའི་ཆ་ཤས་ཤིག་ཡིད་ཅན་དེའི་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་གནས་པ་དང་། རྒྱུད་ལས། དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ། །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང་། མ་ཡི་ཁྲག་ཤས་ཆེ་བའི་ཆ་ཤས་ཤིག་ཡིད་ཅན་དེའི་ལྟེ་བའི་རྩ་འཁོར་གྱི་དབུས་སུ་བརྟེན་ཅིང་གནས་པར་བྱེད། རྒྱུད་ལས། ལུས་ཀྱི་ཕུང་པོ་ཆགས་པར་བྱེད་པའི་རྩ། །ལྟེ་བ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་གསུངས་ལ་ཁུ་ཁྲག་གཉིས་ཐུན་མོང་དུ་གྲུབ་པའི་གོང་བུ་དེར་མི་ཞིག་པའི་ཐིག་ལེ་ཞེས་པ་ཡིད་ཅན་དེའི་སྙིང་ཁའི་དབུས་སུ་ཆགས་པའི་ཨ་བདྷུ་ཏཱི་ཞེས་པར་བརྟེན་ཅིང་གནས། རྒྱུད་ལས། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང་། སྤྱིར་ན་སྙིང་ཁམས་ནི་ལུས་པོའི་ཟུངས་ཁྲག་འཕེན་གཏོང་བྱེད་མཁན་གྱི་སྙིང་ཁ་དེར་ངོས་འཛིན་བྱ་རྒྱུ་མ་ཡིན་པ་དེ་ནི་ནུ་མ་གཉིས་ཀྱི་དབུས་ཐད་སྒལ་ཚིགས་ལ་ཅུང་ཉེ་བའི་མཚམས་སུ་ཆགས་པའི་དབུ་རྐྱང་རོ་གསུམ་གྱི་རྩ་འཁོར་གྱི་དབུས་ཐད་དུ་ངོས་འཛིན་བྱེད་དགོས་པར་སེམས། རང་ཅག་ཚོའི་རྒྱུད་ལ་མངའ་བའི་སེམས་ཁམས་ཀྱི་ནུས་པ་དེའི་རྩ་བ་ནི་གདོད་མའི་དུས་ནས་ཆགས་པའི་རླུང་སེམས་ཕྲ་མོ་དེ་རང་ཡིན་པ་དང་། མངལ་གནས་ཀྱི་ཡིད་ཅན་དེའི་ལུས་པོའི་ཆ་ཤས་ཁག་དང་དབང་པོའི་ཡན་ལག་ཁག་སྐྱེ་འཕེལ་རྫོགས་པར་བྱུང་བར་བརྟེན་ནས་ལུས་པོའི་ཆ་ཤས་ཁག་སོ་སོར་རྒྱུ་བའི་རླུང་གི་ནུས་པ་དེ་རྫོགས་པ་དང་ཆབས་ཅིག་རླུང་དེ་ལ་བརྟེན་པའི་སེམས་ཀྱི་ནུས་པ་མཐར་ད་ལྟའི་གནས་སྐབས་ཀྱི་ཡང་ཞིང་གཡོ་བའི་གསལ་རིག་གི་ནུས་པ་དེ་གྲུབ་པ་རེད། དེ་ཡང་ཡིད་ཅན་སོ་སོའི་ལུས་ལ་ལྡན་པའི་སེམས་ཀྱི་ནུསཔ་དེ་ཉིད་ཁ་བྲལ་ཐབས་མེད་པར་སེམས་ཀྱི་ནུས་པས་ཁྱབ་པའི་ལུས་པོའི་ཆ་ཤས་ཡིན་ན་རླུང་གི་ནུས་པས་ཁྱབ་པའི་ལུས་པོའི་ཆ་ཤས་ཡིན་པས་ཁྱབ་པ་ལྟ་བུར་མཐོང་སྟེ། ཐོག་མའི་དུས་ནས་ཤིན་ཏུ་ཕྲ་མོའི་རླུང་དང་ཤིན་ཏུ་ཕྲ་མོའི་སེམས་གཉིས་བྲལ་མེད་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་གནས་པ་དང་སེམས་ཀྱི་ནུས་པ་དེ་དུས་དང་རྣམ་པ་ཀུན་དུ་རང་གི་བཞོན་པར་གྱུར་པའི་རླུང་གི་ནུས་པ་ཞིག་ལ་བརྟེན་ཅིང་གནས་ཡོད་པའོ།།


          ངོ་བོ་གསལ་རིག་གི་ནུས་པ་དེ་ཡང་རླུང་གི་ནུས་པ་ཞིག་ལ་བརྟེན་ནས་གནས་པ་དང་། ལུས་པོའི་ཆ་ཤས་ཁག་ལ་ཁྱབ་པའི་རླུང་གི་ནུས་པ་དེ་ཡང་ལུས་པོའི་རྩ་འཁོར་ཁག་ལ་བརྟེན་ཅིང་གནས་ཡོད་པ་སྟེ། ཕ་མའི་ཁུ་ཁྲག་འདུས་པའི་གོང་བུ་ལས་ཐོག་མར་སྙིང་ཁམས་ཀྱི་འཁོར་གྲུབ་པ་དང་འཁོར་དེ་དག་ལས་ཀྱང་ཐོག་མ་གྲུབ་པའི་རྩ་ཆེན་བརྒྱད་ཡོད་པ་སྟེ་དབུ་མ་རྐྱང་མ། རོ་མ་དེ་བཞིན་ཤར་གྱི་སུམ་སྐོར་མ། ལྷོའི་འདོད་མ། བདུད་བྲལ་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མ་བཅས་ཡིན་པ་དང་། རྩ་ཆེན་དེ་དག་ལས་རིམ་བཞིན་ལུས་པོའི་ཆ་ཤས་ཁག་དང་དབང་པོ་ཁག་ལ་ཁྱབ་པའི་རྩ་ཕྲན་རྣམས་རིམ་བཞིན་གྲུབ། རྩ་ཆེན་དེ་དག་ལས་རླུང་སེམས་གཙོ་བོ་རྒྱུ་བའི་རྩ་ཆེན་གསུམ་ཡོད་པ་སྟེ། དབུ་རྐྱང་རོ་གསུམ་དང་། དབུ་རྐྱང་རོ་གསུམ་གྱི་ཡར་སྣེ་ནི་ལུས་པོའི་དབུས་ཐད་ནས་གྱེན་དུ་རྒྱུག་ནས་མིག་གཉིས་ཀྱི་དབུས་ཐད་ལ་རྩ་དབུ་མ་སོང་བ་དང་། གཡས་གཡོན་མིག་འབྲས་ནང་ངམ་རྒྱབ་ཐད་ནས་རོ་རྐྱང་གཉིས་ཡོང་སྟེ། རྩ་དེ་གསུམ་པོའི་ཡར་སྣེ་སྤྱི་བོའི་རྩ་འཁོར་ལ་ཐུག་ཡོད་པ་དང་མར་སྣེ་ནི་སྐྱེས་པར་ནོར་བུའི་རྩེ་དང་བུད་མེད་ལ་པདྨའི་རྩེར་ཟུག་སྟེ་གནས། རྩ་དེ་དག་ལས་ཆ་ཤས་རེ་གྱེས་ཏེ་རྐང་མཐིལ་གཉིས་ལ་ཟུག་ནས་གནས་ཡོད་པ་བཅས་བཞེད་ཚུལ་མང་ཡང་གཙོ་བོའི་དབང་དུ་བྱས། སྙིང་ཁའི་རྩ་ཆེན་ནམ་ཡང་ན་སྲོག་རྩ་ནི་སྒལ་ཚིགས་ནང་ངོས་ནས་སྒལ་ཚིགས་ལ་བརྟེན་ཏེ་ལུས་པོའི་གཞུང་ཐིག་གི་ཚུལ་དུ་གནས་ཡོད་པས་ངོས་འཛིན་སླ། དབུ་རྐྱང་རོ་གསུམ་ཡང་རྩ་ཆེན་དེའི་ཐད་དང་གཡས་གཡོན་དུ་གནས་ཡོད། དེ་གསུམ་ལས་སྤྱི་བོར་རྩ་མདུད་འཁོར་ཞིག་དང་མགྲིན་པར་མདུད་འཁོར་ཞིག་སྙིང་ཁར་མདུད་འཁོར་ཞིག ལྟེ་བར་མདུད་འཁོར་ཞིག་དང་གསང་གནས་སུ་མདུད་འཁོར་ཞིག་བཅས་སུ་གྲུབ་ཡོད་པ་ལ་སྔ་མ་བཞི་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ་ཞེས་སུ་གྲགས། རྩ་འཁོར་དེ་དག་ཁག་སོ་སོར་རྩ་ཆེན་དེ་རྣམས་ཕན་ཚུན་མདུད་འཁྲིལ་གྱི་ཚུལ་དུ་གནས་པ་ཙམ་ལས་མདུད་པ་དངོས་གནས་པ་ཞིག་མ་ཡིན་སེམས། ལུས་པོའི་གྲུབ་ཆའི་ངོས་ལ་བརྟག་ན་རྩ་ཆེན་རྐྱང་མ་དང་རོ་མ་རྣམས་དངོས་སུ་མངོན་གསལ་དུ་ངོས་འཛིན་རྒྱུ་ཡོད་ཀྱང་། དབུ་མ་དེ་ཅུང་ངོས་འཛིན་རྒྱུ་ཡོད། སྔོན་བྱོན་མཁས་དབང་ཚོས་གསུངས་པ་ལྟར་བྱས་ན་གཡས་གཡོན་དུ་ཡོད་པའི་རོ་མ་དང་རྐྱང་མ་གྲུབ་པའི་དབང་གིས་དབུས་སུ་དབུ་མ་རྟེན་འབྲེལ་གྱི་དབང་དུ་གྲུབ་པར་ཡང་བཞེད། རྩ་དབུ་མ་ནི་སྙིང་གི་ཆུ་སྐྱེས་ཀྱི་འདབ་མ་འདྲ་བ་དབུས་སུ་སོན་པ། ཆུ་ཤིང་སྙེ་མའི་མེ་ཏོག་ལྟར་དྭངས་ཤིང་། དཀར་དམར་རྒྱུ་བ་མེད་པས་ན་སྟོང་པ། ཡར་སྣར་ཧཾ་ནི་ཐུར་དུ་འཕྱང་ཞིང་མགོ་འོག་ཏུ་བལྟ་ལ། མར་སྣ་ཨ་ཐུང་ཏིལ་གྱིས་མར་མེ་ལྟ་བུས་བརྒྱན་པ་དེ་འོག་ཏུ་རྩ་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་མཉམ་པར་འབབ་པའི་རྩ་འདི་ལ་ཨ་དྷུ་ཏིར་ཤེས་པར་བྱ་དགོས་ཞེས་གསུངས་ཡང་རྩ་དབུ་མའི་ཁྱད་ཆོས་བཞི་ཡོད་པ་སྟེ། 1.པད་མའི་འདབ་མ་ལྟར་གསལ་བ། 2.ཆུ་ཤིང་སྡོང་པོ་ལྟར་དྲངས་པ། 3.དཀར་དམར་རྒྱུ་བ་མེད་པས་སྟོང་པ། 4.ཤིན་ཏུ་གནས་ཀྱང་དྭངས་པ་བཅས་སོ།།


          ཁག་གཅིག་སྒོམ་པའི་དབུ་མ་དང་གནས་པའི་དབུ་མ་གཉིས་ལས་སྔ་མ་རྣལ་འབྱོར་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་ལ་ཕྱི་མ་སྐྱེས་ནས་མ་ཤི་བར་དུ་ལུས་ཀྱི་དབུས་སུ་གནས་ཤིང་ཤི་དུས་ཡལ་བར་འདོད་པ་དང་། ལ་ལ་གཞུང་པར་འདོད་པ་གཞན་དག་གཞུང་པའི་དབུས་ནས་རྟ་རྔ་ཙམ་ཡོད་པ་དང་དོན་ལ་མེད་པར་འདོད་པ་སོགས་ནི་མི་མཐུན་པས་རང་བཟོ་ཡིན། ཀུན་མཁྱེན་རང་བྱུང་ཞབས་ཀྱི་སྙིང་པོའི་བཞེད་པ་ནི་ལུས་ཀྱི་དབུས་ཀྱི་ཆ་ལ་གནས་ཤིང་བཟུང་བ་དང་འཛིན་པ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ་རྩའི་འཁོར་ལོ་དྲུག་གིས་བརྒྱན་ཞིང་སྤྱི་བོའི་དབུས་ན་ཧཾ་དང་ལྟེ་འོག་གི་རྩ་གསུམ་མདོར་ན་ཨ་ཤད་ཀྱིས་ཀྱང་མཛེས་པ། སྟོད་དུ་ནི་ཚངས་པའི་བུ་ག་དང་ཁྲོ་བོ་རྣམས་ཀྱི་སྤྱན་དབུས་མ་མཚོན་ལ་སྨད་དུ་ནི་སྐྱེས་པའི་རྡོ་རྗེ་ནོར་བུའི་རྩེ་མོ་དང་བུད་མེད་ཀྱི་པད་མའི་ཟེ་འབྲུ་ལ་གནས་སོ་ཞེས་སོགས་གསུངས།


          རང་རྒྱུད་ལ་ཡོད་པའི་ངོ་བོ་གསལ་རིག་གི་ནུས་པ་དེ་རྩ་ཆེན་རོ་རྐྱང་དབུ་གསུམ་ལ་བརྟེན་ནས་གནས་ཚུལ་ནི་རྩ་ཆེན་རོ་མ་དེ་ཉིད་ལུས་པོའི་གཡས་ངོས་སུ་གནས་པ་དང་དེར་བློ་ཁ་ནང་དུ་ཕྱོགས་པའི་ཤེས་པའི་རིགས་དང་ཐབས་ཀྱི་ཆར་གཏོགས་པའི་སྙིང་རྗེ་ཆེན་པོ་དང་ངེས་པར་འབྱུང་བའི་བློ་སོགས་གནས། རྩ་ཆེན་རྐྱང་མ་དེ་ལུས་པོའི་གཞོགས་གཡོན་ངོས་སུ་གནས་པ་དང་དེར་ཕྱི་རོལ་ཡུལ་གྱི་ཆོས་རྣམས་རྟོགས་པའི་བློ་དང་ཤེས་རབ་ཀྱི་ཆར་གཏོགས་པའི་ཤེས་པ་ཁག་རྒྱུ་བ་བྱེད་པའི་རྟེན་དང་ཕྱི་རོལ་གྱི་དོན་ལ་འཇུག་པའི་ཤེས་པའི་རིགས་དག་རྩ་དེ་ལ་བརྟེན་ནས་གནས་པ། རྩ་དབུ་མ་ནི་ལུས་པོའི་དབུས་ཐད་དུ་གནས་པ་དང་དེར་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ཤེས་པ་སྟེ་སྟོང་ཉིད་རྟོགས་པའི་ཤེས་པ་དང་བདེ་སྟོང་ཡེ་ཤེས་ཀྱི་ཤེས་པ་ཁག་སོགས་རྩ་དེར་བརྟེན་ཅིང་གནས་པ་བཅས་སོ།།


          གདོད་མ་ཉིད་ནས་ཡོད་པའི་མི་འཇིག་པའི་རླུང་སེམས་ཕྲ་མོ་གཉིས་ལས་ཤིན་ཏུ་ཕྲ་མོའི་རླུང་དེ་ད་ལྟ་རང་ཅག་ཚོའི་རྒྱུད་ལ་ཡོད་པའི་རྩ་བའི་རླུང་ལྔ་དང་བྱེ་བྲག་གི་རླུང་མཐའ་དག་གི་རྩ་བ་ཡིན་པ་དང་། ལྷན་སྐྱེས་སུ་ཡོད་པའི་རླུང་དེ་ལས་ཐོག་མ་གང་ཟག་དག་གི་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་རགས་པ་དེ་བྱུང་། མཉམ་གནས་ཀྱི་རླུང་རགས་པ་དེ་ལས་གྱེན་རྒྱུའི་རླུང་རགས་པ་དེ་བྱུང་། གྱེན་རྒྱུའི་རླུང་རགས་པ་དེ་ལས་ཁྱབ་བྱེད་ཀྱི་རླུང་རགས་པ་དེ་བྱུང་བ་བཅས་མངལ་དུ་ཆགས་པའི་ཟླ་བ་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་སོ་སོར་གོ་རིམ་བཞིན་སྲོག་འཛིན་དང་ཐུར་སེལ། གྱེན་རྒྱུ། མཉམ་གནས། ཁྱབ་བྱེད་ཀྱི་རླུང་བཅས་སོ་སོར་སྐྱེ་བར་གྱུར། དེ་ནས་རིམ་བཞིན་ཟླ་བ་དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཅས་ཁག་སོ་སོར་རྒྱུ་བའི་རླུང་དང་། རྣམ་པར་རྒྱུ་བའི་རླུང་། ཡང་དག་རྒྱུ་བའི་རླུང་། རབ་ཏུ་རྒྱུ་བའི་རླུང་། ངེས་པར་རྒྱུ་བའི་རླུང་བཅས་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་བཅས་རིམ་བཞིན་གྲུབ་བོ།།


          རླུང་དེ་དག་ལས་སྲོག་འཛིན་རླུང་ནི་སྙིང་ཁར་གནས། གསོ་རིག་གཞུང་ལས་སྤྱི་བོར་གནས་ཞེས་བཞེད་ནས་ལུས་པོའི་ཆ་ཤས་ཁག་ཏུ་ཁྲག་འཕེན་གཏོང་གི་བྱ་བ་བྱས་ནས་གང་ཟག་སོ་སོའི་སྲོག་ཐུབ་པར་བྱེད་པ་དང་། ཐུར་སེལ་རླུང་ནི་ལུས་པོའི་སྨད་ཆ་དང་ཕོ་མོའི་གསང་གནས་སོ་སོར་གནས་ནས་ཁུ་ཁྲག་འཕེན་འཛིན་དང་ཟས་ཀྱི་སྙིགས་རོ་ཐུར་དུ་འཕེན་པའི་བྱ་བ་བྱེད། མཉམ་གནས་རླུང་ནི་ལྟེ་བར་གནས། གསོ་རིག་གཞུང་ལས་ཕོ་བར་གནས་ཞེས་བཞེད། དེ་ཡིས་ཟས་འཇུ་བ་དང་། ལུས་དྲོད་འཕེལ་བར་བྱེད་པ་ཡིན། ཁྱབ་བྱེད་རླུང་ནི་ལུས་པོའི་ཡན་ལག་ཁག་ལ་གནས་ཤིང་། གསོ་རིག་གཞུང་ནས་སྙིང་ལ་གནས་ཞེས་བཞེད། ལུས་པོའི་གཡོ་འགུལ་དང་རྐང་ལག་གི་འགུལ་བསྐྱོད་སོགས་ཀྱི་བྱ་བ་བྱེད། གྱེན་རྒྱུའི་རླུང་ནི་མགྲིན་པར་གནས་པ་དང་གསོ་རིག་གཞུང་ལས་བྲང་ལ་གནས་ཞེས་བཞེད། ཟས་མེད་པ་དང་། ངག་སྨྲ་བ། ལྕེ་གཡོ་འགུལ་ལ་སོགས་པའི་བྱ་བ་བྱེད་དོ།།


          གོང་གསལ་རླུང་ལྔ་པོ་གནས་ཡུལ་ལ་བཞེད་པ་མི་མཐུན་པ་ཅུང་ཡོད་རུང་གཙོ་བོ་ནི་བྱེད་ལས་ལ་དམིགས་ནས་གསུངས་པར་སེམས། དེ་བཞིན་ཡན་ལག་རླུང་ལྔ་ལས།

          1. རྒྱུ་བའི་རླུང་ནི་མིག་གི་དབང་པོར་བརྟེན་ནས་གནས་ཤིང་དེས་མིག་གི་ཤེས་པའི་རྟེན་བྱེད་པ་དང་དེས་མིག་ཤེས་ཀྱི་གཟུགས་སོགས་ཆོས་རྣམས་འཛིན་མཐོང་བྱེད་ཐུབ་པའི་རྟེན་བྱེད་དོ།།

          2. རྣམ་པར་རྒྱུ་བའི་རླུང་ནི་རྣ་བའི་དབང་པོར་བརྟེན་ཤིང་གནས་པ་དང་དེས་རྣ་བའི་ཤེས་པའི་རྟེན་བྱེད་པ་དང་དེས་རྣམ་པར་རྒྱུ་བའི་རླུང་དེ་ལ་བརྟེན་ནས་སྒྲའི་ཕྲ་རགས་ཀྱི་རྣམ་པ་ཁག་ཐོས་པར་བྱེད།

          3. ཡང་དག་རྒྱུ་བའི་རླུང་ནི་སྣ་ཡི་དབང་པོར་བརྟེན་ཤིང་གནས། སྣའི་ཤེས་པ་དེས་ཡང་དག་པར་རྒྱུ་བའི་རླུང་དེ་ལ་བརྟེན་ནས་དྲིའི་རྣམ་པའི་ཕྲ་རགས་རྣམས་རྟོགས་པར་བྱེད།

          4. རབ་ཏུ་རྒྱུ་བའི་རླུང་ནི་ལྕེའི་དབང་པོར་བརྟེན་ཅིང་གནས་པ་དང་ལྕེའི་ཤེས་པ་དེས་རླུང་དེ་ལ་བརྟེན་པའམ་འགྲོགས་ཏེ་རོའི་བྱེ་བྲག་གི་རྣམ་པ་ཁག་རྟོགས་པར་བྱེད།

          5. ངེས་པར་རྒྱུ་བའི་རླུང་ནི་ལུས་ཀྱི་དབང་པོར་བརྟེན་ཅིང་གནས་པ་དང་། ལུས་ཀྱི་ཤེས་པས་རླུང་དེ་ལ་བརྟེན་ནས་རེག་བྱའི་ཕྲ་རགས་ཀྱི་རྣམ་པ་རྣམས་རྟོགས་པར་བྱེད་པ་བཅས་སོ།།

          གཞུང་ཁག་གཞན་དུ་ཀླད་པ་སེམས་ཁམས་ཀྱི་གནས་ཁང་ཡིན་པར་འདོད་པ་དེ་ལའང་དགོས་པ་མེད་པ་ཞིག་མ་ཡིན་ཏེ་ངོ་བོ་གསལ་དྭངས་ཀྱི་ནུས་པའི་སེམས་ཁམས་དེ་རྩ་དབུ་མ་དང་རོ་མ། རྐྱང་མ་བཅས་གསུམ་ལ་བརྟེན་ཅིང་གནས་པ་དང་དབུ་རྐྱང་རོ་གསུམ་ཡང་ཡར་སྣེ་ཀླད་པའི་རྒྱབ་ངོས་བརྒྱུད་སྤྱི་གཙུག་ལ་འབྲེལ་ཡོད་པས་སོ།།


བཞི་པ། སེམས་ཁམས་ཀྱི་ལས་བྱེད་ཚུལ་སྐོར་གྱི་འདོད་ཚུལ།

          སྤྱིར་ན་སེམས་ཁམས་སམ་ཤེས་པའི་གཡོ་འགུལ་དེ་རླུང་གི་གཡོ་འགུལ་དང་ཧ་ཅང་འདྲ་པོ་ཡོད། ཤེས་པའི་བྱེ་བྲག་འགའ་ཞིག་ཕྱི་རོལ་ཡུལ་རྟོགས་པའི་བློ་འགའ་ཡིན་པ་དང་། ཤེས་པའི་བྱེ་བྲག་འགའ་ཞིག་རང་གི་རྟོགས་བྱའི་ཡུལ་ལ་ལོག་པར་ཞུགས་ཀྱང་ཤེས་པའི་བྱེ་བྲག་འགའ་ཞིག་རང་ཡུལ་ལ་ཐེ་ཚོམ་དུ་འཇུག་པ་སྟེ་ཡིན་མིན་དང་ཡོད་མེད་སོགས་མཐའ་གཉིས་སུ་དོགས་པ་སོགས་ཤེས་པའི་རྣམ་གྲངས་མང་དག་ཅིག་ཡོད་པ་རེད། ཕྱི་རོལ་གྱི་ཆོས་བུམ་པ་རྟོགས་པའི་བློ་ཞིག་ཡིན་ན། དང་ཐོག་བུམ་པ་རྟོགས་པའི་མིག་ཤེས་ཤིག་མངོན་དུ་འགྱུར་བ་དང་མིག་ཤེས་དེ་སྐད་ཅིག་གཉིས་པའི་དུས་ནས་བུམ་པ་རྟོགས་པའི་ཡིད་ཤེས་ཤིག་ཀྱང་སྐྱེ་བས་བུམ་པ་རྟོགས་པའི་མིག་ཤེས་དེས་རང་གི་རྩ་བར་གྱུར་པའི་ཡིད་ཤེས་ལ་བུམ་པ་ཆེ་ཆུང་། ཁ་དོག་དབྱིབས་སོགས་ཀྱི་འདྲ་གཟུགས་ཀྱི་གོ་བརྡ་དེ་སྤྲད་རྗེས། ཡིད་ཤེས་དེས་བུམ་པ་དག་རྟོགས་པར་བྱེད་ཀྱི་ཡོད།


          བུམ་པ་རྟོགས་པའི་མིག་ཤེས་ལྟ་བུས་ཐོག་མར་རང་གི་བཞོན་པར་གྱུར་པའི་རླུང་ལ་བརྟེན་ནས་ཕྱི་རོལ་གྱི་ཡུལ་བུམ་པའི་སྟེང་དུ་འཕྲོག་པར་བྱེད་ཀྱི་ཡོད་པ་དང་ཕྱི་རོལ་གྱི་ཡུལ་བུམ་པ་དེས་ཀྱང་དེ་འདྲ་མིག་ཤེས་ལ་བུམ་པའི་འདྲ་རྣམ་ཞིག་འཆར་ཐུབ་པའི་གོ་བརྡ་སྤྲད་ནས་རྐྱེན་གཉིས་འཚོགས་པ་ལས་མིག་ཤེས་ཀྱིས་བུམ་པ་རྟོགས་པར་བྱེད་ཀྱི་ཡོད་པ། མིག་ཤེས་ཀྱིས་བུམ་པ་རྟོགས་པ་ན་ཤེས་པ་དེ་དག་རྒྱུད་ལ་ལྡན་པའི་གང་ཟག་དེར་བུམ་པ་འདིའོ་སྙམ་དུ་འཛིན་པའི་སྣང་བ་ཞིག་འཆར་རྒྱུ་ཡོད། སྐབས་འགར་བུམ་པ་མངོན་དུ་མ་གྱུར་ཡང་འདི་བུམ་པའོ་སྙམ་པའི་སྣང་བ་ཞིག་འཆར་རྒྱུ་ཡོད་པས་དོན་དངོས་ཐོག་མིག་ཤེས་ཀྱིས་བུམ་པ་མཐོང་བ་ན་བུམ་པའི་འདྲ་རྣམ་ཞིག་ཤེས་པའི་སྟེང་དུ་འཆར་གྱི་ཡོད་པ་ལས་བུམ་པའི་གཟུགས་བློ་ཡུལ་དུ་ཡོང་བ་མ་ཡིན་ལ་ཤེས་པ་དག་བུམ་པའི་སྟེང་དུ་ཕར་སོང་བ་ཡང་མ་ཡིན། ཤེས་པའི་སྟེང་ངམ་བློ་ཡུལ་དུ་འཆར་བའི་བུམ་པ་ཡི་འདྲ་རྣམ་དེ་ཤེས་པའི་བདག་ཉིད་ལས་གྲུབ་པ་ཞིག་ཡིན། དེ་བཞིན་དུ། གཟུགས་རྟོགས་པའི་བློ། སྒྲ་རྟོགས་པའི་བློ། དྲི་རྟོགས་པའི་བློ། རོ་རྟོགས་པའི་བློ། རེག་བྱ་རྟོགས་པའི་བློ་སོགས་དེ་དག་ཚང་མས་རང་རང་གི་ཡུལ་རྟོགས་པར་བྱེད་སྐབས་རང་རང་གི་ཡུལ་དེའི་འདྲ་རྣམ་དག་བློ་ཡུལ་དུ་འཆར་བར་བྱེད་ཀྱི་ཡོད། ཡང་ཤེས་པའི་རྣམ་གྲངས་འགའ་ཞིག་གིས་རྟོགས་བྱའི་ཡུལ་ལ་ལོག་པར་ཞུགས་ནས་ཤེས་པའི་རྒྱུད་ལ་ལྡན་པའི་གང་ཟག་རང་ཉིད་བསླུ་བར་བྱེད་ཀྱི་ཡོད། དཔེར་ན། མཁྲིས་ནད་ན་བའི་མིར་དུང་དཀར་སེར་པོར་སྣང་བ་དང་ཐག་པ་སྦྲུལ་དུ་སྣང་བ་སོགས་ལྟ་བུའོ། །དངོས་དོན་དུ་མིའི་རྒྱུད་ལ་ལྡན་པའི་ཤེས་པའམ་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་ནི་བལྟས་ན་མཐོང་རྒྱུ་མེད་པ་དང་བཟུང་ན་འཛིན་རྒྱུ་མེད་པའི་དངོས་པོ་རང་དབང་ཅན་ཞིག་ཡིན་པས། གང་ཟག་རང་ཉིད་ནས་ཚད་འཛིན་བྱེད་ཐབས་བྲལ་བ་ཞིག་རེད།


ལྔ་པ། སེམས་ཁམས་ཀྱི་དབྱེ་བ་སྐོར་གྱི་འདོད་ཚུལ།

          དབྱེ་བར་བྱེད་པའི་གཞི་སེམས་ཁམས་གཅིག་ལ་དབྱེ་བ་འབྱེད་ཚུལ་རྣམ་པ་མང་དག་ཅིག་ཡོད་པ་དཔེར་ན། ཡིད་སོགས་ཤེས་པ་དྲུག་ཏུ་དབྱེ་བ། བློ་རིགས་བདུན་དུ་དབྱེ་བ། རྟོགས་པའི་བློ་དང་རྟོགས་མིན་གྱི་བློ་གཉིས་སུ་དབྱེ་བ། རྟོག་པ་དང་རྟོག་མིན་གྱི་ཤེས་པ་གཉིས་སུ་དབྱེ་བ། ཚད་མ་དང་ཚད་མིན་གྱི་བློ་གཉིས་སུ་དབྱེ་བ། ཡང་སེམས་དང་སེམས་བྱུང་གཉིས་སུ་དབྱེ་བ་སོགས་མཐའ་ལས་འདས། མདོར་ན་དེ་ཡང་མི་ལུས་གྲུབ་ཚུལ་དང་། སེམས་ཁམས་གྲུབ་ཚུལ་གྱི་འབྱུང་རྩ་དང་འབྲེལ་བ་སོགས་སྨྲ་བ་ནི་ཆེས་ལྐོག་གྱུར་གྱི་དཀའ་གནད་ཅིག་ཡིན་མོད། ཚན་རིག་པས་མི་ལུས་ཀྱི་ཕྲ་ཕུང་རིག་པ་དང་། སེམས་ཁམས་རིག་པ་སོགས་མི་ལུས་ཀྱི་དབང་པོ་སོ་སོའི་ལུས་ཁམས་ཀྱི་སྣང་ཚུལ་དང་འབྲེལ་བ། ཕན་ནུས་བཅས་དེང་གི་སྐྱེ་ལུགས་རིག་པས་གསལ་ཞིང་ཞིབ་པའི་སྒོ་ནས་བདེན་དཔང་ཡང་དག་མཛད་ཡོད་པ་ནི་ཀུན་གྱིས་བསྙོན་དུ་མེད་ལ། བོད་ཀྱི་གསོ་བ་རིག་པར་མཚོན་ནའང་ལུས་གྲུབ་ཚུལ་དང་། རྣམ་ཤེས་ཀྱི་རྟེན། བྱེད་ནུས་སོགས་བློ་རིག་གམ་སེམས་ཁམས་རིག་པའི་སྣང་ཚུལ་རྣམས་ཀླད་པའི་བྱེད་ནུས་དང་། ཀླད་པ་སེམས་ཁམས་ཀྱི་དབང་རྟེན་ཡིན་པ་རྒྱུད་འབྲེལ་མན་ངག་དང་བཅས་པ་རྣམས་ལས་མངོན་སུམ་དུ་གསལ་ཡོད་པ་དཔེར་ན། ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ལས། །ཞེས་པ་སོགས་ཀྱིས་ཀླད་པ་སེམས་ཁམས་ཀྱི་དབང་རྟེན་ཡིན་པར་གྲུབ་པ་དང་། དེང་ཚན་རིག་པ་ཚོས་ཀྱང་དེར་འདོད་ཚུལ་ཡོད། དེས་མ་ཚད་སྙིང་ཁམས་ལ་རྟེན་ནས་དྲན་པ་གསལ་ཞིང་རྣམ་ཤེས་ཚོགས་དྲུག་སྐྱེད་པའི་རྩ་ཉི་ཤུ་རྩ་བཞི་ནི་སྙིང་གར་ཡིད་བཟང་མ་ཞེས་རྒྱལ་པོ་ལྟ་བུར་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དང་། ཀུན་གཞི་རྣམ་ཤེས་རྒྱུ་བའི་རྩ། ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ། ཉོན་མོངས་པའི་རྣམ་ཤེས་རྒྱུ་བའི་རྩ་བཅས་ལ་བརྟེན་ནས་དྲན་དབང་གི་ཤེས་རྟོགས་ནུས་པའི་སྣང་ཚུལ་དེ་སྙིང་ལ་འབྲེལ་བ་ཡོད་པ་སྟེ། རྒྱུད་ལས། དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར། །ཞེས་དང་། མན་རྒྱུད་ལས། སྙིང་ནི་རྒྱལ་པོ་ཚེ་སྲོག་སེམས་ཀྱི་རྟེན། །ཞེས་པ་དང་། ཟླ་རྒྱལ་ལས། སྙིང་ལ་ཐམས་ཅད་འདུས་པ་ནི། །ཀུན་གཞི་གནས་ཀྱི་འཁོར་ལོ་ཡིན། །ཞེས་སོགས་གསུངས་སོ།།


          སྤྱིར་དུས་འཁོར་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་དབུ་རྐྱང་རོ་གསུམ་དང་རྩ་འཁོར་གྱི་རྣམ་གཞག་མཛད་པ་དག་ནི་གདུལ་བྱ་ཁྱད་པར་ཅན་རྣམས་ཀྱི་ངོར་ལུས་ཀྱི་གནས་ལུགས་ངེས་དོན་གྱི་དབང་དུ་བྱས་ནས་གསུངས་པ་དང་། གསོ་རིག་སྐབས་སུ་ནད་གསོ་དཔྱད་ལ་དགོངས་ནས་སྐྱེས་བུ་ཐ་མལ་པའི་ལུས་ལ་མངོན་སུམ་དུ་སྣང་བའི་དྲང་དོན་གྱི་སྒོ་ནས་དམིགས་སུ་བཟུང་ཡོད། དེ་ལྟ་བུའི་རྣམ་ཤེས་ཚོགས་བརྒྱད་ཀྱི་དབང་གིས་བདག་འཛིན་གྱི་དྲན་པ་གསལ་བར་བྱེད་པ་སོགས་སེམས་ཁམས་ཀྱི་སྣང་ཚལ་ལ་འབྲེལ་བ་དམ་ཟབ་ཡོད་པ་དེང་གི་ཚན་རིག་མཁས་ཅན་རྣམས་ལ་མཚོན་ན་དོགས་གནད་གསར་པ་ཞིག་ཏུ་གྱུར་ཡོད།


          མདོར་ན་དྲང་དོན་གྱི་ལྟ་བའི་ཐོག་ནས་ཀླད་པ་དང་། ངེས་དོན་གྱི་ལྟ་བའི་ཐོག་ནས་སྙིང་ཁམས་ཏེ་གཉིས་ཀ་སེམས་ཁམས་ཀྱི་རྟེན་དུ་གསུངས་པ་དེ་ནི་ཐུན་མོང་མ་ཡིན་པའི་རང་རེའི་གསོ་རིག་གི་ཁྱད་ཆོས་ལས་ཐོན་པའི་དགོངས་གཞི་ཡིན་སྙམ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་གནས་པའི་ཆེས་ངོ་མཚར་ཆེ་བའི་སེམས་ཁམས་སམ་ངོ་བོ་གསལ་དྭངས་ཀྱི་ནུས་པ་དེ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་དཔོག་དཀའ་བ་ཞིག་ཡིན་པས་ཐམས་ཅད་བརྗོད་དཔོག་པ་མི་སྲིད་ཀྱང་འདིར་དེང་དུས་ཀྱི་ཚན་རིག་པས་སེམས་ཁམས་རིག་པར་ཞིབ་འཇུག་གནང་བའི་འབྲས་བུ་དང་བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པའི་རྣམ་བཤད་ཟུང་འབྲེལ་ཐོག་བོད་ལུགས་ཀྱི་སེམས་ཁམས་སྐོར་གྱི་འདོད་ཚུལ་ཅུང་ཟད་ངོ་སྤྲོད་ཞུས་ཡོད། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བོད་ཀྱི་སེམས་ཁམས་རིག་པའི་སྐོར་ལ་ཞིབ་འཇུག་མང་དག་གནང་ཡོད་ཅིང་། སེམས་ཁམས་རིག་པ་དང་བར་དོའི་རྣམ་བཤད་སོགས་ལ་ཞིབ་འཇུག་གནང་བའི་ལྗགས་རྩོམ་ཇེ་མང་དུ་འགྲོ་མུས་རེད། བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་འདི་ཉིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དག་ལྡན་ཡོད་ལ། དེ་ནི་འཛམ་གླིང་རིག་གནས་ཀྱི་ཤུལ་བཞག་གལ་ཆེ་ཞིག་ཀྱང་རེད། དེའི་ནང་དུ་ཚན་རིག་དང་མཐུན་པའི་ཆ་དང་མི་མཐུན་པའི་ཆ་གང་ཡང་ཡོད་སྲིད་ཀྱང་དེས་འཛམ་གླིང་གི་སེམས་ཁམས་རིག་པར་ཞིབ་འཇུག་བྱ་རྒྱུར་ཐུན་མོང་མ་ཡིན་པའི་དཔྱད་གཞི་མཁོ་འདོན་བྱེད་ངེས་པར་དགོངས་ཏེ་ཁོ་བོས་ཀྱང་དཔྱད་རྩོམ་འདི་བྲིས་ནས་གཙོ་བོ་བོད་ལུགས་གསོ་རིག་གི་སེམས་ཁམས་འདོད་ཚུལ་ངོ་སྤྲོད་ཞུ་ཁུལ་བྱས་ཀྱང་རང་ཉིད་ལ་ཤེས་རིག་ཞན་པས་ནོངས་པ་དང་འཁྲུལ་བ་ཡོད་ངེས་པས་གཟུར་གནས་མཁས་དབང་རྣམ་པས་འཁྲུལ་བཅོས་ཡོང་བ་ཞུ།།


                                            - ཀྲུང་གོའི་བོད་རིག་པ། 2006ལོའི་དེབ་དང་པོ་ནས་ཟུར་འདོན་ཞུས།


མཐའ་མའི་འདོན་ཐེངས་།: 20.06.2016 ཉིན། 2:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།