སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

གཏེར་བདག་གླིང་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>


གཏེར་བདག་གླིང་པ།

- བྱམས་པ་འཕྲིན་ལས།

 

 གཏེར་བདག་གླིང་པའམ་རིག་འཛིན་འགྱུར་མེད་རྡོ་རྗེ་ཞེས་པ་ཡབ་གསང་བདག་འཕྲིན་ལས་ལྷུན་གྲུབ་དང་། ཡུམ་ལྷ་མཛེས་དབྱངས་ཅན་མཚོ་རྒྱལ་གཉིས་ལ་རབ་བྱུང་བཅུ་གཅིག་མེ་ཁྱི་ (སྤྱི་ལོ་ 1646 ) ལོ་ལ་གྲ་ནང་དར་རྒྱས་ཆོས་ལྡིང་དུ་ངོ་མཚར་བའི་རྟགས་རྟེན་བཟང་པོ་དང་བཅས་ཏེ་སྐུ་བལྟམས། ཆུང་དུས་ནས་རིས་མེད་ཀྱི་བཤེས་གཉེན་མཁས་གྲུབ་དམ་པ་བཅུ་ཕྲག་ལྔ་ཙམ་གྱི་ཞབས་ལ་གཏུགས་ནས་གསང་སྔགས་ཕྱི་ནང་གི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ལུང་། མན་ངག་ཟབ་ཁྲིད། གཞན་ཡང་སྐུའི་ཞང་པོ་མཁས་དབང་ལྡུམ་པོ་དོན་གྲུབ་དབང་རྒྱལ་ས་ནས་རིག་གནས་སྐོར་སོགས་གསན་ཏེ་ཤེས་བྱ་མཐའ་དག་ཐུགས་སུ་ཆུད་པས་གོང་ས་ལྔ་པ་ཆེན་པོ་དང་། གཏེར་བདག་གླིང་པ་གཉིས་དགོངས་བཞེད་ཕྱོགས་གཅིག་ཏུ་བབས་ཤིང་། ལྔ་པ་ཆེན་པོས་མཐུན་རྐྱེན་མ་ཚང་བ་རྣམས་ལེགས་པར་བསྩལ་བ་ལ་བརྟེན་ནས་ལྕགས་ཁྱི་ལོར་དགོན་པ་གསར་ཏུ་བཏབ་སྟེ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོ་ཞེས་མཚན་དུ་གསོལ། དེ་ནས་གསང་སྔགས་ཕོ་བྲང་དང་། ཆོས་འཁོར་ལྷུན་པོ། བདུད་འདུལ་མཆོད་རྟེན་དང་བཅས་གཙུག་ལག་ཁང་འཁོར་ས་ལེ་ལག་དང་བཅས་པ་བསྒྲུབས་ཏེ་སྔ་འགྱུར་གྱི་དགོན་སྡེ་ཆེན་པོ་ཞིག་ཏུ་གྱུར། དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་ཀྱང་ཟུར་ལུགས་ཀྱི་ལུང་རྒྱུན་ཨོ་རྒྱན་གཏེར་བདག་གླིང་པའི་དྲུང་ནས་བཞེས་པའི་སྐོར་རྒྱལ་བ་ལྔ་པའི་གསེར་གདུང་དཀར་ཆག་ནང་དུ་གསལ།           དེ་ལྟར་གཏེར་བདག་གླིང་པའི་གཅུང་རྒྱལ་སྲས་བསྟན་པའི་ཉི་མ་དང་། གཅུང་ལོ་ཆེན་ཆོས་དཔལ་རྒྱ་མཚོ། གཅུང་ཕྱག་མཛོད་ཨུ་པ་ལ་སོགས་གསོ་བ་རིག་པ་དང་། སྒྲ་རིག་པ། སྐར་རྩིས་རིག་པ། འབྱུང་རྩིས་སོགས་ཤེས་བྱ་རིག་གནས་ཀུན་ལ་གངས་ཅན་ལྗོངས་སུ་མཁས་པའི་མཚན་སྙན་ཕུལ་དུ་ཕྱིན་པ་བྱུང་། ལྷག་ཏུ་གོང་ས་ལྔ་པ་ཆེན་པོའི་དུས་ནས་བཟུང་། རིག་གནས་ཆེ་ཆུང་དང་། ལཉྫ། ཝརྟུ་སོགས་ཡིག་རིགས་ཀྱི་ཚད་མར་འཛིན་པའི་དགེ་རྒན་བློ་གསལ་རྒྱ་མཚོ་ཞེས་པ་རྩེ་པོ་ཏཱ་ལར་རྒྱུན་བཞུགས་ཀྱིས་སློབ་ཁྲིད་མཛད་སྲོལ་ཆགས་པའི་ཁར། སྨིན་གྲོལ་གླིང་དུའང་སློབ་ཁང་པདྨ་བཀོད་ཅེས་པ་གསར་འཛུགས་ཀྱིས་སྐབས་དེར་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་བྱེད་མཁན་མང་དག་ཅིག་བྱུང་། དེའི་ནང་ནས་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་དང་། རྡོ་རིང་གུང་པཎྜིཏ་ཞེས་པ་གཉིས་སློབ་ཁང་པདྨ་བཀོད་དུ་སློབ་གཉེར་གནང་མྱོང་བས་སྔར་ནས་བཟུང་ཨོ་རྒྱན་སྨིན་གྲོལ་གླིང་གི་རིག་གནས་འཁྲིད་རྒྱུན་རྣམས་ཧ་ཅང་ཁུངས་དག་ཅིང་སྐད་གྲགས་ཡོད་པའི་མཁས་དབང་དུ་མ་བྱོན་པར་གྲགས། དེ་ལྟར་གཏེར་ཆེན་རིན་པོ་ཆེའི་གདུང་སྲས་པདྨ་བསྟན་འཛིན། དེའི་གདུང་སྲས་ཁྲི་ཆེན་འཕྲིན་ལས་རྣམ་རྒྱལ། དེའི་གདུང་སྲས་ཁྲི་ཆེན་པདྨ་དབང་ཆེན། དེའི་གདུང་སྲས་ཁྲི་ཆེན་སངས་རྒྱས་ཀུན་དགའ། དེའི་གདུང་སྲས་ཁྲི་ཆེན་ཡིད་བཞིན་དབང་རྒྱལ། དེའི་གདུང་སྲས་ཁྲི་ཆེན་བདེ་ཆེན་མཆོག་གྲུབ་བར་དུ་གདུང་བརྒྱུད་ཟམ་མི་ཆད་པ་བྱོན། གདུང་སྲས་བདེ་ཆེན་མཆོག་གྲུབ་ནས་གཏེར་བདག་གླིང་པའི་གདུང་བརྒྱུད་ཆད་དེ་ཁམས་ཕྱོགས་ཉག་རོང་ཉ་བླ་པདྨ་བདུད་འདུལ་གྱི་དངོས་སློབ་གཏེར་སྟོན་རིག་འཛིན་རྡོ་རྗེ་སྨིན་གྲོལ་གླིང་དགོན་དུ་གདན་རབས་ཀྱི་ཁྲིར་མངའ་གསོལ་མཛད་ནས་དེའི་གདུང་སྲས་ཁྲི་ཆེན་ཀུན་བཟང་བསྟན་འཛིན། དེའི་གདུང་སྲས་ཁྲི་ཆེན་དོན་གྲུབ་དབང་རྒྱལ་སྔར་ལམ་བཞིན་ཁམས་ཕྱོགས་སུ་ཕེབས་ནས་སྐུ་གཤེགས་རྗེས་གཅུང་ངག་དབང་ཆོས་གྲགས་ཀྱིས་སྨིན་གྲོལ་གླིང་གི་ཁྲི་ཆེན་ལྟ་བུ་མཛད་ནས་མཐར་(སྤྱི་ལོ་ 1980)ལོར་ལྷ་སར་སྐུ་གཤེགས། དེ་བཞིན་སྨིན་གྲོལ་གླིང་འདུལ་འཛིན་གྱི་མཁན་ཐོག་དང་པོ་གཅུང་རྒྱལ་སྲས་བསྟན་པའི་ཉི་མ། ལོ་ཆེན་ཆོས་དཔལ་རྒྱ་མཚོ་ནས་བརྒྱུད་དེ་རིམ་བཞིན་མཁན་ཆེན་མཁྱེན་བརྩེ་ནོར་བུའི་བར་མཁན་ཐོག་རིམ་པར་བྱོན།
 

གཞན་ཡང་འདུས་ཚོགས་རྡོར་འཛིན་མཁྱེན་བརྒྱ་ཕུལ་བྱུང་བསླབ་གསུམ་སྡོམ་བརྩོན་ལྡན་པ་རིམ་བྱོན་བཅས་ཀྱིས་འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་སྒོམ་གསུམ། སྒྲུབ་འཕྲིན་ཕྱག་བཞེས་སོགས་གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པར་བཀུར་སྟི་བླ་མེད་ཀྱི་མཛད་བཟང་བསམ་གྱིས་མི་ཁྱབ་པ་བྱུང་། འོན་ཀྱང་གཏེར་ཆེན་གདུང་སྲས་ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྐབས་ཇུན་གར་བས་ཆོས་ལུགས་ཕྱོགས་ཞེན་དབང་གིས་སྨིན་གླིང་དགོན་འདིར་ཉམས་ཆག་ཤུགས་ཆེན་བཏང་སྟེ་ལོ་ཤས་ནང་ཉམས་དམས་སུ་གྱུར། དེ་ནས་རིམ་བཞིན་རྒྱལ་མཆོག་བདུན་པའི་སྐུ་ཚེའི་མཇུག་དང་རྒྱལ་མཆོག་བརྒྱད་པའི་དུས་སུ་སླར་ཡང་སྔ་འགྱུར་བསྟན་པའི་ཆུ་འགོ་སྨིན་གླིང་དགོན་པ་བསྐྱར་གསོ་བྱུང་བ་བཅས་མདོར་ན་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།
 

   གོང་གསལ་མཁན་ཆེན་མཁྱེན་བརྩེ་ནོར་བུ་མཆོག་མདོ་སྔགས་སྤྱི་དང་ཁྱད་པར་གསོ་དཔྱད་ལ་མངའ་བརྙེས་པ་ཞིག་ཡིན་པས་སྤྱི་ལོ་ 1965-1966 བར་རིག་གནས་གསར་བརྗེ་མ་ཚུགས་བར་ལྷོ་ཁ་རྩེད་ཐང་ནས་ཆེད་མངགས་གདན་ཞུས་ཀྱིས་ཏང་དང་སྲིད་གཞུང་ནས་ཁོང་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པའི་ཐོག་ནས་སྨན་རྩིས་ཁང་དུ་ཕྱག་ལས་གནང་ནས་འགྲོ་དོན་འཕྲིན་ལས་བསྐྱངས། དམུ་ཆུའི་བཅོས་ཐབས་ཐུན་མོང་མ་ཡིན་པ་ཆུ་སྨན་གསང་བ་ལྔ་སྦྱོར་གྱི་མྱོང་བྱང་ཟབ་མོ་ངོ་སྤྲོད་ཆེད་དུ། མཁྱེན་བརྩེ་ནོར་བུ་མཆོག་ངོ་མ་རི་ལ་ཕེབས་ནས་གསང་སྨན་གསུམ་ངོས་འཛིན་ངོ་སྤྲོད་མཛད་པ་དང་། དེ་རྗེས་གསང་སྨན་ཁག་གཉིས་ལྷོ་ཁ་དང་ས་གནས་གཞན་ནས་ངོ་སྤྲོད་མཛད་རྩིས་སྐབས་རིག་གནས་གསར་བརྗེའི་གོད་ཆགས་ཀྱིས་མཁས་དབང་དམ་པ་དེ་ཉིད་སྨན་རྩིས་ཁང་ནས་ཞོལ་པར་ཁང་དུ་སྤོ་བཞུགས་མ་གནང་ཀ་མེད་བྱུང་ཞིང་། དེ་སྐབས་དམ་པ་དེ་ཉིད་སྐུ་ཁྲག་མཐོ་ཞིང་སྐུ་རླུང་འཕར་བས་རིང་མིན་གྲིབ་སྐྱོན་ཕོག་ཏེ་མཐར་ (སྤྱི་ལོ 1968 )ལོར་ལྷོ་ཁ་སྨིན་གྲོལ་གླིང་དུ་སྐུ་གཤེགས་སོ།།
 

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།