སྨན་རྩིས་དྲ་བ། - མདུན་ངོས།

གཉན་ནད་ཨི་བོ་ལྰ་ལས་ཐར་ཟིན་པའི་རྒྱལ་ཁབ་གཉིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.10.2014
མདུན་ངོས། >>

 


གཉན་ནད་ཨི་བོ་ལྰ་ལས་ཐར་ཟིན་པའི་རྒྱལ་ཁབ་གཉིས།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཕྱི་ཟླ་༡༠ ཚེས་༡༧ ཉིན་ Senegal དང་། ཚེས་༢༠ ཉིན་ Nigeria སྟེ་ནུབ་ཨཕ་རི་ཀའི་རྒྱལ་ཁབ་དེ་གཉིས་གཉན་ནད་ཨི་བོ་ལྰའི་འགོ་ཁྱབ་ལས་ཐར་ཟིན་པའི་གཞུང་འབྲེལ་གསལ་བསྒྲགས་ཉིན་སོ་སོར་སྤེལ་ཡོད། དེ་ནི་གཉན་ནད་ཨི་བོ་ལྰའི་སྐོར་ལ་བར་སྐབས་ཀྱི་གཏམ་བཟང་ཞིག་ཡིན་པ་དང་། གནས་ཚུལ་དེར་འཛམ་གླིང་རྒྱལ་ཁབ་མང་པོས་དགའ་བསུ་དང་ཁོང་ཚོས་ནད་གཞི་འདིར་གདོང་ལེན་བྱེད་སྟངས་ལ་བསྔགས་བརྗོད་ཀྱང་བྱེད་བཞིན་ཡོད་པ་རེད།

དེ་སྔ་གཉན་ནད་ཨི་བོ་ལྰ་འགོས་ཁྱབ་ཡོད་པའི་ནུབ་ཨཕ་རི་ཀའི་རྒྱལ་ཁབ་དེ་གཉིས་སུ། འདས་པའི་ཉིན་ཞག་ཞེ་གཉིས་ནང་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་པའི་རྒྱུ་མཚན་གྱིས་གཉན་ནད་འདི་བཀག་འགོག་ལེགས་པར་ཟིན་པའི་ངོས་འཛིན་གནང་བཞིན་ཡོད། ཉིན་ཞག་ཞེ་གཉིས་དེ་དམིགས་སུ་བཀར་དགོས་པའི་རྒྱུ་མཚན་ནི། གཉན་ནད་ཨི་བོ་ལྰའི་ནད་རྟགས་ཡོངས་སུ་ལྡང་བའི་དུས་ཚོད་ནི་ནད་འདི་ཕོག་པའི་ཉིན་གཉིས་པ་ནས་ཉེར་གཅིག་ནང་ཚུད་དུ་ཡིན་པ་རེད། གལ་ཏེ་ཉིན་ཞག་ཉེར་གཅིག་ནང་ཚུད་དུ་ནད་རྟགས་གང་ཡང་མ་ལྡང་བ་ཡིན་ན་ནད་ཕོག་མེད་པར་རྩི་བཞིན་ཡོད། དེར་བརྟེན་ངེས་བརྟན་ཡོང་བའི་སླད་དུ་ནད་ལྡང་བའི་ཉིན་ཞག་ཉེར་གཅིག་དེ་ལྡབ་འགྱུར་བྱས་པས་ཞག་པོ་ཞེ་གཉིས་སུ་གྱུར་བ་ཡིན།

གཉན་ནད་ཨི་བོ་ལྰའི་འགོས་ཁྱབ་ལས་ཐར་ཟིན་པའི་ངོས་འཛིན་ཡོང་བར། གཉན་ནད་འདི་ཕོག་ཡོད་པའི་ནད་པ་མཐའ་མ་ངོས་བཟུང་བའི་ཉིན་དེ་ནས་རྩིས་ནས་འབྱུང་འགྱུར་ཉིན་མ་བཞི་བཅུ་ཞེ་གཉིས་ནང་དུ་ཨི་བོ་ལྰའི་གནད་དོན་གཅིག་ཀྱང་མ་འཐོན་པ་ཞིག་ཡིན་དགོས་པ་དང་། ཞག་པོ་ཞེ་གཉིས་བར་སྒུག་དགོས་པའི་དུས་ཚོད་ཀྱི་ཚད་གཞི་འདི་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ངོས་ནས་གཏན་འབེབས་གནང་བ་ཞིག་རེད།

ནུབ་ཨཕ་རི་ཀའི་རྒྱལ་ཁབ་ Nigeria དུ་འདི་ལོའི་ཕྱི་ཟླ་༧ ནང་གཉན་ནད་ཨི་བོ་ལྰ་ཕོག་པའི་ནད་པ་ཐོག་མ་དེ་ངོས་འཛིན་བྱུང་བ་ནས་བཟུང་ཟླ་༡༠ ཚེས་༡༥ བར་དུ་གཉན་ནད་ཨི་བོ་ལྰའི་དོན་རྐྱེན་ཐོ་བཀོད་བྱུང་བ་ཉི་ཤུའི་ནང་ནས་འདས་གྲོངས་སུ་ཕྱིན་པ་བརྒྱད་བྱུང་ཡོད། དེ་བཞིན་ Senegal དུ་ཕྱི་ཟླ་༨ པའི་ནང་དུ་ནད་གཞི་འདི་ཕོག་པ་ནད་པ་གཅིག་པོ་དེ་ཐོག་མར་ངོས་འཛིན་བྱུང་བ་རེད། ད་ཆ་འཛམ་གླིང་ནང་གཉན་ནད་ཨི་བོ་ལྰ་ཡོད་པའི་རྒྱལ་ཁབ་ལྷག་མ་ལྔ་ཡོད་པ་ནི། Guinea དང་ Liberia, Sierra Leone, Spain, United States བཅས་ཡིན།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཨི་བོ་ལྰའི་ནད་པར་ལྟོས་ནས་སྡེ་ཚན་གསུམ་དུ་དབྱེ་བ་འབྱེད་ཡོད། དེ་ནི་ངེས་བརྟན་ཡིན་པ་(Conformed)དང་། འབྱུང་སྲིད་པ།(Probable) དོགས་གཞི་ཅན།(Suspected)བཅས་ཡིན།

དང་པོ་ངེས་བརྟན་ཡིན་པའི་གོ་དོན་ནི། འབྱུང་སྲིད་པ་དང་དོགས་གཞི་ཅན་གྱི་གང་ཟག་དེ་བརྟག་དཔྱད་ཁང་དུ་བརྟག་དཔྱད་ཞུས་པས་ཨི་བོ་ལྰའི་གཉན་སྲིན་ཡོད་པ་ར་སྤྲོད་བྱུང་བ་རྣམས་ལ་ཟེར་བ་ཡིན། གཉིས་པ་འབྱུང་སྲིད་པའི་གོ་དོན་ནི། དོགས་གཞི་ཅན་གྱི་གང་ཟག་འདས་གསོན་ཅི་ཡང་རུང་བ་ཞིག་དང་། ངེས་བརྟན་ཡིན་པའི་གནད་དོན་དང་འབྲེལ་ཐུག་བྱུང་བ་གང་ཞིག་ལ་བརྟག་དཔྱད་བྱས་མེད་པ་དང་། བརྟག་དཔྱད་ཁང་ནས་ར་སྤྲོད་མེད་པ་ཞིག་ལ་ཟེར། གསུམ་པ་དོགས་གཞི་ཅན་གྱི་གོ་དོན་ནི། གང་ཟག་གང་ཞིག་གློ་བུར་དུ་ཚ་བ་དྲག་པོ་འཕར་བ་དང་། སྡེ་ཚན་གསུམ་དུ་འབྱེད་པའི་གང་ཟག་དང་འབྲེལ་ལམ་བྱུང་བའམ། འདས་གྲོངས་སུ་ཕྱིན་པའམ་དུད་འགྲོ་ནད་པར་རེག་ཐུག་བྱས་པ། ཡང་ན། གང་ཟག་གང་ཞིག་གློ་བུར་དུ་ཚ་བ་དྲགས་ཏུ་འཕར་བ་དང་། གཤམ་གསལ་གྱི་ནད་རྟགས་རྣམས་ལས་ཉུང་མཐར་གསུམ་ཙམ་སྟོན་པ་ལ་ཟེར། དེ་རྣམས་ནི། མགོ་ནད། སྐྱུགས་པ། དང་ག་བརླག་པ། བཤལ་བ། སྙོམ་ལས། ཕོ་བ་གཟེར་བ། ཤ་སྒྲིམ་དང་ཚིགས་གནད་གཟེར་བ། མིད་དཀའ་བ། དབུགས་འབྱིན་རྔུབ་དཀའ་བའམ་སྐྱིགས་བུ། ཡང་ན་ཁྲག་ཟགས་པ་འམ་གློ་བུར་དུ་འདས་གྲོངས་སུ་ཕྱིན་པ་བཅས་ཡིན།

དེ་བཞིན་ཡུལ་གྱི་ཆ་ནས་སྡེ་ཚན་གཙོ་ཆེར་གཉིས་སུ་དབྱེ་ཡོད་པ་ནི། དང་པོ་གཞི་རྒྱ་ཆེ་བ་དང་ཁྱབ་གདལ་དྲག་པོ་ཡོད་པའི་རྒྱལ་ཁབ་ཁག་ནི། Guinea དང་ Liberia, Sierra Leone གསུམ་ཡིན་ལ་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སུ་འགྲོ་མཁན་མང་ཤོས་དེ་ཆགས་ཡོད། གཉིས་པ་འགོ་སྟོད་ཀྱི་གནད་དོན་ཡོད་པའམ། ས་ཁུལ་བཅད་མཚམས་ཞིག་ནང་འགོ་ཁྱབ་ཡོད་པའི་རྒྱལ་ཁབ་ཁག་ནི། Nigeria, Senegal, Spain དང་ཨ་རི་བཅས་ཡིན། དེའི་ནང་ནས་ Nigeria དང་ Senegal གཉིས་ནང་ཨི་བོ་ལྰ་གཙང་མ་བཟོས་ཟིན་པ་དང་། འབྱུང་འགྱུར་ཉིན་ཤས་ནང་དུ་ Spain དང་ཨ་རི་གཉིས་ཀྱང་དེ་བཞིན་གཙང་མ་ཆགས་རྒྱུ་ཡིན་པ་མང་པོ་ཞིག་གིས་རེ་བ་རྒྱག་བཞིན་ཡོད། སྤྱིར་གཉན་ནད་ཨི་བོ་ལྰ་འདི་གོ་ལ་སྤྱི་ཡོངས་ནས་རྩ་མེད་མ་གྱུར་བར་དུ་ལན་གཅིག་རང་གི་ཡུལ་ཕྱོགས་ནས་མེད་པ་བཟོས་ཀྱང་བྱ་ར་ལ་ལྷོད་གཡེང་ཤོར་ན་སླར་ཡང་ཁྱབ་གདལ་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་ཡོད་བཞིན་པ་ཡིན།


གནས་ཚུལ་གསར་པ།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གཉན་ནད་ཨི་བོ་ལྰའི་གནས་སྟངས་ཐོག་མཐའ་མའི་སྙན་ཐོ་དེ་ཟླ་༡༠ ཚེས་༢༥ ཉིན་སྤེལ་ཡོད། དེའི་ནང་ཟླ་འདིའི་ཕྱི་ཚེས་༢༣ ཉིན་ནུབ་ཨཕ་རི་ཀའི་རྒྱལ་ཁབ་Mali ནང་དུ་ངེས་བརྟན་ཡིན་པའི་ཨི་བོ་ལྰའི་ནད་པ་(བུ་མོ་ལོ་གཉིས་ལོན་པ་)གཅིག་གསར་དུ་ངོས་འཛིན་བྱུང་ཡོད་པས་ད་ཆ་འཛམ་གླིང་ནང་གཉན་ནད་ཨི་བོ་ལྰས་མནར་བཞིན་པའི་རྒྱལ་ཁབ་དྲུག་ཆགས་ཡོད། སྙན་ཐོ་དེའི་ནང་གསལ་ལྟར་ན། ཟླ་༡༠ ཚེས་ ༢༣ བར་དུ་ངེས་བརྟན་ཡིན་པ་དང་། འབྱུང་སྲིད་པ་ཡིན་པ། དོགས་གཞི་ཡོད་པ་བཅས་ཀྱི་གནད་དོན་ཐོ་བཀོད་བྱུང་བ་ཁྱོན་བསྡོམས་ ༡༠༡༤༡ ནང་ནས་ནད་པ་ ༤༩༢༢ འདས་གྲོངས་སུ་ཕྱིན་པ་གསལ་ཡོད།།

མཐའ་མའི་འདོན་ཐེངས་།: 26.11.2014 ཉིན། 11:34 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།