སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.11.2017
གསོ་རིག་མཁས་དབང་རིམ་བྱོན། >>


ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།  

- བྱམས་པ་འཕྲིན་ལས།
 

            ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་ཆུ་བྱ་(སྤྱི་ལོ་1813)ལོ་ཟླ་བཅུ་པའི་ཚེས་བཅུ་ལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་གནས་མཆོག་པདྨ་ལྷ་རྩེའི་མདུན་རོལ་དུ་ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་དང་། ཡུམ་བཀྲ་ཤིས་མཚོ་བྱ་བའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་སྐབས་ནས་ཐུགས་ཀྱི་བག་ཆགས་བཟང་ཞིང་། ཤེས་རབ་རྣམ་པར་བཀྲ་ལ། ཐུགས་རྒྱུད་ཞི་དུལ་ལ་གནས་པ་སོགས་སྐྱེ་བོ་མང་པོའི་ཐོས་འཛིན་དང་། འདྲེན་བྱེད་ཀྱི་ཡུལ་དུ་སྙན་ཞིང་མཛེས་པའི་གྲགས་པ་ལྷན་སྐྱེས་སུ་འཆར་བ་བྱུང་། སྐུ་ན་སོན་པའི་དུས་སུ་སྨན་གཞུང་རྒྱུད་བཞི་བློ་འཛིན་གནང་ཞིང་། ཀརྨ་ཕུན་ཚོགས་ལས་ལྡུམ་བུ་ངོ་སྤྲོད་མཛད།
 

            དེ་རྗེས་ཀརྨ་ངེས་དོན་གྱིས་ཆེད་བསྐུལ་གནང་བ་ལྟར་མདོ་རྒྱུད་དགོངས་འགྲེལ་མཐའ་ཡས་པར་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་ཕྱིར་ཞེ་ཆེན་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ལྔ་བཅུ་ཙམ་གྱི་ཞབས་ལ་གཏུགས་པ་དང་། སྨན་དཔྱད་སྐོར་ཀརྨ་ཚེ་དབང་རབ་བརྟན་ལས་གསན་པ་བཅས་ཀྱིས་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པ་དང་། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁྱེན་པའི་ཐུགས་ཀྱིས་དགོངས་པ་དང་། བརྕེ་བའི་སྤྱན་གྱིས་གཟིགས་ཏེ་ལུང་རིགས་དཔྱད་པ་གསུམ་གྱི་སྒོ་ནས་གསུང་རྩོམ་པོ་ཏི་དགུ་བཅུ་ཙམ་སྐལ་ལྡན་རྗེས་སུ་བཟུང་ཕྱིར་བཀའ་དྲིན་བསྩལ། དེའི་ནང་ནས་ཐུན་མོང་རིག་གནས་དགུ་དང་། ཐུན་མིན་ནང་རིག་པའི་གནད་རྣམས་ཚང་ལ་མ་ནོར་བ་སྟོན་པ། 《ཤེས་བྱ་མཛོད》ཅེས་པ་འདི་ཉིད་ཡིན་ཞིང་། སྐབས་དོན་གསོ་རིག་དང་འབྲེལ་ན། དེའི་ནང་ཚན་བཞི་པ་རིག་གནས་ཞར་བྱུང་དང་བཅས་པའི་བྱུང་བ་བརྗོད་པའི་ནང་གསོ་རིག་གི་ལོ་རྒྱུས་སྐོར་ལ། ཐོག་མར་སུ་ཞིག་གིས་དྲན་ཅིང་གང་ལས་བརྒྱུད་པ་དང་། བར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ། ཐ་མར་རྒྱ་བོད་དུ་ཇི་ལྟར་དར་ཚུལ་གསུམ་ལ་བསྡུས་ནས་ཁོག་ཕུག་པར་མཛད། ལྷག་པར་གསོ་རིག་རྒྱུད་བཞིའི་བྱུང་ཚུལ་སྐོར་ལ། རྒྱུན་སྲོལ་ཀུན་འདུས་གཡུ་ཐོག་སྨན་གྱི་བླར། །དཔལ་ལྡན་ཕྲེང་བས་གསང་མཛོད་དངོས་སུ་བསྩལ། །ཡུལ་ཀུན་གདམས་པའི་བཅུད་བླངས་རྒྱུད་ཆེ་ཆུང་། །ཐུན་མོང་ཁྱད་པར་ཆོས་འཁོར་བསྐོར་བ་ལས། །ཞེས་པའི་འགྲེལ་པར་ཡན་ལག་བརྒྱད་པའི་བཤད་རྒྱུན་ཀྱི་སྲོལ་ཀ་ཡོངས་སུ་རྫོགས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་འདུས་ཤིང་བབས།
 

            དེའང་ཕྱི་ལྟར་ན་རིག་པའི་གནས་ལྔ་ལ་མཁས་པའི་པཎྜིཏ་ཆེན་པོ། ནང་ལྟར་ན་འཕགས་པའི་ས་ལ་བཞུགས་པའི་རྡོ་རྗེ་འཛིན་པ་ཆེན་པོ། གསང་བ་ལྟར་ན་བོད་ཀྱི་གདུལ་བྱ་འདུལ་བའི་དོན་དུ་བཅོམ་ལྡན་འདས་སྨན་གྱི་བླ་མ་ཉིད་སྨན་པའི་གཟུགས་སུ་སྤྲུལ་པ་ཡིན་ལ། སྣང་ཚུལ་ཙམ་དུ་འཛམ་བུ་གླིང་ཀུན་ཏུ་རྫུ་འཕྲུལ་གྱིས་ཕེབས། ཁྱད་པར་འཕགས་ཡུལ་དུ་ལན་དྲུག་ཕེབས། ཨོ་རྒྱན་ནས་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བས་ཡན་ལག་བརྒྱད་པ་དང་། ལྕང་ལོ་ནག་པོའི་རྒྱུད་སོགས་གདམས་པའི་གསང་མཛོད་གཏད། གཞན་ཡང་ལྷ་དང་མིའི་དྲང་སྲོང་ཆེན་པོ་རྣམས་དངོས་སུ་མཇལ་ནས་གསོ་དཔྱད་ཀྱི་གདམས་པ་བསྩལ། འཛམ་གླིང་དང་སིངྒ་ལ་སོགས་གླིང་ཕྲན་དང་བཅས་པའི་ཡུལ་ཀུན་གྱི་མན་ངག་དང་། མཁས་གྲུབ་རྣམས་ཀྱི་གདམས་པའི་བཅུད་བླངས་ནས་སྐུ་ཚེའི་སྟོད་ལ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་། ལེའུ་དང་པོའི་འགྲེལ་པ་སོགས་མཛད།
 

            སྐུ་ཚེའི་སྨད་ལ་རྫུ་འཕྲུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། གཞུང་ཐམས་ཅད་ཀྱི་དོན་བསྡུས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཆེན་བཞི། རྒྱུད་ཆུང་བདུད་རྩི་སྙིང་པོ། ཆ་ལག་འགའ་ཞིག་བཅས་མཛད། ཐུན་མོང་གསོ་དཔྱད་དང་། ཁྱད་པར་སྐལ་པ་མཆོག་དང་ལྡན་པའི་སློབ་མ་སུམ་སྟོན་ཡེ་ཤེས་གཟུངས་ལ་གསང་བ་སྙིང་ཐིག་གི་ཆོས་འཁོར་བསྐོར་ཏེ་རྒྱུད་བཞི་སྙིང་ཐིག་དང་བཅས་པ་ལོ་བཅུ་གཉིས་སུ་བཀའ་རྒྱས་བཏབ་ནས་བསྩལ། དེ་ལྟར་རྒྱུད་བཞི་ལ་བཀའ་དང་བསྟན་བཅོས་གང་རུང་ལ་འདོད་པ། གཉིས་ཀར་འདོད་པ། བསྟན་བཅོས་ལའང་འདོད་ལུགས་མི་གཅིག་པ་དུ་མ་བྱུང་ཡང་། ཕྱི་ལྟར་ན་རྒྱལ་བའི་བཀའ། ནང་ལྟར་ན་གཏེར་མའི་སྲོལ། གསང་བ་ལྟར་ན་གཡུ་ཐོག་པ་ཉིད་ཀྱི་གསུང་དུ་འདོད་པ་ཉིད་ལེགས་པའི་ཕྱོགས་སུ་རྗེ་བསྟན་པའི་ཉིན་བྱེད་ཡབ་སྲས་སོགས་ཀྱིས་བཞེད་པ་ཡིན་ཏེ། གང་ཟག་མཆོག་དམན་མེད་པར་ཕན་ཐོགས་ཤིང་རང་རྐྱ་ཐུབ་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་དང་མཚུངས་པ་བོད་གངས་ཅན་གྱི་ལྗོངས་སུ་མ་བྱུང་བའི་ཕྱིར་དང་། བེེ་རོས་སྦས་པའི་གཏེར་གྲ་པ་མངོན་ཤེས་ཀྱིས་རྩ་བ་ཙམ་ཕྱུང་ནས་གཡུ་ཐོག་པ་ལ་གཏད་པའང་མི་འགལ་ཏེ་འབྲེལ་ཆགས་པའི་ཕྱིར་དང་། གསུམ་པ་ནི། སྙིང་ཐིག་གི་ལོ་རྒྱུས་ངེས་ཤེས་འདྲེན་བྱེད་ལས་དངོས་སུ་གསུངས་པར་མ་ཟད། རྒྱུད་རང་ལ་བརྟགས་ན་དེ་ལྟར་འཐད་པར་གྲུབ་པའི་ཕྱིར་རོ། །ཞེས་བོད་ཀྱི་གསོ་རིག་རྒྱུད་བཞི་གཡུ་ཐོག་རང་གིས་མཛད་པར་བཞེད། དེ་མིན་《རིན་ཆེན་གཏེར་མཛོད།》ཅེས་པ་གཏེར་སྟོན་སངས་རྒྱས་བླ་མ་གླིང་པ་ནས་གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན་རྣམས་དང་། དུས་ཕྱིས་ཀྱི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཆོག་གྱུར་བདེ་ཆེན་གླིང་པའི་བར་བཅས་གཏེར་སྟོན་ཉིས་བརྒྱར་ཉེ་བའི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་གཅིག་ཏུ་དྲིལ་བ་པུ་ཏི་དྲུག་ཅུ་ལྷག་ཙམ་ཡོད་པ་འདིའི་ནང་། གཉན་རིམས་སྣ་ཚོགས་སྔོན་འགོག་དང་། བཅོས་ཐབས་རྣམ་གྲངས་མང་ཞིང་ཕན་པ་ཆེ་བ་མང་པོ་དང་། དམུ་ཆུའི་བཅོས་ཐབས། མཛེ་ནད་བཅོས་ཐབས་སོགས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་སྐོར་ཤིན་ཏུ་རྒྱ་ཆེ་བས་སྔ་ཕྱིར་ཁམས་ཕྱོགས་སྡེ་དགེ་དང་། མཚུར་ཕུ་དགོན་དུ་ཤིང་པར་བརྐོས་ནས་དར་ཁྱབ་ཅི་ཆེར་བྱུང་།
 

            ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་སྐུ་ཚེ་གཅིག་རིང་མདོ་སྔགས་ཀྱི་གཞུང་བཤད་ལན་གྲངས་དུ་མ་བསྩལ་བ་དང་ཆབས་ཅིག་སྨན་དཔྱད་ཀྱི་འགྲོ་དོན་ཕྱོགས་རིས་སུ་མེད་པར་བསྐྱངས་ཏེ་ཐུགས་བསྐྱེད་དགེ་བ་རྒྱ་མཚོའི་ཕ་རོལ་དུ་སོན་པར་བརྟེན་དགུང་ལོ་བརྒྱད་ཅུ་ཙམ་ཕེབས་ཀྱང་། ཕྱི་རབས་ཀྱི་སྨན་པ་རྣམས་ལ་སློབ་དཔོན་གོང་མ་རིམ་བྱོན་དང་། རང་གི་མྱོང་བྱང་མན་ངག་ཕྱོགས་བསྒྲིགས་མཛད་ནས། 《ཟིན་ཏིག་གཅེས་བསྡུས་བདུད་རྩི་ཐིགས་པ།》ཞེས་པ་ཁྱབ་སྤེལ་དང་འབྲེལ། རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ། །མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ། །ཟང་ཟིང་དོན་གཉེར་སྨན་པའི་མིང་འཛིན་ལ། །འདི་འདྲས་དོན་དུ་འགྱུར་སྙམ་འབད་པས་འགོད། །ཅེས་པའི་ཞལ་གདམས་སྙིང་གི་ནོར་བུ་དང་འདྲ་བ་གསུངས་ནས་བཟུང་ཀོང་སྤྲུལ་ཟིན་ཏིག་ཅེས་པ་འདི་ནི་ཁམས་ཕྱོགས་ཙམ་དུ་མ་ཟད། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་པའི་བོད་རིགས་སྨན་པ་རྣམས་ཀྱིས་བེད་སྤྱོད་ཤུགས་ཆེན་བྱེད་པ་དང་། རང་ཅག་སྨན་པ་རྣམས་ལ་རྒྱས་བསྡུས་འཚམས་ཤིང་ལག་ལེན་བདེ་བའི་སྨན་དཔེ་ཡག་ཤོས་ཤིག་ཡིན་སྟབས་སྔོན་ཆད་སྡེ་དགེ་དང་། ལྷ་ས་སྨན་རྩིས་ཁང་གཉིས་ལ་ཤིང་པར་བརྐོས་ཡོད་པ་དང་། (སྤྱི་ལོ་1975)ལོ་མཚོ་སྔོན་ས་ཁུལ་ནས་ལྕགས་པར་བརྒྱབ་ཏེ་འགྲོ་ཕན་ཧ་ཅང་ཆེ་བ་བྱུང་།
 

            དེ་ལྟར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་དཔལ་སྤུངས་ཆོས་འཁོར་གླིང་དུ་བཤད་གྲའི་གཙོ་སྐྱོང་མཛད་སྐབས་དང་། དེ་མིན་ཟབ་རྒྱས་གསུང་གི་བདུད་རྩིའི་དཔལ་ལ་ལོངས་སྤྱོད་པའི་ཐུགས་སྲས་དུ་མའི་ནང་ནས་གཙོ་ཆེ་བ་ནི་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་། བཅོ་ལྔ་པ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་རྣམ་རྒྱལ་རྒྱ་མཚོ། བྲག་ཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ། ངག་དབང་ཆོས་གྲགས་རྒྱ་མཚོ། ལྷག་བསམ་བསྟན་པའི་རྒྱལ་མཚན། བཀྲ་ཤིས་ཆོས་འཕེལ། སྨན་དཔྱད་འགྲོ་དོན་ཤིན་ཏུ་ཆེ་བ་ཀུ་སེ་གསེར་ལྗང་ཞབས་དྲུང་སྤྲུལ་སྐུ་སོགས་ཀྱིས་གྲུབ་མཐའ་རིས་མེད་དང་། ལྷག་པར་གསོ་དཔྱད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་རྒྱས་སུ་མཛད་པ་བཅས་མཐར་ཀོང་སྤྲུལ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུ་གྱ་བདུན་ཐོག་ཞིང་འདིར་སྐུ་ཚེ་དེའི་གཞན་ཕན་གྱི་མཛད་པ་རེ་ཞིག་རྫོགས་ནས་སྐུའི་སྤྲོས་པ་བསྡུས་སོ།།
 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།


 

མཐའ་མའི་འདོན་ཐེངས་།: 13.11.2017 ཉིན། 12:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

ལེའུ་དགུ་པ། འོར་ནད་གསོ་བ།